རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:54:49     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 25570356060775323.jpg

                    འོན་ཀྱང་བླ་མ་རིན་པོ་ཆེ་ཉིད་རང་ནི་བྱམས་མགོན་གྱི་སྤྲུལ་པ་ཡིན་པར་ཞལ་བཞེས་ག་ལ་མཛད་དེ་ས་ཐོབ་པ་ཞིག་ཡིན་པ་ཡང་གཏན་ནས་ཞལ་བཞེས་མི་མཛད། དེར་མ་ཟད་ལམ་སྣ་ཟིན་པ་ཞིག་ཡིན་པར་ཡང་ཞལ་གྱིས་མི་བཞེས། གཞན་དག་དགེ་བའི་བཤེས་གཉེན་གྲགས་ཆེ་ཚད་སྤྲུལ་པ་རེར་སྐྱེལ་བ་ལའང་ཐུགས་མི་མཉེས་པའི་གསུང་མང་དུ་འབྱོན།དེ་ནི་སྔོན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས་རང་ཉིད་ཆོས་སྒོར་ཞུགས་ནས་དཀའ་སྤྱད་མཛད་ཚུལ་རྣམས་གསུངས་པའི་ཚེ་རྗེ་བཙུན་ལ་རས་པ་ཞི་བ་འོད་ཀྱིས་རྗེ་བཙུན་གྱིས། ཆོས་ཞུ་ཚེ་བླ་མའི་དྲུང་དུ་མོས་གུས་དང་དཀའ་སྤྱད་མཛད་ལུགས་སམ། ཆོས་ཐོབ་ནས་རི་ལ་བསྒོམ་པའི་ཐུགས་རུས་སམ། གང་ནས་བསམས་རུང་བློས་མི་འཁྱུད་པ་གདའ་བས། མཛད་པ་དེ་རྣམས་ལ་བསམས་ན། བདག་ཅག་རྣམས་ཀྱི་ཆོས་འདི་རང་བྱེད་བློར་གདའ་བས། འཁོར་བ་མི་གྲོལ་བར་འདུག །མི་རང་དྲག་ན་ཞེས་མང་དུ་ངུས་པས། རྗེ་བཙུན་གྱི་ཞལ་ནས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་བསམས་ན། མོས་གུས་དང་སྙིང་རུས་དེ་ཡང་ཆེས་སྐྱོན་རང་མི་འདུག །སྙིང་ཡོད་རྣམས་ཀྱིས་རྒྱུ་འབྲས་ཀྱི་ཆོས་ཐོས་ནས་ལས་འབྲས་ལ་ཡིད་ཆེས་རྟིང་དེ་ཙམ་གྱི་སྙིང་རུས་ཀུན་གྱིས་ནུས་པར་གདའ་སྟེ། ཆོས་ལ་ཡིད་མ་ཆེས་པར་གོ་ཡུལ་དུ་ལུས་ཤིང༌། ཆོས་བརྒྱད་བློས་མ་ཐོངས་པ་ཡིན་པས། རྒྱུ་འབྲས་ལ་ཡིད་ཆེས་པ་གལ་ཆེ། རྒྱུ་འབྲས་རགས་པ་ཙམ་ལའང་ཡིད་མ་ཆེས་པའི་རྟགས་ནར་མར་བསྟན་རྟིང༌། སྟོང་ཉིད་ཀྱི་བཤད་པ་ལུང་རིགས་དང་མཐུན་མཐུན་མོ་མང་པོ་བྱས་རུང༌། སྟོང་ཉིད་དེ་བས་ཀྱང་ཕྲ་བས་གོ་བ་དང་ཡིད་ཆེས་པ་དཀའ། སྟོང་ཉིད་ལ་ཡིད་ཆེས་རྟིང༌། སྟོང་ཉིད་རང་རྒྱུ་འབྲས་སུ་ཤར་བར་གོ་ནས། རྒྱུ་འབྲས་ཀྱི་འདོར་ལེན་སྡིག་སྤོང་དགེ་སྒྲུབ་བརྩོན་དུ་རང་འགྲོ་བ་ཡིན་ཞིང༌། ཆོས་ཀུན་གྱི་རྩ་བ་རྒྱུ་འབྲས་ལ་ཡིད་ཆེས་པ་འདི་ཡིན་པས། སྡིག་སྤོང་དགེ་སྒྲུབ་ཀྱི་ཕྱག་ལེན་ལ་ཞིབ་པ་དང་བརྩོན་པ་གལ་ཆེའོ། །

