རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:04:24     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

90826978328408125.jpg

                      སྐྱེ་བོ་གཞན་དག་ལྟ་ཅི་སྨོས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་ལ་ལེགས་པར་སྦྱངས་པའི་མཁས་པ་རློམ་པ་ཕལ་མོ་ཆེ་ཡང་ཚེ་འདིའི་སྣང་ཤས་ཀྱིས་བསླུས་ནས་རྙེད་བཀུར་སྙན་གྲགས་སྒྲུབ་པ་ལྷུར་ལེན་པ་མང་པོ་ཞིག་གཟིགས་པས་ཐུགས་ལྷག་པར་སྐྱོ་ནས། རང་ལ་བསྐུལ་བའི་ཚུལ་དུ་གསུང་མགུར་འདི་ལྟར་མཛད་དེ། གནས་འཁོར་བའི་གནས་ཚུལ་སྙིང་ནས་དྲན། །མ་དྲིན་ཅན་བློ་ཡི་ཕུག་ཏུ་བཅུག །ལམ་ཐབས་ཤེས་ཟུང་འབྲེལ་ཉམས་ལེན་ལས། །དུས་ནམ་ཡང་གཡོ་མེད་བླ་མར་འདུད། །ཀྱེ་ཉོན་དང་ཅོལ་ཆུང་འགལ་འདུ་མཁན། །མིང་བླ་མ་དགེ་བཤེས་དགེ་སློང་ཟེར། །ལུས་དགེ་སྦྱོང་ཆ་ལུགས་མཚར་པོས་བརྒྱན། །གནས་དབེན་པར་འདུག་ཁྱོད་བསམ་བློ་ཐོངས། ཁྱོད་བྱུང་ན་བསུ་ཞིང་སོང་ན་སྐྱེལ། ཁྱོད་འདུག་ན་གདན་འདིང་རྙེད་བཀུར་འབུལ། །ཕར་ཆོས་འཆད་སྐྱབས་འཇུག་ཕྱག་དབང་སྟེར། ཁྱོད་རང་ཚོད་བཟུང་ལ་རང་ལམ་ཚོལ། །རྒྱུད་གོང་མར་གྱུར་ལ་བླ་མ་ཟེར། །གཞན་དགེ་བར་སྦྱོར་ལ་དགེ་བཤེས་ཟེར། །ལམ་ལེགས་པར་འཚོལ་ལ་དགེ་སློང་ཟེར། །སེམས་འདོད་སྲེད་སྤོང་ཕྱིར་ངུར་སྨྲིག་གྱོན། །ཆོས་རྩེ་གཅིག་སྒྲུབ་ཕྱིར་དབེན་པ་བསྟེན། །དོན་དེ་རྣམས་རང་ལ་ཚང་བའི་ཕྱིར། །མི་རང་ལ་རང་གིས་མ་བསྐུལ་ན། །མིང་བླ་མ་ཡོན་ཏན་འདྲེ་བས་ཆུང༌། །མིང་དགེ་བཤེས་བྱེད་སྤྱོད་ཁྱིམ་པ་དངོས། །མིང་དགེ་སློང་སྤྱོད་པ་ཁྱི་ཕག་འདྲ། །ཕྱི་དགྲ་བཅོམ་ནང་དོན་ཉོན་མོངས་མཚོ། ཁྱོད་ཕྱི་ནང་མི་མཚུངས་བརྟག་དཀའ་བས། །ཀུན་འཁྲུལ་ནས་ཁྱོད་ལ་རེ་འཆའ་ཡང༌། ཁྱོད་སྔོན་བཞིན་ཀུན་སྤྱོད་འདི་བསྟེན་ན། །མིང་བླ་མ་ཟེར་ཡང་ཆོམ་རྐུན་པ། །མིང་དགེ་བཤེས་ཟེར་ཡང་སྡིག་པའི་གྲོགས། །མིང་དགེ་སློང་ཟེར་ཡང་མི་ནག་པ། །ལུས་སེར་གོས་གྱོན་ཡང་ཝ་སྐྱེས་འདྲ། །གནས་དབེན་པར་འདག་ཀྱང་སྤྱང་ཀི་འདྲ། ཁྱོད་ཕལ་ཆེར་ཁྱི་རྐུན་ལྟར་འཁྱམས་ནས། །མི་དྲག་ཞན་དུ་མའི་སར་ཕྱིན་ཏེ། །ཐབས་ཁ་གསག་གཞོགས་སློང་སྣ་ཚོགས་ཀྱིས། །ཟས་རྙེད་པ་ཅུང་ཟད་བྱུང་བ་རྣམས། །གནས་དབེན་པར་དགའ་འདུན་བག་མེད་སྤྱོད། །གྲོགས་ཚངས་སྤྱོད་སྐྱོན་དང་ཆགས་སྡང་གཏམ། །དུས་ཉིན་མཚན་ཐུན་མཚམས་འདས་འདས་སྨྲ། །སེམས་འདོད་ཡོན་མྱོས་ཆུས་མྱོས་པའི་མཐུས། །ལུས་བྱ་མིན་སྤྱོད་ལ་ངོ་ཚ་མེད། །ངག་བཙོག་གཏམ་སྨྲ་ལ་ངོ་ཚ་མེད། །སེམས་ཚུལ་མིན་ཡིད་བྱེད་གཉེན་པོ་མེད། །ལས་རྒྱུ་འབྲས་བསམས་ནས་འཛེམ་འདོད་མེད། །རང་ཁས་བླངས་དྲག་ནས་སྡོམ་སེམས་མེད། །རྗེ་བླ་མའི་དྲུང་དུ་གནོང་སེམས་མེད། །གྲོགས་ཚངས་སྤྱོད་འདུས་ཀྱང་ཁྲེལ་གཞུང་མེད། །རང་ཆོས་ལ་བསྐུལ་ཡང་ཉན་འདོད་མེད། །མི་རང་ལ་རང་གིས་ཤ་ཚ་མེད། །ཆོས་བླང་དོར་ཤེས་པའི་ཤེས་རབ་མེད། །མར་འཁོར་བའི་གནས་ལ་སྐྱོ་བ་མེད། །ཡར་ཐར་པའི་གོ་འཕང་ཐོབ་འདོད་མེད། །མ་སེམས་ཅན་ཀུན་ལ་སྙིང་རྗེ་མེད། །མེད་བཅུ་གསུམ་འཛོམ་ལ་སངས་རྒྱས་མེད། །དེར་མ་ཟད་ཐར་པའི་གོ་འཕང་མེད། །དེར་མ་ཟད་ཕྱི་མ་མཐོ་རིས་མེད། །དེར་མ་ཟད་ཚེ་འདིའི་མི་ཆོས་མེད། །ཡོད་དགོས་པ་གཅིག་ཀྱང་མེད་བཞིན་དུ། །ཀུན་འཛོམ་པའི་མཁས་བཙུན་མང་པོའི་གྲར། །སྙེགས་ནུས་པ་ཨེ་མའོ་ངོ་མཚར་ཆེ། །ཚེ་བློས་བཏང་ཐར་པ་དོན་གཉེར་གྲར། །མཚར་ནུས་པ་ཨེ་མའོ་ངོ་མཚར་ཆེ། །རྒྱུད་སྡོམ་གསུམ་ལྡན་པའི་རབ་བྱུང་གྲྭར། །འདུག་ནུས་པ་ཨེ་མའོ་ངོ་མཚར་ཆེ། ཁྱོད་འབྲས་བུ་མེད་པའི་པྲེ་ད་ཡག ཁོང་ལོ་ཡག་སྙེ་མའི་གྲར་ཆུད་མཚར། །ཞེས་སོ། །དེ་ནས་བླ་མ་རིན་པོ་ཆེ་ཉིད་དགུང་ལོ་ལྔ་བཅུར་ཕེབས་པ་ལྕགས་མོ་ཕག་གི་ལོར་གཙང་དུ་ཕེབས་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ཞལ་མཇལ། མཎྜལ་ཕུལ་ཏེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་མཛད།

