རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 15:05:13     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

90642434459277989.jpg

                     དེ་ནས་བྱེས་པ་བླ་མས་གླིང་བསྲེའི་གྲྭ་སྐོར་མཛོད་ཅེས་གསུངས་པ་ན་རྗེ་གྲུབ་པའི་དབང་ཕྱུག་དགེ་ལེགས་རྒྱ་མཚོའི་ཞབས་དྲུང་དུ་ཕེབས་ནས་གྲྭ་སྐོར་བྱེད་ན། དེའི་ཚེ་བཤད་པ་གང་ལ་བྱེད་ཞུས་པས་སྒྲུབ་ཁང་པ་ཆེན་པོས་འཇམ་དཔལ་ཞལ་ལུང་བཟུང་ནས་བཤད་པ་བྱས་པ་སླར་གཞན་ལ་ཁྲིད་གཏོང་བ་ལ་ཁྱད་ཆེན་པོ་འོང་ཞེས་མ་འོངས་ལུང་བསྟན་དང་བཅས་གསུངས། དེ་ནས་བླ་མ་རིན་པོ་ཆེ་འདི་པས་རྗེ་སྒྲུབ་ཁང་པའི་བཀའ་ལྟར་འཇམ་དཔལ་ཞལ་ལུང་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་དགུང་ལོ་ཉི་ཤུ་རྩ་གཅིག་པ་ཆུ་ཕོ་རྟའི་ལོ་སེ་རར་གླིང་བསྲེའི་གྲྭ་སྐོར་མཛད་པས་བཤད་པས་བསྟན་པའི་མིག་རྒྱན་ལ་ཕན་པ་དང༌། དྲི་མ་མེད་པ་རིགས་པའི་ང་རོས་མཁས་པ་མཐའ་དག་གི་ཡིད་འཕྲོག་པར་མཛད། གླིང་བསྲེའི་གྲྭ་སྐོར་གྲུབ་ནས་རྗེ་སྒྲུབ་ཁང་པ་ཕུར་བུ་ལྕོག་ཏུ་བཞུགས་པའི་སྐུ་མདུན་དུ་མཇལ་བར་ཕེབས་པས་སྒྲུབ་ཁང་པ་ཆེན་པོས་ང་སྒྲུབ་ཁང་དུ་འགྲོ་བས་ཁྱོད་རང་འདི་ཁྱེར་ཤོག་གསུངས་ནས་གཅི་བས་གང་བའི་སྒྱེ་མོ་ཤིན་ཏུ་ལྕི་བ་ཞིག་བསྐུར་བར་མཛད་པ་ན། བླ་མ་རིན་པོ་ཆེ་འདི་པ་དེ་སྐབས་དཀའ་བཅུའི་གྲྭ་སྐོར་གྲུབ་པས་སེ་རར་མཁས་པའི་གྲགས་པ་ཆེ་བ་ཡོད་ཀྱང་མཁས་པའི་བསྙེམས་པ་མེད་པར་བླ་མའི་ཞབས་ཏོག་ཏུ་ཤི་ཡང་སྐལ་བ་བཟང་སྙམ་དུ་སྤྲོ་བ་ཆེན་པོས་ཤིང་ཁུར་ཆེན་པོ་དེ་བསྣམས་ཏེ་སེ་ར་རྩེར་ཕེབས་པས་རྗེ་སྒྲུབ་ཁང་པ་ཆེན་པོ་ཤིན་ཏུ་མཉེས་ནས་ཁོང་རང་གིས་སྔར་ཐུགས་གཉེར་མཛད་ལུགས།བླ་མ་རྟ་ཕུག་པ་བསྟེན་ལུགས། དེ་ནས་དཀའ་སྤྱད་སྙིང་རུས་ཀྱིས་སྒྲུབ་པ་མཛད་ལུགས་རྣམས་གསུངས་ནས་ཁྱེད་རང་ཡང་དེ་འདྲ་ཞིག་ཡོང་བ་བྱེད་དགོས་གསུངས་ཞིང་ད་ཁྱོད་རང་ཆོས་ཡག་པོ་ཞིག་བྱས་ན་འོང་གསུངས་པར་བླ་མ་རིན་པོ་ཆེ་འདི་པས་ཆོས་ཡག་པོ་ཇི་ལྟར་བྱེད་དགོས་ཞུས་པར། རྗེ་སྒྲུབ་ཁང་པས། ཆོས་རྣམ་དག་ཅིག་བྱེ ད་ན་རི་ཁྲོད་ལ་འགྲོ་དགོས། དེ་ཁྱོད་ཀྱིས་ཡོང་མི་ཡོང་རྗེ་བཙུན་མི་ལ་ལ་ཞུའོ་གསུངས་ནས་རྗེ་བཙུན་གྱི་རྣམ་མགུར་ལ་ཆོས་མོ་ལན་གསུམ་མཛད་སོང་བས་བཟང་པོ་ཤ་སྟག་བབ་པས་རྗེ་སྒྲུབ་ཁང་པ་ཤིན་ཏུ་མཉེས། བླ་མ་རིན་པོ་ཆེ་འདི་པའང་དད་ཅིང་སྤྲོ་བར་གྱུར་ནས་རྗེ་སྒྲུབ་ཁང་པ་ཆེན་པོའི་ཞབས་ལ་སྤྱི་བོས་གཏུགས་ཏེ། འཇིག་རྟ ན་འཇིག་རྟེ ན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཡིད་ལ་དྲན་པ་ཙམ་གྱི་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱི ན་གྱིས་རློབས། །ཞེས་སོགས་ལམ་གཙོའི་སྨོན་ལམ་ཡོངས་རྫོགས་འདེབས་པར་མཛད་དོ། །

                  དེ་ནས་བླ་མ་རིན་པོ་ཆེ་འདི་པ་དགུང་ལོ་ཉེར་གསུམ་ལ་བབ་པ་ན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བར་བཞེད་ནས་ཁྲེས་པོ་བསྣམས་ནས་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་བསྙེན་རྫོགས་ཀྱི་གསོལ་བ་བཏབ་པ་ན་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་བདེ་ལྡན་ཞིང་གི་མགོན་པོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་གངས་རིའི་ཁྲོད་ཀྱི་འདུལ་འཛིན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཁན་པོ་དང༌། ཡོངས་འཛིན་བསོད་ནམས་གྲགས་པས་གསང་སྟོན་མཛད་དེ་ཁ་སྐོང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཏེ་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར་ཏོ། །དེ་ནས་དབུས་སུ་ཕེབས་ཏེ་དབུ་མ་དང་འདུལ་བ་དང་མཛོད་རྣམས་ལའང་སྦྱངས་པ་མཐར་ཕྱིན་པར་མཛད་ནས་དགུང་ལོ་ཉེར་ལྔའི་ལོ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སུ་དཀའ་བཞིའི་གྲྭ་སྐོར་མཛད་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་པ་རྣམ་ཐར་རྗེས་སུ་བསྐྱངས། གྲྭ་སྐོར་གྱི་སྐབས་སུའང་རྗེ་སྒྲུབ་ཁང་པའི་ཞལ་གདམས་ཐུགས་ལ་བཞག་ནས་ཕྱིར་རྒོལ་སུ་ལའང་མཚང་འབྲུ་བ་དང༌། སྐྱོན་བརྗོད་པའི་ཚིག་རྩུབ་ཕྲ་མོའང་མ་གསུང་ཤིང༌། ཚིག་ལ་མི་རྟོན་དོན་ལ་རྟོན་ཏེ་བསྟན་བཅོས་གང་དང་གང་ཡིན་པ་དེ་དང་དེའི་བརྗོད་བྱའི་དོན་ཐམས་ཅད་རང་གི་རྒྱུད་འདུལ་བའི་ཐབས་ཤ་སྟག་ཏུ་འཁྱེར་པའི་ཚུལ་གོ་བར་བྱེ ད་པ་དང༌། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ནས་ཇི་ལྟར་འབྱུང་བ་ལྟར་དམ་བཅའ་གང་དང་གང་བཞག་པ་དེ་དང་དེ་ལ་འགལ་བ་དང་མ་ངེས་པ་དང༌། མ་གྲུབ་པའི་སྐྱོན་ཕྲ་མོའང་མེད་ཅིང་བཟློས་བུར་སྨྲ་བའང་མེད་པར་བསྒྲུབ་བྱའི་དོན་ཚུལ་གསུམ་པའི་རྟགས་ཀྱིས་སྒྲུབ་པའི་དྲི་མ་མེད་པའི་རིགས་པའི་ང་རོ་རྒྱ་ཆེར་བསྒྲགས་པས་གཟུ་བོར་གནས་པའི་མཁས་པ་མཐའ་དག་གཞན་དུ་ལོ་མང་པོར་ཐོས་པ་བྱས་པ་ལས་བླ་མ་རིན་པོ་ཆེ་འདི་པའི་རིགས་པའི་རྣམ་འགྱུར་ལན་ཅིག་མཐོང་བ་དང་ཐོས་པ་དོན་ཆེའོ། །ཞེས་སྨྲ་བས་སྙན་པའི་གྲགས་པས་སའི་སྟེང་ཁྱབ་པར་གྱུར་ཏོ། །

                  གྲྭ་སྐོར་གྲུབ་འཕྲལ་རྗེ་སྒྲུབ་ཁང་པ་མཇལ་དུ་ཕེབས་པས་རྗེ་སྒྲུབ་ཁང་པས་སེམས་བསྐྱེད་ཅིག་གནང་བ་དང་ཐུག་སྟེ་བླ་མ་རིན་པོ་ཆེ་འདི་བས་ད་ནི་སྲོག་ལ་བབ་ཀྱང་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་མི་གཏོང་ངོ་སྙམ་དུ་དམ་བཅའ་བརྟན་པོ་མཛད། ཚུལ་འདི་ལ་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས་དེ་དུས་སེམས་བསྐྱེད་ཀྱི་དམ་བཅའ་བརྟན་པོ་དེ་འདྲ་བྱས་པ་ཡིན། སེམས་བསྐྱེད་ཀྱི་བསླབ་བྱ་རྒྱ་ཆེ། བསླབ་བྱ་ལས་འདས་པའི་ཉེས་པ་གྲངས་མང་བས་ཉེས་པ་དེ་འདྲས་དམྱལ་བར་ལྷུང་ཡང་སྔོན་ཐོག་མ་མེད་པ་ནས་ལས་ངན་འབའ་ཞིག་བསགས་ཏེ་དམྱལ་བའི་སྡུག་བསྔལ་བརྒྱུད་མར་མྱོང་བའི་རྩིས་བཏང་ན་ད་རེས་སེམས་བསྐྱེད་ཀྱི་བསླབ་བྱ་ལས་འདས་པའི་ཉེས་པས་དམྱལ་བར་སྐྱེ་དགོས་བྱུང་ཡང་བཟོད། དོན་མེད་དུ་ལས་ངན་བསགས་པའི་རྩིས་བཏང་ན་ཐེག་ཆེན་གྱི་ཆོས་སྒྲུབ་པའི་ཕྱིར་དུ་སྡུག་བསྔལ་ཅི་མྱོང་དགོས་བྱུང་ཡང་སྐལ་བ་བཟང་གསུང་ལ་ཐོས་པས་ཚུལ་འདི་ཡང་དཔག་པར་དཀའ་བའི་རྣམ་པར་ཐར་པ་ཞིག་སྟེ། དེང་སང་སྙིགས་མ་ལྔ་ཆེས་ཆེར་བདོ་བས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་ལ་ཕྱོགས་ཤིང༌། ལྷག་པར་ཐེག་པ་ཆེན་པོ་མིང་ཙམ་ཡང་ནུབ་པ་ལ་ཕྱོགས་པའི་སྐབས་འདིར་རྒྱལ་སྲས་ཀྱི་སྙིང་སྟོབས་རླབས་པོ་ཆེ་འདི་འདྲ་བ་མཛད་པའི་རྣམ་ཐར་ནི་བློ་ཆེན་དག་ཀྱང་རྗེས་སུ་ཡི་རང་ཞིང་སྨོན་ལམ་གདབ་པའི་གནས་སོ། །དེ་ནས་བླ་མ་རིན་པོ་ཆེ་འདི་པས་རྗེ་སྒྲུབ་ཁང་པ་བདག་བླ་མའི་ཞབས་དྲུང་དུ་རི་ཁྲོད་དུ་བསྡད་ཆོག་པ་དགོས་ཞེས་ཞུ་བར་མཛད་པས། ལན་དུ་རྗེ་སྒྲུབ་པའི་དབང་ཕྱུག་གིས་ཕྱག་བྲི