རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 15:10:48     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 108081867390480039.jpg

                    ཕུར་བུ་ལྕོག་གི་སྒྲུབ་སྡེ་ཐོག་མར་ཆགས་སྐབས་བླ་མ་རིན་པོ་ཆེ་འདི་པས་དབུ་མཛད་དགེ་སློང་རྣམས་ཀྱིས་དགོང་མོའི་ཆ་ལ་འདུ་ཁང་དུ་མང་ཇ་མེད་ཀྱང་འཚོགས་ནས་བརྐྱང་ཕྱག་ལྔ་བརྒྱ་ཙམ་རེ་བཙལ། ལམ་ཁྲིད་འཇམ་དཔལ་ཞལ་ལུང་ཚར་རེ་སྐྱོར་བ་རྒྱུན་རིང་པོར་མཛད་པས་གྲུབ་ཁང་པ་ཆེན་པོ་ཤིན་ཏུ་མཉེས་ནས་ང་ལས་ཁྱེད་ཚོ་སྙིང་སྟོབས་ཆེ་བ་བྱུང་ཞེས་བསྔགས་བརྗོད་མཛད། དེ་སྐབས་བླ་མ་རིན་པོ་ཆེ་འདི་པར་གསོལ་ཇ་བཞེས་རྒྱུ་གཏན་ནས་མེད་པར་རིའི་རྩྭ་ཞིག་གི་རྩ་བ་བརྐོས་ནས་དེ་སྐོལ་བའི་ཁུ་བས་སྐོམ་པ་སེལ་བར་མཛད་པ་སོགས་དཀའ་ཐུབ་ཁོ་ན་མཛད། བར་སྐབས་ཤིག་རྡོ་རྗེ་བྲག་ན་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་གནང་གི་འདུག་ཟེར་བ་གསན་པས་རྗེ་སྒྲུབ་ཁང་པ་ཆེན་པོ་ང་ཡང་དེར་རྗེའི་གསུང་འབུམ་གྱི་ལུང་ཞིག་ཞུ་བར་འགྲོ་འདོད་འདུག་པས་ཕྱིན་ན་ཨེ་ཡོང་ཞུས་པར། སྒྲུབ་ཁང་པ་ཆེན་པོས་འགྲོ་འདོད་ཡོད་ན་སོངས་གསུངས། དེ་ལ་བླ་མ་རིན་པོ་ཆེ་འདི་པས་ང་རང་གི་འདོད་པར་གང་ཡོད་བྱེད་རྒྱུ་མིན། ཕྱིན་པ་ལེགས་པ་ཞིག་ཡོད་ན་འགྲོ། མི་ལེགས་ན་མི་འགྲོ་གློ་སྙིང་བྲང་བླ་མ་རང་ལ་གཏད་པ་ཡིན། ང་རང་གི་བསམ་པ་ལ་གང་ཤར་ཞུས་པ་ལགས། ཞེས་ཞུ་བར་མཛད་པས་སྒྲུབ་ཁང་པ་ཆེན་པོ་མཉེས་ནས་འོ་ན་སྡོད། ལར་དེང་སང་ཐམས་ཅད་ཉམས་ལེན་བྱེ ད་བསམས་པ་མེད་པར་མང་པོ་ཞིག་ཐོས་དགོས་པ་འདུག ཆོས་རྣམ་དག་ཅིག་བྱེ ད་ན་ལམ་རིམ་འདི་ལ་སྦྱངས་ནས་རང་གི་སེམས་འདི་ཀོ་བ་མཉེད་མཉེད་བྱེད་དགོས་རྒྱུ་ཡིན། ལམ་རིམ་གྱི་སྟེང་དུ་ནཱ་རོ་ཆོས་དྲུག་གི་ཁྲིད་ཅིག་ཡིན་ན་ངེས་པར་ཐོབ་པར་བྱེ ད་དགོས་གསུངས། དེ་ལ་བླ་མ་རིན་པོ་ཆེ་འདི་པས་བཀའ་དྲིན་ཆེ་ཞེས་ཞུས་ནས་བླ་མའི་བཀའ་བཞིན་མཚམས་བཅད་དེ་ཡིག་བརྒྱ་འབུམ་ཐེར་དང༌། བརྐྱང་ཕྱག་འབུམ་ཐེར་ཞིག་བསགས། ལམ་རིམ་རང་ལ་ཐུན་བཞིར་བཅད་ནས་ལོ་མང་པོའི་བར་དུ་བསྒོམས་ཏེ་མྱོང་བ་ཐོན་པར་མཛད།

