རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 15:00:43     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 66732692925757264.jpg

                    དེ་ནས་དགུང་ལོ་བཅུ་དྲུག་གི་དུས་ཕར་ཕྱིན་གྱི་གཞུང་ལ་སྦྱངས་ཏེ་ལོ་གཉིས་ཀྱི་རིང་ལ་ཕར་ཕྱིན་ལ་མཁས་པར་གྱུར་ཏེ་དགུང་ལོ་བཅུ་བདུན་ལ་རིགས་ཆུང་ཚོགས་ལང་མཛད་པས་མཁས་པ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར།ལོ་དེའི་སྟོན་དུས་སེ་ར་རྩེར་རྗེ་སྒྲུབ་ཁང་པ་མཇལ་བར་ཕེབས་པས་རྗེ་སྒྲུབ་ཁང་པའི་ཞབས་ཕྱིར་བླ་མ་རིན་པོ་ཆེ་འདི་པའི་ཁུ་བོ་དཀའ་བཅུ་སྐལ་ལྡན་ཟེར་བ་ཞིག་བཞུགས་པས་དེས་སང་ཉིན་སེམས་བསྐྱེད་མཆོད་པ་ཡིན་པས་མེ་ཏོག་གང་འབྱོར་ཉོས་ལ་སང་ཉིན་སྔ་བར་ཤོག་ཅེས་ཞལ་ཏ་གནང་བ་བཞིན་བླ་མ་རིན་པོ་ཆེས་ཀྱང་དེ་བཞིན་མཛད་ནས་སང་ཉིན་མེ་ཏོག་མང་པོ་བསྣམས་ནས་སྒྲུབ་ཁང་དུ་ཕེབས་ཏེ་ལམ་ཁྲིད་གསན་གྲུབ་པའི་དགེ་སློང་མང་པོ་དང་ལྷན་ཅིག་སེམས་བསྐྱེད་ཞུ་བར་མཛད། ཆོས་གྲོལ་ནས་རྗེ་སྒྲུབ་ཁང་པ་ཆེན་པོ་མཇལ་བར་ཕེབས་པས་རྗེ་སྒྲུབ་ཁང་པ་ཆེན་པོས་བཀའ་འདྲི་ཞིབ་ཏུ་གནང་ནས་གཞོན་ནུ་འདི་ལྟ་བུ་ནས་བྱང་ཆུབ་སེམས་དཔའ་བྱེད་ཐུབ་པ་ཤིན་ཏུ་ལེགས། གཞུང་ཆེན་མོ་རྣམས་ལ་སློབ་སྦྱོང་འགྲུས་པར་གྱིས་སྐབས་སྐབས་སུ་འདིར་ཤོག །ངེད་ནས་ཉམས་ལེན་ལས་བརྩམས་པའི་བསླབ་བྱ་བྱེད་ཅེས་དགྱེས་པའི་གསུང་བྱོན། དེ་ནས་ཁུ་བོ་དཀའ་བཅུ་པའི་སར་ཕེབས་པས། དཀའ་བཅུ་པས། ཁྱོད་ཀྱིས་དེ་རིང་བླ་མས་གསུངས་པ་རྣམས་ངེས་སམ་གསུངས། ངེས་བྱུང་ལགས་ཞེས་ཞུས་པ་ན། དཀའ་བཅུ་པས། འོ་ན་སྐྱོར་དང་གསུངས་པར་བླ་མ་རིན་པོ་ཆེ་འདི་བས་རྗེ་སྒྲུབ་ཁང་པས་གང་གསུངས་པ་ཐམས་ཅད་ཆད་ལྷག་མེད་པར་བསྐྱོར་བས་དཀའ་བཅུ་པ་ཆེས་ངོ་མཚར་ཏེ་ཁྱོད་ནི་བག་ཆགས་བཟང་པོ་ཞིག་འདུག་ཅེས་གསུངས། དེ་ནས་སེ་རར་ཐུགས་གཉེར་མཛད་བཞིན་པའི་མུར་དགུང་ལོ་བཅོ་བརྒྱད་ལ་བབ་པའི་ཚེ་བླ་མ་རིན་པོ་ཆེ་འདི་པས་མཁར་རྡོ་དཔོན་སློབ་རིན་པོ་ཆེ་འོལ་ཁ་ནས་སྐྱིད་ཤོད་དུ་ཕེབས་ཏེ། ལྷ་ས་ནག་ཚང་བྱང་དུ་ཚོགས་མཆོད་ཀྱི་དུས་སློབ་མའི་ཚོགས་དུ་མ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་མན་ངག་དམ་པ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་སྟེང་ནས་སྩལ་བ་གསན་པར་ཕེབས་པས་ལམ་གྱི་ངོ་བོ་དང༌། གྲངས་དང༌། གོ་རིམ་དང༌། དབྱེ་བ། སོ་སོའི་དོན་རྣམས་ལ་ངེས་པ་གཏིང་ཚུགས་པ་འཁྲུངས་ཏེ། རྒྱུ་འབྲས་མན་ངག་གི་དང་པོ་མར་ཤེས་ཀྱི་སྐབས་ནས་འབྱུང་བ་ལྟར་དེ་ཕྱིན་ཆད་ནས་བཟུང་སྟེ་སེམས་ཅན་གཟིགས་སོ་ཅོག་ལ་འདི་ནི་བདག་གི་དྲིན་ཅན་གྱི་མའོ་སྙམ་དུ་འབད་མེད་དུ་ཐུགས་ལ་འཆར་བ་ཞིག་བྱུང་བ་འདི་ནི་གཞན་གྱིས་ཡི་རང་བ་ཙམ་ཡང་བྱ་བར་དཀའ་བའི་གནས་རྣམས་ལ་མྱོང་བ་མཐར་ཕྱིན་པ་མངོན་དུ་མཛད་པའོ། །བླ་མ་རིན་པོ་ཆེ་འདི་པས་ལམ་རིམ་གསོལ་འདེབས་གྲས་སུ། བློ་བཟང་རྒྱལ་བའི་རིན་ཆེན་གཞུང་ལུགས་ལ། །འདོད་དགུ་སྤྱོད་པའི་རླབས་ཆེན་སྙིང་སྟོབས་ཅན། །བཟོད་པའི་གོ་ཆ་རྒྱ་མཚོ་ལེགས་བགོས་པའི། །སྒོམ་ཆུང་རི་ཁྲོད་དབང་པོར་གསོལ་བ་འདེབས། །ཞེས་ངེས་པར་འཇུག་པར་མཛད་ཀྱིན་ཡོད་པ་སྐུ་ན་ཕྲ་མོའི་དུས་དེ་སྐབས་མཁར་རྡོ་མཁན་པོ་འདི་པས་བདེ་ལམ་གྱི་ཁྲིད་གནང་བ་དེ་ཐུགས་ལ་ཤིན་ཏུ་འཕྲོས་པ་ཞིག་བྱུང་བས་དེ་ལྟར་མཛད་པ་ཡིན་གྱི་བརྒྱུད་རིམ་ལ་མེད་མི་རུང་མིན་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དྲུང་པ་རྟ་ཕུག་པ། དེས་རྗེ་སྒྲུབ་ཁང་པ། དེས་བླ་མ་རིན་པོ་ཆེ་འདི་པ་ལ་གནང་བ་ཡོངས་སུ་གྲགས་པ་ལྟར་རོ། །

                    