ས་ཤིག་སྩལ་འདུག་པའི་ནང་ན། འོ་དང་པོར་གལ་ཆེ་བ་ཕ་ཡུལ་དང་གཉེན་བཤེས་བློས་དོར། བར་དུ་གལ་ཆེ་བ་རྒྱུད་དང་རི་ཁྲོད་གང་རིགས་ཤིག་ཏུ་ཐོས་བསམ་གཙོ་བོར་ཐོན། མཐའ་མར་གལ་ཆེ་བ་ཚེ་དང་སྒྲུབ་པ་མཉམ་པར་བྱ་བ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཚུགས་པའི་སྒྲུབ་པ་སྙིང་པོར་མཛོད་མཛོད་གསུངས་པ་ཕྱག་བྲིས་སུ་གནང༌། བླ་མ་རིན་པོ་ཆེ་འདི་པ་ནི་སྒྲུབ་ཁང་པ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མིན་པ་ཡོད་པས་གང་གསུང་ཚད་མར་འཛིན་པར་མཛད་དེ་འཕྲལ་དུ་རི་ཁྲོད་དུ་ཕེབས་པར་ཐག་བཅད།

                    དེ་ཡང་སྤྱོད་འཇུག་ལས། ནགས་ན་རི་དྭགས་བྱ་རྣམས་དང༌། །ཤིང་རྣམས་མི་སྙན་བརྗོད་མི་བྱེ ད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང༌། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོ གས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང༌། །ཀུན་ལ་མི་མཁོའི་གོས་འཆང་ཞིང༌། །ལུས་འདི་སྦ་པ་མ་བྱས་ཀྱང༌། །འཇིགས་མེད་གནས་པ་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་འགོ་སྙོམས་བྱེད་པར་འགྱུར། །ཞེས་དང༌། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །དབེན་པ་ལ་ནི་དགའ་བ་བསྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །དགྲ་མེད་ཞི་བའི་ནགས་ཀླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང༌། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །ཞེས་གསུངས་པ་ལྟར་དབེན་པའི་ཡོན་ཏན་གྱིས་ཐུགས་ཡིད་ལེགས་པར་འཕྲོགས་ནས་རྗེ་སྒྲུབ་ཁང་པ་ཆེན་པོ་ལ་སྐྱིད་རུང་སྡུག་རུང་ང་ལ་བླ་མ་མིན་པ་བློ་རྩེ་གཏད་ས་མེད་པས་འདི་ཁར་བླ་མའི་ཞབས་ལ་གཏུགས་ནས་བསྡད་ཆོག་པ་དགོས་ཞེས་ནན་ཞུས་མཛད་པས། གྲུབ་པའི་དབང་ཕྱུག་ཆེན་པོ་དགེ་ལེགས་རྒྱ་མཚོ་ལེགས་པར་དགྱེས་ནས། ད་འོ་ན་འདི་ཁ་རང་དུ་སྡོད། ཁྲིད་སྐྱོང་བར་བྱེ ད་པ་ལ་སྤྱིལ་བུ་རང་དབང་འདུས་པ་ཞིག་དགོས་པ་ཡིན་པས་རྩིགས་ཤིག་གསུངས་ནས་དེའི་མཐུན་རྐྱེན་ཕྲན་བུའང་སྩལ། དེ་ནས་བླ་མ་རིན་པོ་ཆེ་འདི་པས་སྒྲུབ་ཁང་པའི་བཀའ་ལྟར་ཕུར་བུ་ལྕོག་ཏུ་གང་ཤོང་སྤྱིལ་བུ་ཞིག་བཟོས། བྱེས་པ་བླ་མ་ལ་དགོངས་པ་ཞུས་ཏེ་ཚེ་འདིའི་རྙེད་བཀུར་སྙན་གྲགས་གང་ལའང་ཆགས་པ་མེད་པར་ཕུར་བུ་ལྕོག་ཏུ་རྗེ་སྒྲུབ་ཁང་པའི་ཞབས་དྲུང་དུ་ཕེབས། ཕེབས་འཕྲལ་ལམ་རིམ་དམར་ཁྲིད་བདེ་ལམ་གྱི་ཁྲིད་ཅིག་གནང་བ་གསན། དེའི་ཚེ་སྒྲུབ་ཁང་པ་ཆེན་པོས་ཕུར་བུ་ལྕོག་ཏུ་དགེ་སློང་བརྒྱད་གྲྭ་ཞིག་གི་སྒྲུབ་སྡེ་འཛུགས་པར་བཞེད་ནས། འདུ་ཁང་རུང་ཁང་གཟིམ་ཆུང་རྣམས་ཀྱི་ཞལ་བཀོད་མཛད་པ་ན་བླ་མ་རིན་པོ་ཆེ་འདི་པས་སྔོན་རྗེ་བཙུན་མི་ལས་ལྷོ་བྲག་མར་པའི་ཞབས་དྲུང་དུ་མཁར་ལས་ཇི་ལྟར་མཛད་པ་དེ་ཁོ་ན་ལྟར་རང་ཉིད་མཁས་པ་ཆེན་པོ་ཡིན་པའི་ང་རྒྱལ་དང་རློམ་པ་ཕྲ་མོའང་མེད་པར། བྲན་ཁོལ་ལྟར་དུ་ས་རྡོ་དང་ཆུ་ལེན་པ་ཤིང་འདྲེན་པ་འཇིམ་པ་བསྐྱེལ་བ་རྩིག་པ་རྣམས་ལ་ཞལ་བ་བྱེད་པ་ལྷ་བྲིས་པའི་ལག་གཡོག་ཏུ་ཚོན་བསྣུར་བ་དྲེས་འདམ་བརྡུང་བ་སོགས་སྒོ་གསུམ་ངལ་བ་ཁྱད་དུ་བསད་ནས་བརྩོན་པ་ཆེན་པོས་བླ་མའི་བཀའ་བཞིན་སྒྲུབ་པར་མཛད།

                   དེ་ནས་རྗེ་སྒྲུབ་ཁང་པ་ཆེན་པོས་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཁྲིད་རྒྱས་པ་ཞིག་དང༌། བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱས་པ་ཞིག་གནང༌། རྗེ་སྒྲུབ་ཁང་པ་དེ་སྔགས་ལ་ཤིན་ཏུ་དམ་དོན་ཆེ་བ་ཡོད་ནའང་བླ་མ་རིན་པོ་ཆེ་འདི་པ་གཅིག་པུ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཟ་མ་ཏོག་གི་ལུང་དང༌། བསྐྱེད་རྫོགས་ཀྱི་མན་ངག་གནད་བསྡུས་ཤིག་གནང་སྟེ། སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་པ་ལ་ལས་སྒྲིབ་སྦྱོང་ཕྱིར་ཡིག་བརྒྱ་འབུམ་ཐེར་ཞིག་དང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་ཚད་དུ་འཁྱོལ་བ་ཤིག་ངེས་པར་བྱེད་དགོས་གསུངས་པ་ལྟར་བཀའ་བཞིན་དུ་སྒྲུབ་པར་མཛད། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།