                    དེ་ཡང་དམིགས་སྐོར་རེ་རེ་ནས་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་སྒོ་ནས་བསྐྱངས་ཏེ་རྒྱུད་ལ་འཆར་དཀའ་བ་རྣམས་ལ་དམིགས་ཕུག་ནས་བསྒོམས། དེ་ཡང་དམྱལ་བའི་སྡུག་བསྔལ་སྒོམ་པའི་ཚེ་གྲང་དམྱལ་བ་རྣམས་ལ་སྡུག་བསྔལ་ཇི་ལྟར་ཡོད་ལྟ་བའི་ཕྱིར་དགུན་དགུ་འདྲེན་པའི་སྐབས་སུ་ཐོ་རངས་གཅེར་བུར་འཐོན་ནས་ཁང་པའི་ཕྱིར་ཕེབས་ཏེ་སྒྲོལ་མ་གསུམ་བཞི་རེའི་རིང་གཅེར་བུར་བཞུགས་པ་ན་གྲང་བའི་ངད་ཀྱིས་ལུས་སྒྲིབ་ནས་ཟུག་གཟེར་ཆེར་མི་མངོན།དེ་ནས་ནང་དུ་འོངས་ཏེ་གོས་བགོས་ཏེ་བཞུགས་པ་ན་ཆེར་འདར་ཞིང་རུས་པའི་གཏིང་ལ་ཟུག་གཟེར་བཟོད་པར་དཀའ་བ་བྱུང་བ་ན་དེ་ལས་བྱེ་བ་ཕྲག་བརྒྱ་འགྱུར་གྱིས་གྲང་དམྱལ་གྱི་སྡུག་བསྔལ་ཆེ་བ་ཡོད་ཚུལ་བསམས་ནས་རྒྱུད་ཐོག་ཏུ་བཀལ་ཏེ་མྱོང་བ་ཐོན་པར་མཛད། དེ་ལྟར་དམིགས་སྐོར་རེ་རེ་ནས་རྒྱུད་ལ་སྦྱར་ཏེ་མྱོང་བ་ཐོན་པར་མཛད། སྐབས་སྐབས་སུ་རྗེ་སྒྲུབ་ཁང་པ་མཇལ་ནས་ལམ་རིམ་གྱི་ཁྲིད་དང་བློ་སྦྱོང་གི་ཁྲིད་དང་གཅོད་ཀྱི་ཁྲིད་རྣམས་གསན་ཞིང་ཡང་དང་ཡང་དུསེམས་བསྐྱེད་ཞུས། གཞན་ཡང་མདོ་བསྟན་བཅོས་ཀྱི་ལུང་དང་མན་ངག་མང་དུ་གསན། དེ་ནས་བླ་མ་རིན་པོ་ཆེ་འདི་པ་ལ་ཆབ་མདོ་ནས་སྐུ་མཆེད་རྣམས་གདན་འདྲེན་དུ་ཡང་དང་ཡང་དུ་འོངས་པ་དང༌། འཕགས་པ་ལྷས་ཀྱང་འབྱོན་དགོས་པའི་བཀའ་ཤོག་ཕེབས་པ་བཅས་མཛད་དཀའ་བར་བྱུང་བ་ན་རྗེ་སྒྲུབ་ཁང་པ་ལ་ཞུས་པས་སྒྲུབ་ཁང་པ་ཆེན་པོས་ཁྱོད་ལམ་རིམ་ཆེན་མོའི་བཤད་ལུང་ཞིག་མ་ཐོབ་པར་ཁམས་སུ་འགྲོ་དགོས་བྱུང་ན་ཕངས་གསུངས་ནས་སྒྲུབ་ཁང་པ་ཆེན་པོས་ཐུན་བར་ཐུན་བར་ལ་ལམ་རིམ་ཆེན་མོའི་བཤད་ལུང་ཤོག་བུ་ཁ་ཤས་རེ་གནང་སྟེ་ལོ་གསུམ་ལ་ལེགས་པར་གྲུབ་པར་མཛད། དེ་ནས་ཀྱང་གདན་འདྲེན་ཡང་ཡང་བྱུང་བས་ད་ཕེབས་དགོས་རྒྱུ་ཨེ་ཡིན་དགོངས་པ་བྱུང་བ་ན་ཉིན་གཅིག་ཚོགས་སུ་དགེ་སློང་རྣམས་སྒྲོལ་མ་འདོན་པའི་ཚེ་ཐུགས་བསམ་ལ་ཁམས་ཕྱོགས་ལ་ཕེབས་དགོས་བྱུང་ན་ཅི་འདྲ་འོང་དགོངས་ནས་བླ་མ་ལ་ཕྱག་དབང་དང་སྐྱབས་འཇུག་ཞུས་ཏེ་སྐུ་