རྗེ་བཙུན་བླ་མ་ངག་དབང་བྱམས་པའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:48:26     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 25437045219596990.jpg

                    ངག་གི་དབང་ཕྱུག་རྗེ་བཙུན་ཙོང་ཁ་པའི། །མདོ་སྔགས་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་ཆེ། །བྱམས་པས་འགྲོ་ལ་སྤེལ་བའི་སྙིང་སྟོབས་ཅན། །བཀའ་དྲིན་མཚུངས་མེད་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཇམ་མགོན་བསྟན་པའི་སྲོག་ཤིང་བདག་གྱི་དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་མཚུངས་ཟླ་མེད་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་བླ་མ་ངག་དབང་བྱམས་པ་དེ་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་མདོ་སྟོད་ཟབ་མོ་སྒང་གི་ཆར་གཏོགས་པ་ཆབ་མདོ་དང་ཉེ་བའི་སའི་ཆར་ཡབ་ཨ་ནུ་འཕགས་པ་ཞེས་བྱ་བ་དང༌། ཡུལ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་འཁྲུངས། དེ་ཡང་བདག་ཉིད་ཆེན་པོ་འདི་ཡུམ་གྱི་མངལ་དུ་ཞུགས་པ་ན་ཡུམ་གྱི་མནལ་ལམ་དུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་རང་གི་ལུས་ལ་ཐིམ་པའི་རྨི་ལམ་བྱུང་སྟེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ནི་སངས་རྒྱས་ཐམས་ཅད་གཞལ་ཡས་ཁང་གཅིག་ཏུ་འཚོགས་པའི་ཚོམ་བུ་ཡིན་པས་ན་དྲིན་ཅན་རྩ་བའི་བླ་མ་འདི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་ཏེ་བདག་ཅག་སྙིགས་མའི་འགྲོ་བ་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་བྱོན་པ་ཡིན་པས་ན་ཡུམ་ལ་མཚན་ལྟས་དེ་ལྟར་བྱུང་བ་ཡིན་པར་ངེས་སོ། །དེ་ལྟར་སྐུ་བལྟམས་པའི་གཞོན་ནུ་དེ་ནི་འདམ་གྱི་ཁྲོད་ནས་པདྨ་དཀར་པོ་ཐོན་པའམ། སྤྲིན་རུམ་ནས་ཟླ་བ་ཤར་བ་བཞིན་དུ་ཞལ་གྱི་དཀྱིལ་འཁོར་དཀར་ཞིང་དྭངས་པ། དབུ་གདུགས་ལྟར་ཟླུམ་པ། དཔྲལ་བ་དབྱེས་ཆེ་བ། སྤྱན་དཀྱུས་རིང་བ། ཤངས་ཀྱི་གཟེངས་མཐོ་བ། མཚན་དཔེ་རྗེས་མཐུན་པ་དང་ལྡན་པ། འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་བྱོན་ནོ། །

                    དེའི་ཚེ་དཀར་ཕྱོགས་སྐྱོང་བའི་ལྷ་དང་ཀླུ་རྣམས་ཀྱིས་ད་ནི་སྙིགས་མའི་འགྲོ་བ་རྣམས་མགོན་དང་བཅས་སོ་ཞེས་དགའ་བའི་ཅ་ཅོའི་སྒྲ་སྒྲོག་ཅིང༌། ལྷའི་ཆུ་བོས་ཁྲུས་གསོལ་བར་ངེས་ལ། བསྐལ་བཟང་གི་སངས་རྒྱས་སྟོང་གིས་གང་ལ་བསྟན་པ་གཏད་པ་མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་པའང་གནས་དེར་ལྷགས་ནས་རྒྱལ་སྲས་གཞོན་ནུ་དེ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱ་བ་ལ་སྐད་ཅིག་ཀྱང་མི་གཡེལ་བར་དུས་ཀུན་ཏུ་བསྒྲིམས་ཏེ་གནས་པར་ངེས་ཏེ། གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་གསང་བའི་བདག་པོ་འཁོར་བརྒྱ་ཕྲག་དུ་མ་དང་བཅས་པ་ཕྱི་བཞིན་རྗེས་སུ་འབྲངས་ཏེ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱེད་པར་མདོ་སྡེ་ལས་གསུངས་ན། ཐེག་ཆེན་བསྟན་པའི་སྲོག་ཤིང་བདག་ཉིད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་འདིར་བྱོན་པ་ལ་གསང་བའི་བདག་པོ་འཁོར་བཅས་ཀྱིས་བསྲུང་སྐྱོབ་དེ་ལྟར་བྱེད་པར་འོས་མེད་ཀྱི་རིགས་པས་འགྲུབ་བོ། །དེའི་ཚེ་ཡབ་ཡུམ་གཉིས་ཀྱི་མཆོད་གནས་བླ་མ་དམ་པ་ཞིག་བཞུགས་པ་དེས་རྒྱལ་སྲས་འདི་ལ་བདེ་མཆོག་སྲུང་ཞེས་མཚན་བཏགས་སོ། །དེ་ནས་རྒྱལ་སྲས་གཞོན་ནུ་དེ་འཁྲུངས་ནས་རིང་པོ་མ་ལོན་པར་བཞེངས་ནས་ཡུམ་ལ་བོད་པར་མཛད་པ་སོགས་བྱིས་པ་ཐ་མལ་པ་དག་གི་ངང་ཚུལ་ལས་འདས་པའི་མཛད་པ་ངོ་མཚར་བ་མང་དུ་བསྟན་ཅིང༌། དགུང་ལོ་བདུན་པའི་དུས་སུ་ཡི་གེ་འདྲི་ཀློག་བརྡ་བསྟན་པ་ཙམ་གྱིས་མཁྱེན་ཏེ་གླེགས་བམ་ཀློག་པ་ལ་བརྩོན་པར་མཛད་ཅིང་དད་ལྡན་གཞན་གྱི་མཆོད་གནས་ཀྱང་མཛད་ལ། དེ་སྐབས་གསེར་འོད་དམ་པ་ཀློག་པར་མཛད་པས། དེ་བཞིན་གཤེགས་པ་སྔོན་རྒྱལ་བུ་སྙིང་སྟོབས་ཆེན་པོར་འཁྲུངས་པའི་ཚེ་སྟག་མོ་ལ་ལུས་བྱིན་པའི་མཛད་པ་རྣམ་ཐར་དེ་གཟིགས་པ་ན་མི་ཕྱེད་པའི་དད་པ་ཆེན་པོ་འཁྲུངས་ཏེ་བདག་ཀྱང་འདི་ལྟར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཞུམ་པ་མེད་པར་བསླབས་ཏེ་རང་གི་ལུས་ཀྱང་སེམས་ཅན་གྱི་དོན་དུ་གཏོང་ནུས་པ་ནམ་ཞིག་ན་འོང་སྙམ་དུ་སྙིང་རྗེའི་ཤུགས་ཀྱིས་བསྐྱེད་པའི་སྤྱན་ཆབ་རྒྱུན་མི་ཆད་པ་ཞིག་བྱུང་སྟེ། བདག་ཉིད་ཆེན་པོ་འདི་ནི་སྔོན་ཡུན་རིང་པོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྦྱངས་པའི་མཐུ་གྲུབ་པ་ཞིག་ཡིན་པར་འབྲས་བུའི་རྟགས་ཀྱིས་ཤེས་ཏེ། སྐྱེ་བོ་གཞན་དག་དགེ་བའི་བཤེས་གཉེན་གྱིས་ནན་གྱིས་ཁྲིད་ཀྱང༌། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བསམ་པ་བཅོས་མ་ཙམ་ཡང་སྐྱེ་དཀའ་ན་རྩོལ་བ་མེད་པའི་སྙིང་རྗེའི་ཤུགས་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་འདོད་སྐྱེ་དཀའ་བ་ལྟ་ཅི་སྨོས། དེ་ཡང་སྤྱོད་འཇུག་ལས། གཞན་དག་རང་གི་དོན་དུ་ཡང༌། །མི་འབྱུང་སེམས་ཅན་དོན་སེམས་གང༌། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །ཞེས་གསུངས་པ་ལྟར་ཆོས་མ་ཐོས་པའི་སྐྱེ་བོ་གཞན་དག་ལྟ་ཅི་སྨོས། ཆོས་སྒོར་ཞུགས་ཏེ་ཚེ་ཧྲིལ་པོར་སྦྱངས་པ་རྣམས་ཀྱང་ཚེ་འདི་ལ་མ་ཆགས་པར་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བསམ་པ་བཅོས་མིན་སྐྱེ་བ་སྲི ད་མཐར་སྣང་ན། མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བ་ནས་སྒྲོལ་བར་འདོད་པའི་བསམ་པས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་འདོད་བཅོས་མིན་སྐྱེ་བ་ནི་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་ཞིང་བརྒྱ་ལམ་ན་སྲིད་པ་ཙམ་མོ། །དེ་ལྟར་ཚེ་ཧྲིལ་པོར་སྦྱངས་པ་རྣམས་ལའང་བསམ་པ་དེ་ལྟ་བུ་སྐྱེ་དཀའ་ན་གང་ཡང་མ་སྦྱངས་པའི་སྐྱེ་བོ་རྣམས་ལ་བསམ་པ་རླབས་པོ་ཆེ་དེ་ལྟར་སྐྱེ་བའི་གོ་སྐབས་ག་ན་ཡོད། དེས་ན་བདག་ཅག་གི་བླ་མ་བདག་ཉིད་ཆེན་པོ་འདི་ནི་སྐུ་ཚེ་འདིར་གཞན་གྱིས་བསྐུལ་བ་ལ་མི་ལྟོས་པར་གླེགས་བམ་གཟིགས་པ་ཙམ་གྱིས་དེ་ལྟ་བུའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་བསམ་པ་རླབས་པོ་ཆེ་རང་འཁྲུངས་སུ་བྱུང་བ་ནི་སྔོན་ཡུན་རིང་པོ་ནས་སྦྱངས་པའི་མཐུ་གྲུབ་པ་ཡིན་པར་གདོན་མི་ཟའོ། །

                    དེའི་ཕྱིར་བླ་མ་དམ་པ་འདི་ནི་བདག་ཅག་སྙིགས་མའི་འགྲོ་བ་རྣམས་ཀྱི་མགོན་དུ་བསམ་བཞིན་དུ་བྱོ ན་པ་ཞིག་ཡིན་པར་ངེས་སོ། །དེས་ན་བླ་མ་དམ་པ་འདིའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་རྣམ་པར་ཐར་པ་འདི་ཙམ་ཞིག་བསམས་ནས་ཀྱང་དད་གུས་ཆེན་པོས་གསོལ་བ་འདེབས་པར་བྱའོ། །གཞན་ཡང་དེ་དུས་ཁྱིམ་དེ་ན་མཛོ་མོ་མདོངས་སྒྲོན་ཟེར་བ་ཞིག་ཡོད་པ་དེ་ཡབ་ཀྱིས་གཞན་ལ་ཚོང་བའི་ཕྱིར་ཁྲིད་པ་ན་མཛོ་མོའང་རང་ཉིད་ཚོང་བར་ཤེས་ནས་ཁང་པའི་ཕྱོགས་ལ་ཡང་ཡང་འཐེན་གྱིན་འདུག་པ་གཟིགས་པས་རྐྱེན་བྱས། མཛོ་མོ་འདི་ངེད་རང་ལ་མ་ལྟར་དྲིན་ཆེ་བར་འདུག་པ་འདི་འདྲ་གཞན་ལ་ཚོང་ཕོད་ཨང་སྙམ་དུ་དགོངས་ནས་སྤྱན་ཆབ་མང་དུ་བསིལ་ཞིང་ཁོང་རྣམས་ཚོང་བསྒྲིགས་པའི་སྐབས་སུའང་ཐུགས་སྐྱོ་བ་དང་སྤྱན་ཆབ་ཀྱི་རྒྱུན་མ་ཆད་པས་གནས་དེ་ལས་ལྐོག་ཅིག་ཏུ་བྱོལ་ཏེ་བཞུགས་དགོས་པ་བྱུང་བ་དང༌། འཁྲུངས་གཞིས་དེ་ལ་མངའ་འབངས་དུད་ཁག་བདུན་ཙམ་ཞིག་ཡོད་པ་ལ། ཡབ་ཀྱིས་དེ་རྣམས་ནས་ཁྲལ་འབབ་བཞེས་པ་ཞིག་གི་སར་བྱོན་པའི་ཚེ་མི་ཚང་ཞིག་ལ་འབྲུ་སྤུས་ངན་ཉུང་ངུ་ཞིག་ལས་གཏད་རྒྱུ་མི་འདུག་པར་ཡབ་ཀྱིས་དེ་ལ་ཁྲོ་ཚིག་བརྗོད་པ་གསན་པས། དམ་པ་འདི་སྙིང་རྗེ་འཁྲུངས་ནས་སྤྱན་ཆབ་དང་བཅས་ཏེ་ཡབ་ལ་ཞུ་བ་མཛད་པས་ཡབ་ཀྱི་ཀྱང་དངོས་པོ་དེ་ཀས་འོང་བར་མཛད་ནས་བཞེས་པ་ཞིག་བྱུང་སྟེ་ཚུལ་འདི་དག་ནི་བླ་མ་རིན་པོ་ཆེ་འདི་ཉིད་ཀྱིས་ཆོས་གནང་བའི་ཞར་ལ་གསུངས་པ་ཡང་ཡང་ཐོས་ཤིང༌། དེ་ཡང་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་རང་ཉིད་དམན་ས་འཛིན་པ་ཁོ་ན་ལྷུར་མཛད་པས། མངོན་ཤེས་དང་རྫུ་འཕྲུལ་དང་ས་ལམ་གོང་མའི་ཡོན་ཏན་ཡོད་པར་ཞལ་གྱིས་མི་བཞེས་ཤིང༌། སྐྱོ ན་འདི་དང་འདི་ཡོད་ཅེས་རང་སྐྱོན་འབྱི ན་པ་ལྷུར་མཛད།

                   འོན་ཀྱང་ཆོས་ཀྱི་བག་ཆགས་ཤིག་ནི་ཡོད། ཆུང་ངུའི་དུས་སུའང་བསམ་པ་འདི་འདྲ་སྐྱེ་མྱོང་ཞེས་གསུངས་པར་མཛད། དེ་ནས་དགུང་ལོ་བཅུ་གཉིས་ལོན་པ་ན་ཁྱིམ་ན་གནས་པ་ཉེས་པ་དུ་མའི་འབྱུང་ཁུངས་སུ་གཟིགས་ཤིང༌། རབ་ཏུ་བྱུང་བ་ནི་རྒྱལ་བས་རྣམ་གྲངས་དུ་མར་བསྔགས་པ་དང་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་གཟིགས་ནས་ཡབ་ཡུམ་གཉིས་ལ་རྒྱལ་བ་འཕགས་པ་ལྷའི་ཞབས་དྲུང་དུ་ཆོས་བྱས་ཆོག་པ་དགོས་ཞེས་ཡང་ཡང་གསོལ་བ་ན་ཡབ་ཡུམ་གཉིས་དང༌། ཉེ་འབྲེལ་གཞན་ཚང་མས་བདེ་མཆོག་སྲུང་འདི་ནི་ཕ་མ་ལ་གུས་ཤིང་ཡ་རབས་ཀྱི་ངང་ཚུལ་དང་ལྡན་པ་བྱ་བ་ཐམས་ཅད་ལ་མཁས་པ་ཤིན་ཏུ་སྒྲིན་པོ་ཞིག་འདུག་པས་འདི་ཁྱིམ་དུ་བཞག་ནས་རིགས་