                    ངས་དང་པོ་སྟོང་ཉིད་ཀྱི་དོན་མ་རྟོགས་ཏེ་རྒྱུ་འབྲས་ལ་ཡིད་ཆེས་པས་སྡིག་པ་ཚབས་ཆེན་དེ་བསགས་རྟིང༌། ངན་སོང་གསུམ་ལས་བཏང་ས་མེད་སྙམ་འཇིགས་སྐྲག །བླ་མ་ལ་མོས་གུས་དང་སྒོམ་པ་ལ་སྙིང་རུས་མི་ཡོང་དབང་མེད་བྱུང་བ་ཡིན། ཁྱེད་རྣམས་ཀྱང་ང་རང་གི་ངག་ལྟར་གསང་སྔགས་ཀྱི་ཉམས་ལེན་ད་ལྟའི་འདི་བཞིན་དུ་གྱིས་ལ་རི་ཁྲོད་དུ་གཅིག་པུར་སྡོད་ནུས་པར་གྱིས་ཤིག །འཁོར་བ་ལས་ཐར་པའི་ཁག་མི་རྒན་ང་རང་གིས་ཁུར་བ་ཡིན་ནོ་གསུངས། ཡང་ངན་རྫོང་སྟོན་པ་བོ་དྷི་རཱ་ཛས། རྗེ་བཙུན་རིན་པོ་ཆེ་རང་རྡོ་རྗེ་འཆང་ཆེན་མིའི་གཟུགས་སུ་སྐུ་སྤྲུལ་ནས་མཛད་པ་དེ་རྣམས་སེམས་ཅན་གྱི་དོན་དུ་སྟོན་པ་ཞིག་ཡིན་པ་འདྲ། དེ་མིན་རུང༌། བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་བསགས་པ། ཕྱི ར་མི་ལྡོག་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ཐག་ཆོད་གདའ་སྟེ། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། ཞེས་བྱ་བའི་རྟགས་རྣམས་རྗེ་བཙུན་ལ་ཚང་གདའ། དེ་མིན་བདག་སོགས་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི། བླ་མའི་དྲུང་གི་དད་གུས་ཀྱི་མཛད་པ་སོགས། ཆོས་ཕྱི ར་དཀའ་བ་སྤྱད་ཚུལ་རྗེ་བཙུན་གྱི་དེ་འདྲ་བློ་རང་གི་ཡང་མི་འཁྱུད་ན། ཕྱག་ལེན་ལ་སུས་ཁེལ། བརྒྱ་ལ་ཕྱག་ལེན་ལ་བཀལ་རུང་ལུས་ཀྱིས་སྐྱེན་མི་ཐེག་པར་འདུག་པས། རྗེ་བཙུན་དང་པོ་ནས་སངས་རྒྱས་བྱང་སེམས་གང་རུང་ཞིག་ཡིན་པར་ཐག་ཆོད་གདའ། དེས་ན་བདག་ནི་ཆོས་མ་ནུས་རུང་རྗེ་བཙུན་གྱི་ཞལ་མཐོང་གསུང་ཐོས་པའི་སེམས་ཅན་རྣམས་ཀྱང་འཁོར་བ་ལས་གྲོལ་སྙམ་པ་གདའ་བས། རྗེ་བཙུན་རྡོ་རྗེ་འཆང་ངམ། བྱང་ཆུབ་སེམས་དཔའ་གང་གི་སྤྲུལ་པ་ལགས་པ་དེ་གསུང་དུ་གསོལ་ཞེས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་གང་གི་སྤྲུལ་པ་ཡིན་ང་རང་ལ་ཡང་ཆ་མེད། ངན་སོང་གསུམ་གྱི་སྤྲུལ་པ་ཡིན་རུང༌། ཁྱེད་རང་རྣམས་ཀྱིས་རྡོ་རྗེ་འཆང་སོགས་གང་དུ་མཐོང་བ་དེའི་བྱིན་རླབས་འཇུག་པས་མོས་གུས་གྱིས། སྤྲུལ་པ་ཡིན་སྙམ་པ་དེ་ཁྱེད་རང་རྣམས་ཀྱིས་ང་ལ་དག་སྣང་ཡིན་ཏེ། ཆོས་ལ་ལོག་ལྟ་དེ་བས་ཆེ་བ་མི་ཡོང༌། ཆོས་རྣམ་དག་བྱེད་པའི་ཆེ་བ་མ་མཐོང་བས་ལན། སྤྱིར་དམ་པའི་ཆོས་ཀྱི་ཆེ་བས། ཚེ་སྟོད་ལ་ང་ལྟ་བུར་སྡིག་པ་ཚབས་ཆེན་བྱས་པའི་སོ་སོ་སྐྱེ་བོ་ཞིག་ཡིན་རུང༌། ཕྱི ས་རྒྱུ་འབྲས་ལ་ཡིད་ཆེས་ནས། ཚེ་བློས་བཏང་སྟེ་སྒོ་གསུམ་གཡོ་མེད་དུ་བསྒྲིམ་ནུས་ན་སངས་རྒྱས་ཐོབ་པ་ལ་ཐག་རིང་མི་འདུག ཁྱ ད་པར་བླ་མ་མཚན་ལྡན་ཞིག་གིས་རྗེས་སུ་བཟུང་ཞིང༌། གསང་སྔགས་ཉེ་ལམ་གྱི་མན་ངག་དང་སྙིང་པོའི་དོན་ཐ་སྙད་ཀྱི་སྒྲིབ་གཡོགས་མེད་པར་གཅེར་མཐོང་དུ་ངོ་སྤྲོད་པའི་དབང་དང་གདམས་ངག་ཐོབ་ནས་བསྒོམ་ནུས་ན། ཚེ་འདིར་སངས་རྒྱ་མི་རྒྱ་ཐེ་ཚོམ་མི་འདུག་ཅིང༌། ཚེ་འདིར་མི་དགེ་བཅུ་དང་མཚམས་མེད་ལྔའི་ལས་ཚབས་ཆེན་བྱས་ན་ཤི་མ་ཐག་དམྱལ་བ་མནར་མེད་དུ་སྐྱེ་མི་སྐྱེ་ཐེ་ཚོམ་མི་འདུག་སྟེ། རྒྱུ་འབྲས་ལ་ཡིད་མ་ཆེས་ཤིང་སྙིང་རུས་ཆུང་བས་ལན། སྙིང་ཐག་པ་ནས་རྒྱུ་འབྲས་ལ་ཡིད་ཆེས་ན། ངན་སོང་གི་སྡུག་བསྔལ་ལ་འཇིགས་སྐྲག སངས་རྒྱས་ཐོབ་འདོད་ཀྱི་སྒོ་ནས་དང་པོར་བླ་མ་ལ་མོས་གུས། བར་དུ་གདམས་ངག་བསྒོམ་པ་ལ་སྙིང་རུས། མཐར་ཉམས་རྟོ གས་སྐྱོང་ལུགས་སོགས་ཀྱི་སྙིང་རུས་ངའི་འདི་པས་མ་ཞན་པ་སོ་སྐྱེ་སྙིང་རུས་ཅན་ཀུན་ལ་ཡོང་བར་འདུག །བྱུང་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པར་རློམ་པ་འདུག་སྟེ། གསང་སྔགས་ཀྱི་ཉེ་ལམ་ལ་ཡིད་མ་ཆེས་པའི་རྟགས་ཡིན་པས། ད་ཁྱེད་རང་རྣམས་རྒྱུ་འབྲས་ལ་ཡིད་ཆེས་པར་གྱིས་ལ། གོང་མའི་རྣམ་ཐར། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། ནམ་འཆི་ཆ་མེད་རྣམས་སོམས་ལ། གསང་སྔགས་ཀྱི་ཉམས་ལེན་ལ་འབུངས་ཤིག  