མདུན་ནས་ཕྱི་འགྲོས་ཀྱིས་ཕེབས་ནས་གཟིམ་ཆུང་གི་ཕྱི་རོལ་ཏུ་སོན་པའི་རྣམ་པ་ཐུགས་ལ་མཛད་པའི་ཚེ་ཐུགས་སྐྱོ་ནས་སྙིང་འགས་པ་ཙམ་གྱི་ཚོད་འོང་བར་སྣང་ཞིང༌། དེ་ནས་ཀྱང་རིམ་གྱིས་ལམ་སོ་སོར་ཞུགས་ཏེ་རི་རེའི་རྩེར་ཕེབས་པའི་རྣམ་པ་མཛད་ནས་ཕ་གིའི་ཐད་དུ་བླ་མ་བཞུགས་པའི་ལུང་པ་དང་བླ་མའི་སྐུའི་རྣམ་པ་འདི་འདྲ་ཡོད་སྙམ་པ་སོགས་བསྒོམ་པར་མཛད་པ་ན་སྤྱན་ཆབ་དབང་མེད་དུ་ཡོང་གིན་འདུག་གསུངས། དེ་ནས་ང་བླ་མ་འདི་འདྲ་དང་བྲལ་ནས་འགྲོ་ཐབས་མི་འདུག་སྙམ་དུ་ཐག་བཅད་ནས་རྒྱལ་བ་འཕགས་པ་ལྷ་ལ་དེ་ལུགས་ཀྱི་ཞུ་ཡིག་བཟོས། ཞུ་ཡིག་དེ་ལ་སྒྲུབ་ཁང་པ་ཆེན་པོས་བདེན་པའི་མཐུ་བརྗོད་པའི་སྨོན་ལམ་དང་བྱིན་རླབས་ཤིག་མཛད་ནས་འཕགས་པ་ལྷར་ཕུལ་བ་ཕེབས་མ་དགོས། དེ་ནས་སྒྲུབ་ཁང་པ་ཆེན་པོས་ཇོ་བོ་ཡབ་སྲས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་ཀྱང་བླ་མ་རིན་པོ་ཆེ་འདི་པ་དང༌། སྐལ་ལྡན་གྱི་གདུལ་བྱ་གཞན་གཅིག་བཅས་གཉིས་ལ་གཟིམ་ཆུང་སྦུག་ཏུ་གསང་སྟབས་ཀྱིས་དགྱེས་བཞིན་དུ་གནང༌། བླ་མ་རིན་པོ་ཆེ་འདི་པས་དུས་དེ་ནས་བཟུང་སྟེ་ཐིག་ལེ་བཅུ་དྲུག་ལ་ཐུགས་དམ་གཙོ་བོར་མཛད་ཅིང༌། ཆོས་འདིའི་འཕྲིན་ལས་ཀྱི་བཀའ་བབ་སྟེ། དེའི་ཚུལ་ནི་འོག་ཏུ་སྟོན་ནོ། །

                    བར་སྐབས་ཤིག་སྟེང་གདོན་གྱི་གནོད་པ་ཞིག་བྱུང་བ་རྗེ་སྒྲུབ་ཁང་པ་ཆེན་པོ་ལ་ཞུས་པས་སྒྲུབ་ཁང་པ་ཆེན་པོས་ཕྱག་རྡོར་གྱི་རྗེས་གནང་སྩལ་ཏེ་འདིའི་བསྙེན་པ་ཞིག་གྱིས་གསུངས་པར། རྒྱུན་གྱི་ཐུགས་དམ་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་རྗེ་རིན་པོ་ཆེའི་ཐུགས་ཀར་ཕྱག་རྡོར་བསྐྱེད་ནས་བཟླས་པ་མཛད་པས་སྟེང་གདོན་གྱི་གནོད་པ་ལས་གྲོལ། རྗེ་སྒྲུབ་ཁང་པ་ཆེན་པོས་ཚེ་རབས་གཏན་གྱི་ལྷག་པའི་ལྷ་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྙེན་སྒྲུབ་ཅིག་བྱས་ན་ལེགས་པ་འདུག་གསུངས་པར་སྒྲུབ་ཁང་པ་ཆེན་པོར་སྒྲོལ་དཀར་གྱི་རྗེས་གནང་ཞུས་ནས་ཟླ་བ་གསུམ་གྱི་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཆེས་ཆེར་རྒྱས་ཏེ་འཆད་རྩོད་རྩོམ་གསུམ་ལ་སྤོབས་པ་ཐོགས་མེད་དུ་གྱུར་ནས། དེ་གོང་སྒྲ་དང་སྙན་ངག་ལ་སྦྱོང་བར་མ་མཛད་ཀྱང༌། དུས་དེ་ནས་བཟུང་མདོ་རྒྱུད་གསུང་རབ་ཀྱི་དགོངས་འགྲེལ་རྩོམ་པ་དང༌། སངས་རྒྱས་བྱང་སེམས་ཀྱི་བསྟོད་པ་མཛད་པ་སོགས་རྩོམ་པ་གང་མཛད་ཀྱང་སྤོབས་པ་ཐོགས་པ་མེད་ཅིང༌། སྙན་ངག་གི་རྒྱན་གྱི་ཉམས་ངོ་མཚར་བ་དག་རང་ཤུགས་ཀྱིས་འབྱུང་བ་ཞིག་བྱུང་སྟེ། ཚུལ་དེ་ནི་བླ་མ་རིན་པོ་ཆེ་འདི་པའི་གསུང་རྩོམ་རྣམས་བལྟས་པས་གསལ་ལོ། །དེ་ལྟར་བླ་མ་རིན་པོ་ཆེ་འདི་པས་རྗེ་སྒྲུབ་ཁང་པ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སྲོག་གི་ཕྱིར་ཡང་བཀའ་བཞིན་དུ་སྒྲུབ་པ་ལས་མི་འདའ་བར་གཙོ་བོར་བྱང་ཆུབ་ལམ་རིམ་གྱི་དམིགས་རྣམ་བསྐྱངས། དེའི་གེགས་སེལ་དང་མཐུན་རྐྱེན་བསྒྲུབ་ཕྱིར་རྒྱལ་ཀུན་ངོ་བོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་དང༌། ལྷག་པའི་ལྷ་རྣམས་ཀྱི་བསྙེ ན་སྒྲུབ་ལ་འབད་པ་དང༌། དཔག་པར་དཀའ་བའི་བསག་སྦྱོང་མཛད་པ་དང༌། ཟབ་ལམ་གཅོད་ཀྱི་རྣལ་འབྱོར་སྐྱོང་བ་དང་སྒྲུབ་ཁང་པ་ཆེན་པོའི་བཀའ་ལྟར་དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་དང་རྒྱུན་དུ་མཆོད་གཏོར་འཆག་མེད་མཛད་པ་སོགས་རྒྱུ་ཚོགས་ཚང་བའི་ཉམས་ལེན་ལ་ཆུ་བོའི་རྒྱུན་བཞིན་འབད་པས་རྒྱུ་མ་ཚང་བ་མེད་པ་ལས་འབྲས་བུ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་བླ་མ་རིན་པོ་ཆེ་འདི་པ་ལའང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཕུལ་དུ་ཕྱིན་པའི་རྟོགས་པ་འཁྲུངས་ཏེ། བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་ང་ཆུང་ངུའི་དུས་རྗེ་སྒྲུབ་ཁང་པ་ལས་ལམ་རིམ་ཐོག་མར་ཞུས་ཙམ་ནས། གསུང་རབ་ཀྱི་དོན་ལ་གོ་ཡུལ་རྒྱ་ཆེན་པོ་རང་མེད་ཀྱང༌། བློ་ལ་ཐག་ཆོད་ཤིན་ཏུ་ཆེ་བ་བྱུང་གསུངས།