                    དེའི་ཚེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་བླ་མ་རིན་པོ་ཆེ་འདི་ལ་ཐུགས་དགྱེས་པ་ཆེན་པོས་གྲྭ་ས་འདིའི་དགེ་འདུན་ཆོས་དོན་གཉེར་ཅན་རྣམས་ལ་ལམ་རིམ་ཆེན་མོའི་བཤད་ལུང་ཞིག་མཛོད་ཅེས་བཀས་བསྐུལ་ཏེ་བླ་མ་རིན་པོ་ཆེ་འདིས་བདེ་ལེགས་ཁང་གསར་དུ་དགེ་འདུན་ལྔ་བརྒྱ་སྐོར་ལ་ལམ་རིམ་གྱི་ཁྲིད་དང༌། ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པ་ཞིག་མཛད། དེ་ནས་སྣར་ཐང་དུ་ཕེབས་སྣར་ཐང་གི་དགེ་འདུན་རྣམས་ལའང་ཆོས་ཀྱི་བདུད་རྩི་སྩལ་ཞིང་སྣར་ཐང་གི་འདུ་ཁང་ཆེན་མོར་གློ་བུར་དུ་ཀ་བ་ཞིག་གིས་མདུན་དུ་དམ་བཅའ་འཇོག་མཁན་གཞན་ཞིག་ཡོད་པ་ལྟར་དུ་བཞེངས་ཏེ་བགྲོ་གླེང་གཏོང་བར་མཛད། འཁོར་གསུམ་བསྐོར་ཞིང་ལུང་རིགས་ཀྱི་ང་རོ་ཆེས་ཆེར་བསྒྲགས་ཏེ་ཐལ་སྐད་ཀྱང་ཆེས་ཆེར་འདོན་པར་མཛད། དེར་འཁོད་པའི་སྐྱེ་བོ་རྣམས་ནི་ངོ་མཚར་ཞིང་རྩེད་མོའི་འདུ་ཤེས་ཀྱིས་གད་མོ་བྱེད་པ་ལས་རྒྱུ་མཚན་གཞན་གང་ཡང་མ་བསམས། དུས་ཕྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་བླ་མ་རིན་པོ་ཆེས་སྔ་སོར་སྣར་ཐང་དུ་ཕེབས་དུས་དེ་འདྲ་མཛད་འདུག་པ་དེ་ཅི་ཡིན་ཞུས་པར་བླ་མ་རིན་པོ་ཆེ་འདི་པའི་ཞལ་ནས་དེ་དུས་འདུལ་བ་འཛིན་པའི་ཉམས་ཤིག་ཤར་ནས་དེ་ལྟར་བྱས་པ་ཡིན་གསུངས་བྱུང་ཞེས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་ལས་བདག་གི་དངོས་སུ་ཐོས་སོ། །དེ་ཡང་བླ་མ་རིན་པོ་ཆེ་འདི་པ་ལ་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ལྷག་པར་དད་ཞེན་ཆེ་བ་ཞིག་བྱེད་པ་དེ་ལ་འགའ་ཞིག་གིས་འདི་ཅི་ཡིན་སྙམ་དུ་བརྟགས་པ་ན། དགེ་བའི་བཤེས་གཉེན་འགའ་ཞིག་གིས་བླ་མ་རིན་པོ་ཆེ་འདི་འདུལ་འཛིན་བློ་གྲོས་སྦས་པ་དང་ཐུགས་རྒྱུད་གཅིག་ཅིང་འདུལ་འཛིན་བློ་གྲོས་སྦས་པ་ནི་རྗེ་དགེ་འདུན་གྲུབ་ཀྱི་སྲས་ཀྱི་ཐུ་བོ་བཀྲ་ཤིས་ལྷུན་པོའི་དགོན་གནས་ཐོག་མར་འདེབས་པ་དང༌། དགོན་གནས་བཏབ་ནས་དགེ་འདུན་སྡེ་སྐྱོང་བ་དང༌། རྗེ་དགེ་འདུན་གྲུབ་ཞིང