རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 15:16:22     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 144830942193100754.jpg

                    དེ་ནས་རྗེ་སྒྲུབ་ཁང་པ་ཆེན་པོ་ཞིང་བརྗེ་བའི་སྔ་ལྟས་མང་དུ་ཤར་ཏེ། མི་རྟག་པའི་གསུང་མང་དུ་འབྱོན་པ་དང༌། སྒྲུབ་གནས་རྣམས་ལ་མ་འོངས་པ་ན་ཇི་ལྟར་བྱ་བའི་ལུང་བསྟན་མཛད་པ་དང༌། བླ་མ་རིན་པོ་ཆེ་འདི་པ་དོན་གྱིས་རྒྱལ་ཚབ་ཏུ་བསྐོ་བར་མཛད་པ་སོགས་གང་ས་ནས་ཡུན་རིང་མི་བཞུགས་པའི་རྟགས་བསྟན་པ་ན། བླ་མ་རིན་པོ་ཆེ་འདི་པས་འཇིགས་སར་སྐྱེལ་མས་བོར་བ་འདྲ་བ་ཞིག་མྱུར་དུ་འོང་བར་འདུག་སྙམ་དུ་དགོངས་ནས་ཆུ་ཕོ་འབྲུག་གི་ལོའི་ནང་དུ་སེམས་བསྐྱེད་མཆོད་པ་བྱུང་རེས་ཀྱི་གསུང་བཤད་རྣམས་ཟིན་བྲི ས་སུ་མཛད་དེ། སྒྲུབ་ཁང་རིན་པོ་ཆེ་ཞིང་གཞན་དུ་གཤེགས་པའི་ཐུགས་འདུན་ཆེར་མངོན་པའི་ཚེ། སྔར་ཟིན་བྲི ས་སུ་མཛད་པའི་གདམས་ངག་རྣམས་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོར་སྤྱན་འབེབས་ཞུ་རྒྱུ་ཕུལ་ནས། བླ་མས་ལོང་བ་ཐང་སྐྱུར་འདི་འདྲ་ཞིག་མཛད་པར་འདུག །དེ་དུས་རང་གི་སྙིང་ལ་བཅང་རྒྱུ་བླ་མའི་སྐུ་ཚབ་ཅིག་དགོས་པར་འདུག་བསམས་ནས་གསུང་འགའ་ཞིག་ཟིན་བྲིས་སུ་བཏབ་པ་འདི་ལ་བླ་མས་ཕྱག་གིས་བྱིན་རླབས་ཤིག་གནང་དགོས་ཞེས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་བཅས་ཏེ་གཟིགས་འབུལ་ཞུ་རྒྱུ་བསྙུན་གཡོག་ཚུལ་ཁྲིམས་རྒྱལ་མཚན་ལ་འཆོལ་བར་མཛད་པས། བླ་མས་དེ་ནས་ཤོག་བུ་ཁ་ཤས་ཤིག་ལྗགས་ཀློག་གནང་ནས་མཐར་ཐུགས་སྨོན་རྒྱ་ཆེར་སྩལ་ཏེ། ཕྱག་མཐེ་བོང་ཀེར་ནས་འདི་འདྲ་མོ་བྱུང་འདུག་གསུངས་ཞིང་རབ་འབྱམས་པ་བྱམས་པ་ཁོ་སྙིང་རྗེ་པོ་རང་ཡིན། ཞེས་གསུང་བ་ཞིག་བྱུང༌། དེ་དུས་རྗེ་སྒྲུབ་ཁང་པའི་མནལ་ལམ་དུ་བླ་མ་རིན་པོ་ཆེ་འདི་པ་ལ་འཕྲིན་ལས་རྒྱ་ཆེན་འོང་བ་གསལ་པོར་ཤར་བ་བྱུང་སྟེ། སྒྲུབ་ཁང་རིན་པོ་ཆེའི་མནལ་ལམ་དུ་རབ་འབྱམས་པ་བྱམས་པ་འདི་ངའི་པང་དུ་བཞག་པས་ཁོ་རང་སྡོད་པ་ལ་མཚེར་བོ་བྱེད་འདུག །འོན་ཀྱང་ཁོ་ངའི་པང་དུ་བསྡད་མ་ཐག་ཉི་མ་ཤར་བ་ལྟ་བུའི་འོད་ཟེར་འཕྲོས་པས་མུན་པ་ཐམས་ཅད་སངས་ཤིང་ནམ་མཁའི་ཁམས་ཐམས་ཅད་ཁྱབ་སོང་བ་ཞིག་བྱུང༌། འདི་ལེགས་པོ་ཞིག་འོང་བ་འདུག་གསུངས་པ་ཞིག་བྱུང༌། བླ་མ་རིན་པོ་ཆེ་འདི་པ་ཐེག་ཆེན་བསྟན་པའི་སྲོག་ཤིང་དུ་འགྱུར་བར་མཁྱེན་ནས་རྗེ་སྒྲུབ་ཁང་པས་མགོན་པོ་ཕྱག་དྲུག་པའི་རྗེས་གནང་ཞིག་བླ་མ་རིན་པོ་ཆེ་འདི་པ་ལ་ཆེད་མངགས་སུ་སྩལ། དེ་ནས་སྒྲུབ་ཁང་པ་ཞིང་གཤེགས་ནས་དགོངས་རྫོགས་རྣམས་རྗེ་སྒྲུབ་ཁང་པའི་དགོངས་པ་ལྟར་བསྒྲུབས་ཏེ་དགོངས་པ་ཡོངས་སུ་རྫོགས་པར་མཛད།

                    དེ་ནས་བླ་མ་རིན་པོ་ཆེ་དགུང་ལོ་སོ་གསུམ་དུ་ཕེབས་པ་ཤིང་ཕོ་རྟའི་ལོ་ནས་འཕྲིན་ལས་ཀྱི་སྒོ་ཐོག་མར་བྱེ་སྟེ་སྐལ་ལྡན་གྱི་གདུལ་བྱ་འགའ་རེས་གསོལ་བ་བཏབ་པ་ལྟར་བེའུ་བུམ་སྔོན་པོའི་ལུང་སོགས་ཆོས་བཀའ་ཅི་རིགས་སྩལ། དེ་ནས་སྙན་གྲགས་ཇེ་རྒྱས་སུ་སོང་སྟེ་དགུང་ལོ་སོ་དྲུག་ཏུ་ཕེབས་པ་བྱ་ལོའི་ནང་དུ་ཀྱི་དགེ་བའི་བཤེས་གཉེན་དམ་པ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་ཀྱི་བཀས་བསྐུལ་ནས། ཁྲི་ཆེན་བློ་བཟང་དར་རྒྱས་ཉིད་ཀྱི་སྐུ་ཚ་བསོད་ནམས་རབ་བརྟན་ལ་ཞལ་ལུང་གི་ཁྲིད་གནང་དགོས་པར་གསོལ་བ་བཏབ་པས། རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཀྱིས་རེ་ཤིག་སྐུ་མཚམས་མཛད་ནས་བརྟགས་པ་ཞིག་མཛད་དེ། སྐབས་སུ་བབ་པའི་མཚན་མ་བརྟན་པོ་གཟིགས་ནས་ཞལ་གྱིས་བཞེས་པའི་ཞུ་འཕྲིན་འབུལ་བར་མཛད་པས། ཁྲི་རིན་པོ་ཆེ་ནས་ལན་དུ་ཁོ་བོ་བདེ་མཆོག་ལཱུ་ཧི་པའི་བདག་འཇུག་ལེན་པའི་གསང་དབང་གི་སྐབས་སུ་འཕྲིན་ཡིག་འབྱོར་བྱུང་བ་གསང་དབང་གསུང་གི་བྱིན་རླབས་ཡིན་པས་ཉིད་ཀྱི་ཁྲིད་འགྲོ་དོན་ཆེན་པོ་ཡོད་པའི་རྟེན་འབྲེལ་འགྲིག །དེས་ན་ད་ལམ་ལམ་ཁྲིད་ཤིན་ཏུ་ནས་ཐོངས། འོན་ཀྱང་དགོས་ཟེར་ཚད་ལ་བཏང་ན་ཆོས་གཙིགས་ཆུང་དུ་འགྲོ་བས་ལོ་ལ་རེ་ཁྲིད་ཟླ་བ་ལོངས་པ་རེ་ཐོངས། ཞེས་གསུངས་པས་མཚམས་སྦྱར་ནས། བྱ་ལོ་ས་ག་ཟླ་བའི་ཚེས་བརྒྱད་ནས་བཟུང་སྟེ་དབོན་ཆུང་བསོད་ནམས་རབ་བརྟན། བླ་མ་དཀོན་མཆོག་རྡོ་རྗེ་གཉིས་ཀྱིས་གཙོ་བྱས་པའི་སྐལ་ལྡན་གྱི་གདུལ་བྱ་དགེ་འདུན་བཞི་བཅུ་སྐོར་ལ་དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་སྩལ་ཞིང་རྗེ་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་ཆོས་ཀྱི་རྒྱལ་མཚན་བཙུགས། ཆོས་ཀྱི་རྔ་བོ་བརྡུངས་ཏེ་འཛིན་མའི་ཁྱོན་མ་ལུས་ཆོས་ཀྱི་སྒྲ་དབྱངས་ཀྱིས་ཁྱབ་པར་མཛད། དེའི་སེམས་བསྐྱེད་མཆོད་པའི་སྐབས་ཆར་ཆེན་པོ་ཞིག་བབས་པས་བླ་མ་རིན་པོ་ཆེ་འདི་པས་སྐུ་ཚེ་རིལ་པོར་ཆོས་ཀྱི་ཆར་འབེབས་པའི་རྟེན་འབྲེལ་ལེགས་པར་འགྲིག །དེ་དུས་ཇུན་སྒར་ནས་ཧོར་ཐཱ་ཇིས་དཔུང་ཆེན་བཏེགས་ནས་ལྷ་བཟང་ཁང་བཅོམ་སྟེ་བོད་ལྗོངས་ཁ་ལོ་བསྒྱུར་བའི་སྐབས་དེ་ཡིན། ཇུན་སྒར་གྱི་སོག་པོ་རྣམས་ཀྱིས་བླ་མ་རིན་པོ་ཆེ་འདིའི་སྙན་གྲགས་ཐོས་ནས་ཇུན་སྒར་དུ་གདན་འདྲེན་པའི་བཀོད་པ་མང་དུ་བྱས་ཀྱང་རི་དྭགས་ལ་ཤ་བྱིན་པ་ལྟར་སྲིད་པའི་ཕུན་ཚོགས་ལ་འཇིགས་ཤིང་སྐྲག་པར་མཛད་ནས་འབྱོན་དུ་མ་བཞེད། ཚུལ་འདི་ཡང་ལམ་གྱི་གནད་ཤེས་པ་རྣམས་ཀྱིས་བལྟས་ན་ངོ་མཚར་བའི་རྣམ་ཐར་ཏེ། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསྙེན་བཀུར་ལའང་དགའ་བར་མི་མཛད་ཅིང་འགོ་བའི་ནད་དང་དུག་ལྟར་དུ་སྐྲག་པར་མཛད་ན་བསྙེན་བཀུར་ངན་ངོན་ལ་ཆགས་པའི་གོ་སྐབས་ག་ལ་ཡོད། ད་ལྟ་བདག་དང་བདག་འདྲ་བའི་ཆོས་བྱེད་ཕལ་མོ་ཆེ་བསྙེན་བཀུར་ངན་ངོན་རེ་ཡང་བློས་མི་ཐོངས་པར་ཁ་གསག་གཞོགས་སློང་གིས་ལོག་འཚོ་སྒྲུབ་པའི་ངང་ཚུལ་འདི་ལྟར་ན་བླ་མ་རིན་པོ་ཆེ་འདི་པའི་མཛད་པ་འདི་ནི་དེང་སང་གི་སྐྱེ་བོ་བློ་ཆུང་དག་གིས་རྗེས་སུ་ཡི་རང་ཙམ་ཡང་བྱ་དཀའ་བའི་རྣམ་ཐར་རོ། །

                  དུས་དེ་ནས་བཟུང་སྟེ་བླ་མ་རིན་པོ་ཆེ་འདིས་དཔྱིད་དུས་འཇམ་དཔལ་ཞལ་ལུང་གི་ཁྲིད་དང༌། སྟོན་དུས་བདེ་ལམ་གྱི་ཁྲིད་རེ་ཕལ་ཆེ་འཆག་མེད་དུ་གནང༌། ཐོག་མར་ཕུར་བུ་ལྕོག་གི་དགེ་སློང་རྣམས་ཀྱི་འདུ་ཁང་དུ་ཤོང་ཙམ་དང༌། དེ་ནས་ཇེ་འཕེལ་དུ་སོང་སྟེ་ཕྱིའི་ཁྱམས་དང་བཅས་པར་ཤོང་ཙམ་དང༌། དེ་ནས་འཕྲིན་ལས་ཇེ་རྒྱས་སུ་སོང་སྟེ་དགེ་འདུན་མང་དུ་འདུས་པ་ན་བོད་ཀྱི་སྲིད་སྐྱོང་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་ཆོས་གྲྭ་ཆེན་མོ་གསར་བསྐྲུན་མཛད་དེ་ལོ་ཤས་དེར་ཤོང་ཙམ་དང༌། དེ་ནས་འཛམ་བུ་གླིང་གི་སའི་ཆ་ཐམས་ཅད་ནས་ལམ་ཁྲིད་དོན་དུ་གཉེར་བ་ལྷགས་པ་ན་དེར་ཡང་མ་ཤོང་བར་ཆོས་གྲྭ་ཆེན་མོའི་ལྟག་ཏུ་གཙང་ཁང་གཏོད། མདོར་སྒོ་མང་བཟོས་ཏེ་ཁྱམས་ཆེན་པོ་གཏོད་ནས་དགེ་འདུན