བརྒྱུད་འཛིན་དགོས། སྤུན་གཞན་ཞིག་འཕགས་པ་ལྷའི་དྲུང་འཁོར་དུ་ཞུགས་པ་ལེགས་ཞེས་བགྲོས་ནས་ཆོས་བྱེད་པར་ཡབ་ཡུམ་གྱིས་མ་གནང་བ་ན། རྒྱལ་སྲས་བདག་ཉིད་ཆེན་པོ་འདི་སྔོན་ཡུན་རིང་པོ་ནས་གོམས་པའི་མཐུས་སྤྱིར་འཁོར་བའི་གནས་མཐའ་དག་མེ་འབར་པའི་རླུབས་ལྟར་གཟིགས་ཤིང༌། ཁྱད་པར་ཁྱིམ་ན་གནས་པ་ནི་ཉེས་པ་དུ་མའི་འབྱུང་གནས་སུ་གཟིགས་ཏེ་ཡབ་ཡུམ་གཉེན་བཤེས་རྩ་ལག་དང་བཅས་པ་ཚོགས་པའི་དབུས་སུ་བཞེངས་ཏེ། ང་ཆོས་བྱེད་དུ་མི་འཇུག་ན་ཁྱིམ་འདིར་སྐད་ཅིག་ཀྱང་སྡོད་རི་ཞེས་དབུ་མནའ་བཞེས་ཏེ་སྤྱན་ཆབ་རྒྱུན་མ་ཆད་པ་བྱུང་བ་ན་ཡབ་ཡུམ་གཉེན་དང་བཅས་པ་ཚང་མ་བྱ་ཐབས་ཟད་ནས་དགུང་ལོ་བཅུ་གསུམ་པ་ཤིང་ཕོ་ཁྱིའི་ལོ་རྒྱལ་བ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་ཞབས་དྲུང་དུ་ཕེབས་ཏེ་སྐྲ་བཅད་ལུས་བསྒྱུར་ངུར་སྨྲིག་གསོལ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ༌པ་བཞེས། དེའི་ཚེ་རྒྱལ་བ་འཕགས་པ་ལྷས་རབ་བྱུང་གསར་བུ་ཐམས་ཅད་ལ་འཕགས་པའི་མཚན་ཟུར་ཡོད་པའི་མིང་བྱང་བྲིས་ཏེ་སྟེར་བར་མཛད་པ་ལ་དམ་པ་འདི་ལ་ནི་རྒྱལ་བ་འཕགས་པ་ལྷ་ཉིད་ཀྱིས་ངག་དབང་བྱམས་པ་ཞེས་མཚན་བཏགས་སོ། །

                   རྒྱུ་མཚན་འདི་ལས་ན། དུས་ཕྱིས་བླ་མ་རིན་པོ་ཆེ་འདི་པ་འཕྲིན་ལས་ཆེས་ཆེར་རྒྱས་པ་ན་ཆབ་མདོའི་གྲྭ་རྒན་རྣམས་ཀྱང་རྒྱལ་བ་འཕགས་པ་ལྷས་རབ་བྱུང་གཞན་གྱི་མིང་འདོགས་ལུགས་དང་མི་འདྲ་བར་ཆེད་དམིགས་སུ་མཛད་ནས་བྱམས་པའི་མིང་བཏགས་པ་དེ་ནི་བླ་མ་འདི་བྱམས་མགོན་གྱི་སྤྲུལ་པ་ཡིན་པར་ངེས་སོ་ཞེས་བརྗོད་ནས་བྱམས་མགོན་གྱི་སྤྲུལ་པར་གྲགས་པ་བྱུང༌། བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་གཅུང་པོ་རིན་ཆེན་ལེགས་པས་ངེད་ཅག་གི་བླ་མ་འདི་བྱམས་མགོན་གྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་མང་པོ་ཡོད་ཅེས་ཁོ་བོ་རང་ལའང་དངོས་སུ་གསུངས་བྱུང༌། དེ་མཐུན་དགེ་བའི་བཤེས་གཉེན་མང་པོས་ཞབས་བརྟན་གསོལ་འདེབས་ཞུ་བའི་དུས་སུའང་བྱམས་མགོན་གྱི་སྤྲུལ་པ་ཡིན་པའི་རྒྱུ་མཚན་མང་དུ་ཞུ་བར་བྱེད་པ་དེ་དུས་ཀྱི་སློབ་མ་ཡོངས་ལ་གྲགས།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།