རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-08 11:01:08     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 97058295108396316.jpg

                    དེ་ནས་ཡར་ཕེབས་ཏེ་ཕུར་བུ་ལྕོག་ཉིད་དུ་བཤད་སྒྲུབ་ཀྱིས་དུས་འདའ་བར་མཛད་ཅིང༌། བར་སྐབས་ཤིག་སྙིགས་མའི་སྐྱེ་བོ་དག་གི་སྤྱོད་ཚུལ་ངན་པ་སྣ་ཚོགས་བྱུང་བས་ཐུགས་ཡིད་ཕྱུང་ཞིང༌། དེ་ནས་གསུང་ངག་བཅད་དེ་ཟླ་བ་མང་པོའི་བར་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་མཚམས་ལ་བཞུགས་པས་ཉམས་རྟོགས་ལྷག་པར་འཕེལ་ཞིང་ཐུགས་རབ་ལྷག་པར་རྒྱས་ཏེ་གཞུང་ལུགས་ཀྱི་དོན་གང་དང་གང་ལའང་བློ་གྲོས་ཀུ་ཤའི་རྩེ་ལྟར་རྣོ་ཞིང་ཕྲ་བས་དོན་གྱི་གཏིང་དཔོག་ནུས་པ་དང་རང་དང་གཞན་གྱི་ཚེ་རབས་མང་པོ་དྲན་པ་དང༌། ལྷག་པར་སྙིགས་མའི་དུས་སུ་མི་དགེ་བའི་བདག་འབྲས་བདོ་བས་ལོག་སྤྱོད་འབྱུང་འགྱུར་མང་པོའང་མཁྱེན་ནས་གསུང་མགུར་འདི་ལྟར་མཛད། ཨོཾ་སྭ་སྟི། སེམས་བསྐྱེད་རྩ་བ་དམིགས་མེད་སྙི ང་རྗེའི་ཆུས། །ཡང་ཡང་བརླན་པས་ཐབས་ཤེས་ཡལ་འདབ་རྒྱས། །དོན་གཉིས་མཐར་ཕྱིན་འབྲས་བུས་རབ་བརྗིད་པའི། །ཐུབ་དབང་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །གང་གིས་ལེགས་གསུང་མདོ་སྔགས་ཆོས་ཀྱི་རོས། །ལེགས་པར་ཚིམ་པའི་དགའ་བས་ལེགས་བཤད་གླུ། །ཅི་ཡང་ལེན་པ་ཀླུ་སྒྲུབ་ཐོགས་མེད་སོགས། །གཉིས་སྐྱེས་མང་པོས་འཕགས་ཡུལ་སྐྱེད་ཚལ་གང༌། །རིང་མོ་ཞིག་ན་ཆོས་རྒྱལ་ལོ་པཎ་སོགས། །སྨོན་ལམ་མཐུ་ལྡན་དེད་དཔོན་བརྒྱ་ཕྲག་གིས། །རྒྱ་གར་དམ་ཆོས་རིན་ཆེན་འབྱུང་གནས་ནས། །བཤད་སྒྲུབ་དབང་གི་རྒྱལ་པོ་བོད་དུ་བླངས། །ཆོས་སྲིད་འབྱོར་པ་སྲིད་པའི་མིག་འབར་བས། །གངས་ཅན་ལྗོངས་འདིའི་རྒུད་པའི་མུན་ཀུན་བསལ། །དེ་ཉིད་གླང་དར་སྒྲ་གཅན་ཁ་རླངས་ཀྱིས། །ཕྱོགས་འདིའི་འགྲོ་ལ་ཡུན་རིང་སྣང་མ་གྱུར། །དེ་ནས་བྱང་ཆུབ་འོད་ཀྱི་སྨོན་ལམ་དང༌། །འགྲོ་འདིའི་སྤྱི་མཐུན་བསོད་ནམས་རྒྱ་མཚོ་ལས། །ཨ་ཏི་ཤ་དང་རྒྱལ་བའི་འབྱུང་གནས་ཀྱི། །ཉི་ཟླ་ཟུང་གཅིག་ཐུབ་བསྟན་རྒྱན་དུ་གྱུར། །ཐུབ་བསྟན་རྒྱ་མཚོར་ཅི་དགར་ལོངས་སྤྱོད་པའི། ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་ངང་བ་ཁྱུ། །ཐབས་ཤེས་གཤོག་ཡངས་དཀར་པོའི་གར་མང་བསྒྱུར། །སླར་ཡང་དེ་ཉིད་ཅུང་ཟད་འགྲིབ་པའི་ཚེ། །བློ་བཟང་དཀྱིལ་འཁོར་གྲགས་པའི་གཟི་བརྗིད་འབར། །གངས་ཅན་སྐྱེ་འགྲོའི་ལེགས་བྱས་ཤར་རིའི་རྩེར། །འཕགས་ནས་ཐུབ་བསྟན་པད་ཚལ་རྒྱས་པའི་ཚེ། །ཕྱོགས་མེད་མཁས་པའི་རྐང་དྲུག་གཤོག་རྩལ་འགྲན། །མན་ངག་སྦྲང་རྩིས་མྱོས་ནས་ལེགས་བཤད་ཀྱི། །གླུ་དབྱངས་འགྱུར་ཁུག་སྟོང་ཕྲག་འཐེན་པ་ན། །མདོ་སྔགས་དགོངས་འགྲེལ་ཚིག་གི་འདབ་བརྒྱ་རྒོད། །དོན་གྱི་གེ་སར་སོ་ཕྲེང་ངོམ་པ་བཞིན། །རྒྱལ་བ་གཉིས་པའི་ལུགས་བཟང་ལུས་ཕྲ་མའི། །བཤད་སྒྲུབ་ལང་ཚོ་དར་ལ་བབ་པ་ཡིས། །མཁས་མང་ཡིད་ཀྱི་བརྟན་པ་ཉམས་བྱས་པས། །ཡུན་རིང་འཁོར་ལོ་གསུམ་གྱི་རྩེད་འཇོས་བྲེ ལ། །དམ་པའི་རིང་ལུགས་དབྱར་དུས་ཟད་པ་ན། །མི་བཟད་སྙིགས་མའི་གྲང་རེག་ཆེར་གཡོས་ཏེ། །བསྲེ་བསླད་བྲལ་བའི་བཤད་སྒྲུབ་འདབ་བརྒྱ་པ། །སྐད་ཅིག་ཉིད་ལ་མོག་པོར་བྱས་པས་སྐྱོ། །ཁ་བཤད་ལྟ་བ་མཐོན་པོའི་མཁར་འཕགས་ཀྱང༌། །བློ་གྲོས་འཁྱོག་པོ་རྫུན་གྱི་ར་རི་ཅན། །སྔགས་པར་རློམ་པ་ཚེས་པའི་ཆུ་ཤེལ་གྱིས། །མཁས་པའི་གསུང་རབ་པད་དཀར་འདབ་བརྒྱ་ཟུམ། །སངས་རྒྱས་རང་ལ་ཡོད་པའི་ཁ་ཕོ་དང༌། །ཉོན་མོངས་མ་སྤངས་འཚང་རྒྱའི་གདམས་ངག་གིས། །སྔགས་པ་སྐྱུར་དད་ཅན་རྣམས་སྦོས་པ་དང༌། །བླུན་པོ་དད་ལྡན་བསླུ་བ་མཉམ་དུ་བྱས། །སྐད་ཅིག་སེམས་ངོ་འཕྲོད་པའི་སྙན་བརྒྱུད་འདིས། །རྒྱ་ཆེན་མདོ་སྔགས་གཞུང་དང་ཤེས་རབ་མིག །ཐར་འདོད་ཀུན་ལ་མི་མཁོའི་ཆོས་ལུགས་དང༌། །ཐོས་བསམ་སྒོམ་པ་འདོར་བ་ལྷན་ཅིག་བྱས། །ཧ་ཅང་ཚིག་ལ་ཞེན་པའི་གོ་རྒྱ་དང༌། །ཚིག་གི་རྒྱལ་ཕམ་རྩོད་པའི་ཐོས་པ་འདིས། །བློ་སྣ་ནང་དུ་བཀུག་པའི་ཉམས་ལེན་དང༌། །སྔར་བསགས་དགེ་རྩ་འཇོམས་པ་མཉམ་དུ་བྱས། །འདག་སྦྱར་མཚམས་ནས་འཇིག་རྟེན་ཕོ་རུས་དང༌། །འདི་བྱ་འདི་བྱས་སེམས་པའི་བློ་ངན་འདིས། །ཕྱི་མ་ངན་འགྲོའི་རྒྱུ་ཚོགས་བསྒྲུབ་པ་དང༌། །འདི་ཕྱི་གཉིས་ཀ་མེད་པ་ཆབས་ཅིག་བྱས། །དམ་ཆོས་དང་བའི་མི་ཡི་གཙོ་བོ་རྣམས། ཁྲེལ་མེད་གདོལ་པའི་སྤྱོད་པ་བྱེ ད་པ་འདིས། །གཤན་པ་གདོལ་པ་ལས་ཀ་མེད་པ་དང༌། །རང་གཞན་གཉིས་ཀ་ཕོང་བ་དུས་གཅིག་བྱས། །བསམ་ངན་གདུག་པའི་ཆང་གིས་མྱོས་གྱུར་ཅིང༌། །དམ་པས་སྨད་པའི་སྣ་ཞགས་རིང་སྐྱོང་བ། །དཀར་དང་སེར་པའི་གཉིས་འཐུང་མང་པོ་ཡིས། །འགྲོ་བའི་བདེ་སྐྱིད་པད་ཚལ་ལྷག་མེད་བྱས། །སྒོམ་པ་སྲི ད་རྩེའི་སྙོམ་འཇུག་ཐོབ་གྱུར་ཀྱང༌། །སླར་ཡང་འོག་མའི་སེམས་སུ་ལྷུང་བས་སྐྱོ། །བསམ་པ་རིག་པའི་གནས་ལྔར་མཁས་གྱུར་ཀྱང༌། །དུད་འགྲོ་ཇི་བཞིན་ཚེ་འདིར་ཞེན་པས་སྐྱོ། །ཐོས་པ་གཞུང་ལུགས་འབུམ་ཕྲག་ངག་བཏོན་ཀྱང༌། །རྒྱལ་པོ་གདུག་པའི་གྲོས་དཔོན་བྱེད་པས་སྐྱོ། །འཁོར་བའི་བདེ་འབྱོར་ཇི་ལྟར་ཕུན་ཚོགས་ཀྱང༌། །ཐ་མ་ངེས་པར་རྒུད་པས་འཇོམས་པས་སྐྱོ། །གསོན་པ་འཆི་བས་ངེས་པར་འཇོམས་པ་དང༌། །ལང་ཚོ་རྒ་བས་ངེས་པར་འཇོམས་པས་སྐྱོ། །ནད་མེད་ངེས་པར་ནད་ཀྱིས་འཇོམས་པ་དང༌། །འདུས་པ་ངེས་པར་སོ་སོར་འབྲལ་བས་སྐྱོ། །མཐོན་པོ་དམའ་མོར་ངེས་པར་ལྷུང་བ་དང༌། །འབྱོར་པ་ཐམས་ཅད་ངེས་པར་འདོར་བས་སྐྱོ། །ཕན་གནོད་གང་ལའང་ཡིད་བརྟན་མེད་པ་དང༌། །འདོད་པ་བརྟེན་པས་ཚིམ་པ་མེད་པས་སྐྱོ། །ལ་ལ་དགའ་བཞིན་སྡུག་བསྔལ་རྒྱུ་ལ་འཇུག །ལ་ལ་སྡུག་བཞིན་དབང་མེད་མནར་བའི་སྐྱོ། །ཀུན་ཀྱང་བདེ་འདོད་མི་དགེ་སྤྱོད་པ་དང༌། །སྡུག་བསྔལ་མི་འདོད་དགེ་བ་སྤངས་པས་སྐྱོ། །མདོར་ན་འགྲོ་བའི་མགོན་པོའི་གསུང་རབ་ལས། །འཁོར་བའི་གནས་ཚུལ་ཇི་ལྟར་གསུངས་པ་བཞིན། །འཁྲུལ་མེད་མངོན་སུམ་མཐོང་བས་སྐྱོ་བ་དང༌། །ཐུབ་པའི་གསུང་ལ་ཡིད་ཆེས་ཅུང་ཟད་རྙེད། །བླུན་པོ་རྨོངས་པ་ཆོས་རྒྱུས་མེད་པ་དང༌། །ཆོས་དྲེད་ཁེངས་པས་འགྱིང་ལ་ཅི་ཆ་ཡོད། ཁོ་བོ་སྔོན་བསགས་དགེ་བས་དལ་འབྱོར་ཐོབ། །རྒྱུད་ལྡན་དམ་པ་མང་པོས་རྗེས་སུ་བཟུང༌། །མདོ་སྔགས་མན་ངག་ཐུགས་ཀྱི་ཉིང་ཁུས་གསོས། །གནས་དང་གྲོགས་སོགས་ཆོས་ཀྱི་མཐུན་རྐྱེན་ཚང༌། །དེ་ཕྱིར་མནོག་ཆུང་ཚེ་འདིའི་མདུན་མ་དོར། །སྣ་ཐག་མི་ལག་མ་ཤོར་རང་གིས་འཛིན། །ལྟོ་གོས་མཐའ་གཉིས་མ་ལྷུང་དབེན་གནས་འགྲིམས། །གཡེང་མེད་བླ་མའི་མན་ངག་ངོམས་པར་སྤྱོད། །སྐྱོ་ཤས་ཁྲི་སྙན་ས་ལེའི་པགས་སྟེང་ན། ཁྲེལ་ཡོད་ངོ་ཚའི་ཀ་ཤི་ཀ་གྱོན་ཞིང༌། །སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐོར་ཅོག་བཅིངས། །ཚད་མེད་བཞི་ཡི་མིག་རྩ་དམར་འཁྲུག་ཅིང༌། །ཚངས་སྤྱོད་ཞི་དུལ་ཨག་ཚོམ་རིང་པོས་བརྗིད། །ལྷ་བཞིའི་ཚངས་སྐུད་དཀར་པོ་ལུས་ལ་འཆང༌། །སྡེ་སྣོད་གསུམ་གྱི་གསང་ཚིག་ངག་ནས་འདོན། །བསླབ་གསུམ་བདུད་རྩིས་སེམས་ཀྱི་རིལ་བ་བཀངས། །བདག་གཞན་མཉམ་བརྗེའི་ཐབ་ཁུང་དཀར་པོའི་ནང༌། །མཐའ་བྲལ་ལྟ་བའི་མེ་ལྕེ་འབར་བའི་དབུས། །རང་ཉིད་གཅེས་པར་འཛིན་པའི་བུད་ཤིང་དང༌། །འཇིག་ལྟའི་མར་ཁུ་ལྷག་མེད་བསྲེག་ལ་བརྩོན། །བཀའ་གདམས་བྲལ་ཟེ་གཙང་མའི་རྣམ་ཐར་ལ། །གཉིས་སྐྱེས་ཕྲ་མོ་བདག་ཀྱང་ལྷག་པར་མོས། །སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །རྣམ་ཐར་འདི་འདྲས་ཚེ་མཐར་ཕྱིན་པར་ཤོག །དམ་པའི་རྣམ་ཐར་ཚུལ་བཞིན་བསྐྱངས་པའི་མཐར། །ཡུན་རིང་འགྲོགས་པའི་གྲོགས་བཟང་ལུས་སེམས་གཉིས། །མ་རུང་འཆི་བདག་ཕྲ་མས་ཕྱེ་བའི་ཚེ། །དེ་ཡི་མོད་ལ་སེམས་ཀྱི་གཞོན་ནུ་ཡིས། །དེ་ལ་མི་འདོད་མེད་པར་དགའ་བཞིན་དུ། །སྨོན་ལམ་ཚུལ་ཁྲིམས་བཞོན་པ་ལ་རོལ་ཏེ། །མི་ཕམ་རྒྱལ་བའི་མདུན་སར་ལེགས་བགྲོད་དེ། །རྒྱལ་སྲས་མཐུ་ཆེན་རྣམས་དང་ལྷན་ཅིག་ཏུ། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཞིང་ཁམས་བྱེ་བར་རྒྱལ་རྣམས་ལྟ་བ་དང༌། །ངོ་མཚར་མཆོད་པ་རྒྱ་མཚོས་མཆོད་པ་དང༌། །སེམས་ཅན་རྒྱ་མཚོ་སྨིན་པར་བྱ་བའི་ཕྱིར། །དཔག་མེད་ལུས་ཀྱི་བཀོད་པ་སྟོན་པར་ཤོག །ཚོགས་གཉིས་རྒྱ་མཚོའི་ཕ་མཐར་ཕྱིན་པ་ན། །ཡོན་ཏན་རྒྱ་མཚོ་རྒྱལ་བ་སྲས་བཅས་ཀྱི། །མཛད་པ་རྒྱ་མཚོ་བྱེ་བྲག་ཇི་སྙེད་པ། །བསྐལ་པ་རྒྱ་མཚོར་བདག་གིས་སྤྱོད་པར་ཤོག །རྣམ་དཔྱོད་དངུལ་དཀར་མེ་ལོང་ཡངས་པའི་ངོས། །ཀུན་ཀྱང་ཆོས་ཀྱི་བཞིན་རས་གསལ་བའདི། །སྔོན་བསགས་རྣམ་དཀར་བཟང་པོའི་བྱེད་ལས་དང༌། །ཡོངས་འཛིན་གསུང་གིས་བྱི་དོར་བྱས་པའི་མཐུས། །མེ་མོ་ལུག་ལོ་ཧོར་ཟླ་བཅུ་གཅིག་པར། །སྨྲ་བཅད་མཚམས་ངོས་ཡིད་བཞིན་འཁོར་ལོ་ལ། །གསོལ་བ་བཏབ་ཚེ་སེམས་ལ་ཤར་བ་བཞིན། །མི་ཏྲིའི་མིང་གིས་ཕུར་བུ་ལྕོག་ཏུ་བྲིས། །ཞེས་སོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།