                    དེ་ཡང་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པ་སྙིང་པོར་བྱེད་དགོས་པར་ཐག་ཆོད། དལ་འབྱོ ར་གྱི་སྐབས་ཚེ་ཐུང་འདི་ལ་ཆོས་རྣམ་དག་ཅིག་བྱེ ད་དགོས་པར་ཐག་ཆོད། སྐྱེས་བུ་ཆུང་ངུའི་སྐབས་ཚེ་འདི་བློས་གཏོང་དགོས་པར་ཐག་ཆོད། འབྲིང་གི་སྐབས་འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་དགོས་པར་ཐག་ཆོད། ཆེན་པོའི་སྐབས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་ཅིང་ཚོགས་གཉིས་ཟུང་འབྲེལ་དུ་སློབ་དགོས་པར་ཐག་ཆོད་པའི་བློ་སྐྱེས། རྗེས་སུ་བསམས་ཀྱང་ཐག་གཅོད་ལུགས་དེ་ཁ་རང་རེད་གསུངས་པ་ཁོ་བོ་རང་གིས་དངོས་སུ་ཐོས་པས་ཐོག་མར་རྗེ་སྒྲུབ་ཁང་པ་དང་མཇལ་ཏེ་ལམ་ཁྲིད་གསན་ཙམ་ཉིད་ནས་དེ་ལྟ་བུའི་ཐག་ཆོད་གདེང་ཁེལ་ཐུགས་ལ་འཁྲུངས་ཤིང༌། དེ་ནས་རྗེ་རྒྱལ་བ་གཉིས་པའི་སྙན་བརྒྱུད་ཀྱི་མན་ངག་དམ་པ་བྱང་ཆུབ་ལམ་གྱི་རིམ་པ་ལ་བཤད་པ་ཙམ་མ་ཡིན་པར། རྗེ་གྲུབ་པའི་དབང་ཕྱུག་གི་གསུང་གི་བདུད་རྩི་བཞིན་མྱོང་བ་ཐོན་ངེས་པར་དཔྱད་སྒོམ་དང་འཇོག་སྒོམ་གཉིས་བླ་མ་ལྷ་ལ་གསོལ་བ་འདེབས་པའི་གནད་དམ་པ་དང་བཅས་ཏེ་ཉམས་མྱོང་ལ་བཀར་ནས་བསྒོམ་པར་མཛད་པས། བཤེས་གཉེན་དམ་པ་སངས་རྒྱས་དངོས་སུ་མཐོང་བ། རང་གིས་ཐོབ་པའི་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ། འཆི་བ་མི་རྟག་པ། ངན་སོང་གསུམ་གྱི་སྡུག་བསྔལ། དེ་ལས་ཐར་པའི་ཐབས་དཀོན་མཆོག་ལ་སྐྱབས་འགྲོ་དང་སྡིག་སྤོང་དགེ་བ་སྒྲུབ་པ། མཐོ་རིས་ཀྱི་བདེ་བ་ཐོབ་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཤིང་མི་བརྟན་པ། དེར་འཁོར་བར་བྱེད་པའི་རྩ་བ་འཇིག་ལྟ་ལ་སོགས་པའི་ཉོན་མོངས་རྣམས་ཡིན་པ། དེ་སྤོང་བྱེད་ཀྱི་ཐབས་ལམ་བསླབ་པ་རིན་པོ་ཆེ་གསུམ་ཡིན་པ། རང་ཉིད་འཁོར་བའི་སྡུག་བསྔལ་ལས་གྲོལ་ཀྱང་སེམས་ཅན་གཞན་འཁོར་བའི་སྡུག་བསྔལ་གྱིས་མནར་བ་རྣམས་དྲིན་ཅན་གྱི་མ་ཤ་སྟག་ཡིན་པས་དེ་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང༌། དྲིན་དུ་བཟོ་བ་དང༌། བདག་གཞན་བརྗེ་བའི་འཕྲུལ་ཁྱད་པར་ཅན་ལ་བརྟེན་ནས་བྱང་ཆུབ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ལ་དམིགས་པའི་སྨོན་སེམས་དང་འཇུག་སེམས་ཀྱིས་བློའི་སྟོབས་ཡང་དག་པར་བསྐྱེད་ནས