དེ་ནས་རྗེ་སྒྲུབ་ཁང་པ་ཆེན་པོར་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཉིན་གསུམ་གྱི་རིང་ཞུ་བར་མཛད་དེ། དུས་དེ་ནས་བཟུང་བླ་མའི་རྣམ་འབྱོར་འདི་འཆག་མེད་མཛད་ཅིང༌། ལྷག་པར་གྲོགས་དཔལ་འབྱོར་གྲགས་པ་དང་བསྡེབས་ནས་ར་ཁ་བྲག་ཏུ་དགུན་ཐོག་གཅིག་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་སྐྱོང་ཞིང་བཞུགས། དེ་སྐབས་ར་ཁ་བྲག་གི་སྒྲུབ་སྡེ་མ་ཆགས་པས་གཉིས་ཀས་ཕུག་པ་རེ་བཟུང་ནས་སོ་སོར་བཞུགས།བླ་མ་རིན་པོ་ཆེ་འདི་པས་ཐུན་དངོས་གཞི་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་སྔོན་དུ་བཏང་སྟེ་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་བསྒོམས་ནས་དམིགས་བརྩེ་མ་གང་འགྲུབ་དང༌། ཐུན་མཚམས་སུ་ལྟུང་བཤགས་སུམ་ཅུ་སོ་ལྔ་རེ་དང་བརྐྱང་ཕྱག་སྦྲགས་པའི་བསག་སྦྱངས་ལ་འབད་པས་སྐུལ་བྱེད་ཀྱི་གཟུངས་ནས་ཇི་ལྟར་བཤད་པ་ལྟར་གྱི་ལས་སྒྲིབ་དག་པའི་མཚན་མ་བརྟན་པོ་ཐོབ་ཅིང༌། ལྷག་པར་ནུབ་ཅིག་ཕྱག་ཏུ་རལ་གྲི་ཞིག་བྱུང་བ་བསྣམས་ཏེ་ནམ་མཁའ་ལ་འཕུར་བའི་མཚན་ལྟས་ཤིན་ཏུ་གསལ་བ་བྱུང༌། བླ་མ་རིན་པོ་ཆེ་རང་ཡོན་ཏན་སྦ་བ་གཙོ་བོར་མཛད་པས་འདི་ཙམ་ལས་མི་གསུང་མོད། དོན་དུ་ན་རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་རིན་པོ་ཆེའི་སྐུ་དང་གསུང་སྣང་བ་བྱུང་བར་ངེས་སོ། །དེ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཆེས་ཆེར་རྒྱས་ཏེ་བཤེས་གཉེན་ལ་དད་པ་ནས་ཞི་ལྷག་གི་བར་ལམ་གྱི་ངོ་བོ་དང་གྲངས་ངེས་གོ་རིམ་རྣམས་ལ་ངེས་པ་བརྟན་པོ་རྙེད་ཅིང༌། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་རྣམས་ལ་མྱོང་བ་ཕུལ་ཕྱིན་ཐོན། དེ་སྐབས་འཚོ་བ་དཀའ་ཐུབ་ལ་གནས་པས་ཉིན་རེའི་གསོལ་ཟས་ཙམ་ཡང་མེད་ཀྱང་འཁོར་བའི་ཕུན་ཚོགས་གང་ལ་ཡང་ཡིད་སྨོན་ནམ་ཡང་མི་སྐྱེ། འཁོར་བའི་ཕུན་ཚོགས་གང་དང་གང་མཐོང་ཙམ་གྱིས་འཇིགས་སྐྲག་ཞེན་ལོག་ངང་གིས་སྐྱེ་བ་ཞིག་བྱུང༌། སྐུ་མཚམས་གྲོལ་ནས་སེ་རར་ཕེབས་དུས་ལོ་གསར་གྱི་སྐབས་ཡིན་པས་ཁང་ཚན་གྱི་གྲྭ་པ་རྣམས་ལོ་གསར་གྱི་དགའ་སྟོན་ཡིན་ཟེར་ནས་བཟའ་བཏུང་སྣ་ཚོགས་བྱེད་ཅིང་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཙམ་ཡང་ཚུལ་མཐུན་མི་འཛིན་པར་ཕན་ཚུན་རྩེད་འཇོ་བྱེ ད་ཅིང༌། ཧ་ཧ་ཧུ་ཧུ་ཟེར་ནས་དགའ་དགའ་སྐྱིད་སྐྱིད་ལྟར་བྱེ ད་པ་རྣམས་གཟིགས་པ་ན། དེ་རིང་རང་ཡང་མི་འཆི་བའི་གདེང་མེད་ཅིང་གར་འགྲོའི་གཏོལ་མེད་པར་འདི་འདྲ་བྱེད་ཕོད་པ་མི་འདི་དག་ངེས་པར་སྨྱོ་བ་ཡིན་པར་འདུག་སྙམ་པ་བཅོས་མིན་དུ་འཆར་ཞིང༌། དེའི་རིང་ལ་སྤྱན་ཆབ་རྒྱུན་མི་འཆད་དུ་འབབ་པ་ཐབས་ཅི་བྱས་ཀྱང་ཆད་མི་ཐུབ་པ་ཞིག་བྱུང་གསུངས། དེ་ཁའི་མུར་རྒྱལ་པོ་ལྷ་བཟང་གིས་སྡེ་སྲིད་རིན་པོ་ཆེ་བཅོམ་སྟེ་གྲོང་སྨད་ཀྱི་དངོས་ཆས་རྣམས་སོག་པོའི་གྲྭ་པ་རྣམས་ལ་བྱིན་ཏེ་གྲྭ་པ་རྣམས་ཧབ་ཐོབ་བྱེད་པ་གཟིགས་པ་ན་སྐྱོ་ཞིང་ཡིད་འབྱུང་བ་ཆེས་ཆེར་འཕེལ་ཏེ་ཕ་ཕ་འདི་འདྲ་བྱེད་ཕོད་པ་སྙམ་དུ་སྤྱན་ཆབ་རྒྱུན་མི་འཆད་པ་ཉིན་མཚན་ཁོར་ཡུག་ཏུ་བྱུང་བས་སྐུ་གཟུགས་ཀྱི་ཟུངས་ཀྱང་ཤིན་ཏུ་ངན་པ་བྱུང་གསུངས། ཚུལ་འདི་ལ་རྒྱལ་བའི་གསུང་རབ་དང་ཤིང་རྟ་ཆེན་པོའི་གཞུང་གི་དོན་ལ་འདྲིས་པ་སྔོན་བྱོན་དམ་པའི་རྣམ་ཐར་གྱི་རྒྱུས་ཡོད་པ་དག་གིས་བལྟས་ན་དཔག་པར་དཀའ་བའི་རྣམ་ཐར་ཡིན་ཏེ་མྱུར་དུ་འཆི་བའི་ཚུལ་ལ་མྱོང་བ་ཐོན་ནས་ཚེ་འདི་ལ་མ་ཆགས་པར་ཕྱི་མ་དོན་གཉེར་གྱི་བསམ་པ་བཅོས་མིན་སྐྱེ་བའང་ཤིན་ཏུ་དཀའ་ན་སྲིད་པའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་སྐྱེ་དཀའ་བ་དང༌། ངེས་འབྱུང་དེ་ལྟར་སྐྱེས་ན་ངོ་མཚར་བའི་གནས་ཡིན་པ་ལྟ་ཅི་སྨོས། སྟོན་པ་ཐུགས་རྗེ་ཅན་དེས་དགེ་སློང་རྣམས་ལ་གསེར་དངུལ་ལ་རེག་པ་ཙམ་ཡང་མི་རུང་བ་སོགས་འདུལ་བའི་བཅས་པ་ཇི་སྙེད་ཅིག་མཛད་པ་ཐམས་ཅད་འདི་འདྲ་བའི་ངེས་འབྱུང་བཅོས་མིན་སྐྱེ་བའི་ཐབས་སུ་མཛད་པ་ཡིན་པས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བླ་མ་རིན་པོ་ཆེ་འདིའི་མཛད་པ་རྣམ་ཐར་འདི་འདྲ་བ་ལ་ཡིད་སྨོན་དུ་བྱའོ། །