་གཤེགས་ནས་ཀྱང་དགོངས་རྫོགས་དང་དགེ་འདུན་གྱི་སྡེ་མི་ཉམས་པར་སྐྱོང་བའི་ཞལ་བཀོད་མཛད་པ་སོགས་དགོན་གནས་འདི་ལ་བཀའ་དྲིན་ཟླ་མེད་དུ་ཆེ་བ་ཞིག་ཡིན་པས་དགོན་གནས་འདིའི་གྲྭ་པ་རྣམས་པཎ་ཆེན་ཐམས་ཅད་མཁྱེན་པ་མ་གཏོགས་གཞན་སུ་བྱུང་ལ་མགོ་མི་གཏོད་པ་ཞིག་ཡིན་པ་ལ་བླ་མ་རིན་པོ་ཆེ་འདི་པ་ལ་དད་གུས་ལྷག་པར་ཆེ་བ་འདི་དེའི་རྟེན་འབྲེལ་གྱི་ཡིན་ཞེས་གླེང་བ་བྱུང་སྟེ། དེ་ནི་འདི་ལྟར་དོན་ལ་གནས་སམ་སྙམ་སྟེ། བླ་མ་རིན་པོ་ཆེ་འདི་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་ལ་དེ་ལྟར་གསུངས་པ་དང༌། དུས་རྒྱུན་དུའང་བྱང་སེམས་འདུལ་དཀར་བས་འདི་ལྟར་མཛད་ཅེས་འདུལ་འཛིན་བློ་གྲོས་སྦས་པའི་མཛད་པ་རྣམས་ཐུགས་རྒྱུས་ཤིན་ཏུ་ཞིབ་པ་ཞིག་ཡོད་པ་ལྟར་གསུངས་པ་ཡང་དང་ཡང་དུ་ཐོས་སོ།

                    དེ་ནས་དགུང་ལོ་ལྔ་བཅུ་ང་གཉིས་སུ་ཕེབས་པ་ཆུ་མོ་གླང་གི་ལོ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བླ་མ་དོན་ཡོད་མཁས་གྲུབ་ལ་ལམ་རིམ་ཆེན་མོའི་བཤད་ལུང་གི་གསོལ་བ་བཏབ་སྟེ་ལྷ་ལྡན་རྒྱུད་ཁང་ལྕང་ལོ་ཅན་དུ་ཕྱོགས་འདུས་ཀྱི་དགེ་འདུན་བརྒྱད་བརྒྱ་སྐོར་ལ་ལམ་རིམ་ཆེན་མོའི་བཤད་ལུང་གནང་བའི་ཚེ་བླ་མ་དོན་ཡོད་མཁས་གྲུབ་རིན་པོ་ཆེས་གུང་ཡོལ་ནས་ཉི་རྒས་ཀྱི་བར་ལ་ལམ་རིམ་ཆེན་མོའི་བཤད་ལུང་གནང༌། དེ་སྐབས་བླ་མ་རིན་པོ་ཆེ་འདི་པའང་ཕེབས་ནས་སྔ་དྲོའི་ཆ་ལ་བླ་མ་རིན་པོ་ཆེ་འདི་པས་རྨི་རུར་ལམ་རིམ་བདེ་ལམ་གྱི་ཁྲིད་དང༌། ཞལ་ལུང་གི་ཁྲིད་དང༌། བློ་སྦྱོང་གི་ཁྲིད་སོགས་བླ་མ་མཁས་གྲུབ་རིན་པོ་ཆེའི་བཤད་ལུང་མ་རྫོགས་ཀྱི་བར་སྔ་དྲོའི་ཆར་ཆོས་བཀའ་རྒྱ་ཆེར་སྩལ། དེ་ནས་བླ་མ་རིན་པོ་ཆེ་འདི་དགུང་ལོ་ལྔ་བཅུ་ང་གསུམ་དུ་ཕེབས་པ་ཤིང་ཕོ་སྟག་གི་ལོ་གཙང་དུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་ལ་བརྟན་བཞུགས་འབུལ་བར་མཛད།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།