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བ་རྣམ་བཞི་ལ་ལེགས་པར་བློ་སྦྱོང་བ་དང༌། ལུས་སེམས་ཤིན་སྦྱངས་དང་བཅས་པའི་ཞི་གནས་དང༌། གནས་ལུགས་སྟོང་པ་ཉིད་ཀྱི་དོན་ལ་དམིགས་པའི་ལྷག་མཐོང་རྣམས་ཟུང་དུ་འབྲེལ་བ་རྣམས་ལ་རྡོ་རྗེ་ཐེག་པའི་ལམ་གྱིས་བསྣོན་མ་བཏབ་ནས་ཉམས་སུ་ལེན་ཚུལ་རྣམས་རྒྱལ་བ་ཐུགས་རྗེ་དང་བཀའ་དྲིན་མཚུངས་པའི་ཟླ་ཐམས་ཅད་བྲལ་བ་ཤཱཀྱའི་རྒྱལ་པོའི་གསུང་རབ་ཀྱི་དགོངས་དོན་རྒྱལ་བ་ཉིད་ཀྱིས་རང་གི་རྒྱལ་ཚབ་དམ་པར་དབང་བསྐུར་བ་མི་ཕམ་མགོན་པོ་དང༌། ཤིང་རྟ་ཆེན་པོ་རྣམས་ཀྱིས་ལེགས་པར་བཤད་པའི་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་པ་དཔལ་ལྷ་ཅིག་དཱི་པཾ་ཀ་རའི་བཤད་སྲོལ་རྗེ་རྒྱ་བ་གཉིས་པ་ཡབ་སྲས་ཀྱི་གསུང་ལས་འབྱུང་བ་བཞིན་དུ་ཐུགས་རྒྱུད་ལ་རྟོ གས་པའི་ཡོན་ཏན་འཁྲུངས་ཏེ། འགོ་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་ཟུང་འཇུག་གི་བར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་དམིགས་སྐོར་དེ་དང་དེ་དག་གང་དང་གང་གི་དོན་ལ་མཉམ་པར་བཞག་པའི་ཚེ། མཉམ་བཞག་གི་དུས་སུ་དེ་དང་དེའི་གནད་ཀྱི་དོན་བཅོས་མ་མ་ཡིན་པའི་ཏིང་ངེ་འཛིན་ལ་ཁྱུར་གྱིས་འགྲོ་ཞིང༌། རྗེས་ཐོབ་ཏུ་ཡང་མཉམ་བཞག་གི་དམིགས་པ་དེའི་སྟོབས་ཀྱིས་ཡུལ་གང་སྣང་ཐམས་ཅད་དངོས་གཞིའི་དམིགས་སྐོར་དེ་དང་དེ་གྲོགས་སུ་འགྲོ་བ་ཞིག་བྱུང་སྟེ། བཤེས་གཉེན་བསྟེན་ཚུལ་ལ་བླ་མའི་གཟིམ་ཁང་དང༌། ཞབས་ཕྱི་དང༌། གཟིམ་ཁང་དང་ཉེ་བའི་བྱ་རི་དྭགས་ཚུན་ཆད་ཀྱང་བླ་མའི་རྣམ་འཕྲུལ་ཡིན་སྙམ་པ་བཅོས་མིན་དུ་འཆར་བ་ལྟ་བུ་དམིགས་སྐོར་མཐའ་དག་ལ་བྱུང་སྟེ། ཚུལ་འདི་ནི་ལམ་གྱི་གནད་མཁྱེན་པའི་མཁས་པ་རྣམས་ཀྱིས་བརྟགས་ན་དཔག་པར་དཀའ་བའི་རྣམ་པར་ཐར་པ་ཡིན་པས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བླ་མ་རིན་པོ་ཆེ་འདིའི་མཛད་པ་རྣམ་ཐར་འདི་དག་བསམས་ལ་རྗེས་སུ་བསླན་པར་བྱ་ཞིང་ཐ་ན་སྨོན་ལམ་གྱི་ཡུལ་ཚུན་ཆད་དུ་བྱའོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།