་སྟོང་ཕྲག་བརྒལ་བ་ལ་ལོ་ལྟར་དཔྱིད་དུས་ཟླ་བ་གསུམ་པའི་ཚེས་བརྒྱད་ནས་བཞི་པའི་ཚེས་བདུན་གྱི་བར་ལམ་ཁྲིད་འཇམ་དཔལ་ཞལ་ལུང་ཚེས་བརྒྱད་ཉིན་སེམས་བསྐྱེད་མཆོད་པ། ཚེས་དགུ་ནས་བཅུ་གཉིས་བར་ལ་འདོད་ཆོས་ཅི་རིགས། ཚེས་བཅུ་གསུམ་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་ནམ་རྗེས་གནང་གང་རིགས། བཅུ་བཞི་དང་བཅོ་ལྔ་གཉིས་ལ་སྨྱུང་གནས་སྦྱོར་གུག ཚེས་བཅོ་བརྒྱད་བཅུ་དགུ་ཙམ་ནས་བླ་མེད་ཀྱི་དབང་ཆེན་ཐོབ་པ་ཤ་སྟག་ལ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་གང་རིགས་རེ། སྟོན་དུས་ཟླ་བ་བརྒྱད་པའི་ཚེས་བཅོ་བརྒྱད་ནས་གནམ་གང་གི་བར་ལ་བདེ་ལམ་གྱི་ཁྲིད་ཚར་རེ་བཅས་ལོ་ལྟར་འཆག་མེད་གནང་ཞིང༌། ལམ་ཁྲིད་ཀྱི་སྐབས་གཞུང་ས་ནས་སྦྱིན་བདག་མཛད་དེ། ཉིན་རེར་མང་ཇ་བདུན་དང་ཐུག་པ་གཉིས་རེ་སེམས་བསྐྱེད་མཆོད་པའི་སྐབས་བླ་མ་རིན་པོ་ཆེར་བརྟན་བཞུགས་རྣམས་འཆག་མེད་མཛད།

                    དཔོན་པོ་ཡབ་སྲས་འདས་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོས་ལྷག་པར་བསྔགས་འོས་གཟེངས་བསྟོད་དུ་མཛད་དེ། སྟོན་དཔྱིད་ལམ་ཁྲིད་ལ་འདུས་པའི་དགེ་འདུན་རྣམས་ལ་བསྙེན་བཀུར་གོང་འཕེལ་དང༌། སེམས་བསྐྱེད་ཀྱི་ཐོག་མགྲོན་གཉེར་རེ་ཆེད་གནང་གིས་བླ་མ་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང༌། དངོས་པོ་སྤམ་མཐོ་བ་བཅས་ལོ་ལྟར་སྩལ། བླ་མ་རིན་པོ་ཆེ་འདི་པས་ཆབ་མདོར་ཕེབས་པའི་སྐབས་དང༌། བྱང་རྭ་སྒྲེང་དུ་ཕེབས་པའི་སྐབས་དང༌། གཙང་དུ་ཕེབས་པའི་སྐབས་འགའ་ཞིག་མ་གཏོགས་དགུང་ལོ་སུམ་ཅུ་སོ་དྲུག་ནས་དགུང་ལོ་བརྒྱད་ཅུར་ཕེབས་པའི་བར་ལམ་ཁྲིད་འཆག་མེད་དུ་གནང་སྟེ་འཇམ་མགོན་བསྟན་པའི་སྲོག་ཤིང་བཟུང༌། མདོ་ཕྱོ གས་ཀྱི་བསྟན་པའི་སྲོག་ཤིང་བཟུང་བར་མ་ཟད་སྔགས་ཀྱི་བསྟན་པའི་སྲོ ག་ཤིང་ཡང་འཛིན་པར་མཛད་དེ། བླ ་མ་རིན་པོ་ཆེ་འདི་ཐོག་མར་ཆབ་མདོར་བཞུགས་སྐབས་རྒྱལ་བ་འཕགས་པ་ལྷ་ལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་གསན། དེ་ནས་རྗེ་སྒྲུབ་ཁང་པ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལུང་དང་བསྐྱེད་རྫོགས་གཉིས་ཀྱི་མན་ངག་གསན། ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་ལ་གསང་བ་འདུས་པ་ལུགས་གཉིས་ཀྱི་དབང་སོགས་རྡོ་རྗེ་འཕྲེང་བ་ཡོངས་རྫོགས་དང༌། ཟུར་བཀའ་དབང་རྗེས་གནང་མང་དུ་གསན། གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ་ལ་གསང་བ་འདུས་པའི་དབང་སོགས་དབང་མང་པོ་དང༌། གསང་བ་འདུས་པ་དང་རྡོ་རྗེ་འཇིགས་བྱེད་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་རྒྱས་པ་དང༌། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་སོགས་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའམ། མཚན་གཞན་འཇམ་དབྱངས་བདེ་བའི་རྡོ་རྗེ་ལ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རྫོགས་གཉིས་ཀའི་མྱོང་ཁྲིད། ནཱ་རོ་མཁའ་སྤྱོད་མའི་དབང་དང་བསྐྱེད་རྫོགས་སོགས་ཆོས་མང་དུ་གསན། རྒྱུད་སྨད་མཁན་པོ་མཁས་ཤིང་གྲུབ་པ་ངག་དབང་མཆོག་ལྡན་ལ་འགྲེལ་པ་བཞི་སྦྲགས་སོགས་ཆོས་མང་དུ་གསན། ཡེར་པའི་བླ་མ་མཁས་གྲུབ་ཕུན་ཚོགས་རྒྱ་མཚོ་ལ་དྲིལ་བུ་ལུགས་ཀྱི་ཕྱི་ནང་གཉིས་ཀའི་དབང་དང༌། དྲིལ་བུ་ལུས་དཀྱིལ་གྱི་བསྐྱེད་རིམ་དང་རྫོགས་རིམ་རིམ་ལྔའི་ཁྲིད་རྣམས་གསན། བྱ་བྲལ་བློ་བཟང་རིན་ཆེན་ལ་མཁས་གྲུབ་རིན་པོ་ཆེ་ནས་བརྒྱུད་པའི་ཀྱཻ་རྡོར་ལྷ་དགུའི་དབང་གསན། བླ་མ་བསོད་ནམས་བཟང་པོ་ལ་རྗེ་རིན་པོ་ཆེའི་གསུང་འབུམ་ཕལ་ཆེ་བ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ། ཇི་ལྟར་གསན་པ་ལྟར་གསང་བདེ་འཇིགས་གསུམ་སོགས་སྔར་དབང་གསན་པའི་ཡི་དམ་རྣམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པ་མཛད། བསྐྱེད་རྫོགས་ཀྱི་མན་ངག་རྣམས་ཐུགས་ཉམས་སུ་བཞེས་ཏེ་ནུས་པ་ཐོན་པར་མཛད་ནས་སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བས་བླ་མ་རིན་པོ་ཆེ་འདི་ཉིད་འཕྲིན་ལས་ཆེར་འཕེལ་ཏེ་སྐལ་བ་དང་ལྡན་པ་མང་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡང་ཡང་གནང༌། བར་སྐབས་ཤིག་གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ་ལ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་ལེགས་པར་གསན། 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།