                    དེ་ནས་སྔར་ལྟར་གཞུང་ལུགས་ལ་སྦྱོང་བ་དང་བསགས་སྦྱང་ལ་འབད་པ་དང༌། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་འདེབས་པ་རྣམས་ལ་བརྩོན་པར་མཛད་ཅིང༌། ཆོས་གྲྭའི་སྐབས་ཉིན་གཅིག་གི་འཚོ་བའི་མཐུན་རྐྱེན་ཙམ་ཡང་མེད་ཀྱང་ཚོགས་ཀྱི་མང་ཇ་ཙམ་ལ་བརྟེན་ཏེ་སྔ་ཆོས་དགོང་ཆོས་འཆག་མེད་དང༌། དེའི་བར་རྣམས་སུ་གཞུང་གི་འཛིན་སྐྱོར་དང་བསག་སྦྱང་ལ་བརྩོན་པར་མཛད། དེའི་ཚེ་ན་བཟའ་ཧྲུལ་ལ་འཚོ་ཆས་ཤིན་ཏུ་བཀྲེན་པས་མཐང་གོས་ཧྲལ་ཧྲུལ་དུ་གྱུར་ཏེ་པུས་མོ་སྔོ་ཧྲིང་ཧྲིང་བ་ཀུན་གྱིས་མཐོང་བ་དང༌། ཟླ་གམ་ཧྲལ་ཧྲུལ་དུ་གྱུར་ཏེ་ཚོགས་སུ་དགེ་འདུན་རྣམས་མང་ཇ་ལ་གསོལ་བ་བཞེས་པའི་ཚེ་གསོལ་ཞིབ་ཡོད་རྒྱུའི་ཁུལ་གྱིས་ཟླ་གམ་གྱིས་གདོང་བཏུམས་ཀྱང་གཡས་གཡོན་ཐམས་ཅད་རལ་པའི་སྐར་ཁུང་དུ་གྱུར་ཏེ་སྦ་མི་ཐུབ་པར་ཀུན་གྱིས་མཐོང་བ་ཞིག་བྱུང་བས་ཚེ་འདི་སྣང་ཤས་ཅན་དག་ནི་ཚུལ་འདི་མཐོང་བས་ཡ་ང་ཞིང་སྙིང་རྗེའི་གནས་སུ་བྱེད་པ་དང༌། སྐྱེ་བོ་དམ་པ་རྣམས་ནི་ངོ་མཚར་བའི་གནས་སུ་བྱེད་པ་ཞིག་བྱུང་ངོ༌། །དེ་འདྲ་བའི་འཚོ་ཆས་བཀྲེན་པའི་སྐབས་སུའང་འབྱོར་བ་ཅན་དག་གཟིགས་པ་ན་ཡིད་སྨོན་མི་སྐྱེ་བར་མ་ཟད་ལྷག་པར་སྙིང་རྗེ་སྐྱེ་ཞིང་རེ་ཤིག་གཞུང་ལུགས་ཆེན་མོ་འདི་རྣམས་ལ་སྦྱངས་ལ་ནམ་ཞིག་ན་དབེན་པའི་གནས་སུ་འཚོ་བ་དཀའ་ཐུབ་ལ་གནས་ནས་ལམ་ཆ་ཚང་ལ་སྒྲུབ་པ་བྱེད་པ་ཞིག་ནམ་འོང་སྙམ་པ་འབའ་ཞིག་ཐུགས་ལ་བརྣགས་ཤིང་དོན་དེ་ལྟར་དུ་ཡང་དང་ཡང་དུ་སྨོན་ལམ་འདེབས་པར་མཛད་དོ། །དེ་ལྟར་ཕར་ཕྱིན་ལ་སྦྱོང་བས་ཚེ་ཕར་ཕྱིན་གྱི་སྤྱི་དོན་དང་མཐའ་དཔྱོད། ཟུར་བཀོལ་བཞི་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་དགེ་འདུན་ཚོགས་པའི་དབུས་སུ་སྐྱོར་བའི་ཚོགས་བསོག་ཀྱང་མཛད།

                                                                                                                          རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།