                    ངས་ཀྱང་ལྟོ་གོས་གཏམ་གསུམ་ལ་གྱོང་བཏང༌། སེམས་ལ་དཔའ་བསྐྱེད། ལུས་ལ་བབ་བསྐུར། སྡུག་བསྔལ་ཁྱད་དུ་བསད་ནས་མི་མེད་ཀྱི་རི་ལ་བསྒོམ་པས་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེས་པ་ཡིན། ཁྱེད་རྣམས་ཀྱང་ངའི་རྗེས་སུ་ཞུགས་ལ་ཉམས་སུ་ལོངས་ཤིག་གསུངས་པ་དེ་ལྟ་བུའི་ཚུལ་ལ་དགོངས་པར་མངོན་ནོ། །འོན་ཀྱང་བླ་མ་རིན་པོ་ཆེ་འདི་ཉིད་བྱམས་མགོན་གྱི་བྱིན་རླབས་ཐུགས་ལ་ཞུགས་པ་ཞིག་ཡིན་པ་ནི་བླ་མ་རིན་པོ་ཆེ་ཉིད་ཀྱི་གསུངས་ལས། ཤེས་རབ་མེ་ལོང་དག་པའི་ངོས། །ཤེས་བྱའི་གཟུགས་བརྙན་གསལ་བའི་ཚེ། །ཤེས་འདོད་མེད་ཀྱང་ཤེས་མདོག་གི །ཤེས་རབ་རྩ་འདི་སུ་ཡིས་འགོག །ངག་ལ་ངག་གི་དབང་ཕྱུག་གིས། །བྱིན་གྱིས་བརླབས་ཤིང་སེམས་རྒྱུད་ལ། །བྱམས་པའི་འཕྲིན་ལས་ཞུགས་པ་ཞིག །བླ་མའི་རྣམ་ཐར་དྲན་ནས་བྲི ས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཆབ་མདོ་ཆོས་སྡེར་རྒྱལ་བ་འཕགས་པ་ལྷའི་ཞབས་དྲུང་དུ་རབ་ཏུ་བྱུང་ནས་ངུར་སྨྲིག་གི་རྒྱལ་མཚན་གསོལ་ཏེ་འགྲོ་བ་ལྷ་དང་བཅས་པ་ཐམས་ཅད་ལ་མྱུར་བ་མྱུར་བར་ཐུབ་བསྟན་ཡོངས་སུ་རྫོགས་པ་བཟུང་སྟེ་དམ་པའི་ཆོས་ཀྱི་སྒྲ་དབྱངས་བསྒྲགས་ནས་འགྲོ་བ་མ་རིག་པའི་གཉིད་ཀྱིས་ནོན་པ་རྣམས་མྱུར་དུ་སད་པར་བྱ། འཁོར་བའི་བཙོན་རར་བཅིངས་པ་རྣམས་མྱུར་དུ་སྒྲོལ་བར་བྱ། བློ་གྲོས་ཀྱི་མིག་ལྡོངས་ཏེ་གར་འགྲོའི་གཏོལ་མེད་པ་རྣམས་ལ་མཐོ་རིས་དང་ཐར་པའི་ལམ་མྱུར་དུ་གསལ་བར་བྱའོ་ཞེས་དབུགས་འབྱིན་པར་མཛད་དོ། །

                   དེ་ནས་ཐུགས་བསམ་འདི་ལྟ་བུ་དག་འཁྲུངས་ཏེ། སྔོན་སྟོན་པ་ཐུགས་རྗེ་ཅན་དེས་རྒྱལ་བའི་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་ལས་སུ་བྱ་བ་ནི་གཉིས་བཀའ་སྩལ་ཏེ། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ནོ། །བདག་གིས་ཀྱང་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལྟར་ཐོག་མར་ཀློག་པ་ཐོས་བསམ་དང༌། དེ་ནས་སྤོང་བ་བསམ་གཏན་བྱས་ཏེ་རྒྱལ་བ་དགྱེས་པའི་ལམ་བཟང་བསྒྲུབ་པར་བྱའོ་སྙམ་དུ་དགོངས་ནས་ཐོག་མར་འཕགས་པ་ལྷའི་བཀའ་ལྟར་ཆབ་མདོ་གྲྭ་ཚང་གི་ཆོས་སྤྱོད་རྣམས་ལེགས་པར་བཟུང༌། དགུང་ལོ་བཅུ་བཞི་པའི་དུས་སུ་འཕགས་པ་ལྷ་ལ་རྡོ་རྗེ་འཇིགས་བྱེ ད་ཆེན་པོའི་དབང་ལེགས་པར་གསན། དེ་ནས་འཕགས་པ་ལྷའི་སྐུ་མདུན་དུ་རབ་འབྱམས་སྨྲ་བ་འགའ་ཞིག་བགྲོ་གླེང་བྱེད་པ་གཟིགས་པས་ཤིང་རྟ་ཆེན་པོའི་གཞུང་ལ་དད་པ་ཆེས་ཆེར་འཁྲུངས་ནས་ལུས་ཀྱི་བ་སྤུ་རྣམས་གཟིང་ཞེས་བྱེད་ཅིང་རང་དབང་མེད་པར་སྤྱན་ཆབ་བྱུང་ཞིང་བདག་ཀྱང་ནམ་ཞིག་ན་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ཏེ་ཆོས་དང་ཆོས་མིན་རིགས་པས་འབྱེད་ཐུབ་པ་ཞིག་འོང་སྙམ་དུ་ཐུགས་འདུན་དྲག་པོ་འཁྲུངས་ཏེ་འཕགས་པ་ལྷར་དབུས་ཕྱོགས་སུ་སློབ་གཉེར་ལ་ཕྱིན་ཆོག་པ་དགོས་ཞེས་དགོངས་པ་ཞུས་པ་ན། འཕགས་པ་ལྷས་ཀྱང་འཇམ་མགོན་བསྟན་པའི་སྲོག་ཤིང་དུ་འགྱུར་བར་མཁྱེན་ནས་དགྱེས་བཞིན་དུ་གནང་ནས་དགུང་ལོ་བཅོ་ལྔའི་ལོ་དབུས་ཕྱོགས་སུ་ཕེབས། ཐོག་མར་སེ་རར་ཕེབས་ནས་གནས་མཇལ་ཞིག་བྱས། དེ་ནས་དགའ་ལྡན་དུ་ཕེབས་ནས་སློབ་གཉེར་མཛད་དགོངས་པ་ཡོད་པ་ལ། བྱེས་གྲྭ་ཁང་གི་གནས་གཟིགས་ལ་ཕེབས་པ་ན། གྲྭ་ཁང་གི་ནང་དུ་ལོགས་བྲིས་རྣམས་གཟིགས་པ་དངདུས་མཉམ་དུ་རླུང་བསིར་བུ་ཞིག་སྐུ་ལ་རེག་པས་རྐྱེན་བྱས། སྨྲ་མི་ཤེས་པའི་དགའ་བ་དང་དད་པ་ཆེན་པོ་ཞིག་འཁྲུངས་ནས། ད་ནི་གྲྭ་ཚང་འདི་ཁ་རང་དུ་སློབ་གཉེར་བྱེ ད་སྙམ་པ་བྱུང་ནས་བྱེ ས་གྲྭ་ཚང་དུ་ཞུགས། བྱེས་པ་བླ་མ་ངག་དབང་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་ཐོག་མར་རིགས་པའི་སྒོ་འབྱེད་བསྡུས་གྲྭ་རྣམས་རྩོད་པ་ལ་ཞུགས་པས་ཚེགས་མེད་པར་མཁྱེན་ཏེ་ཡུན་རིང་པོར་སྦྱངས་པའི་མཁས་པ་དག་དང་བགྲོ་གླེང་བྱས་པ་ན་དྲི་མ་མེད་པའི་རིགས་པའི་ང་རོས་མཁས་པ་དག་དཔའ་ཞུམ་མཛད་པས་མཁས་པ་དག་ངོ་མཚར་དུ་གྱུར་ནས་འདི་ནི་གྲྭ་ས་གཞན་དུ་སྦྱངས་ཟིན་པ་ཞིག་ཡིན་པའམ། ཡང་ན་ས་ཐོབ་པ་ཞིག་ཡིན་པར་ངེས་སོ་ཞེས་གླེང་བར་བྱེད་དོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།