རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:30:07     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

199897520567606522.jpg

                     དེ་ནས་ཆུ་ཕོ་འབྲུག་གི་ལོ་སྒྲུབ་སྡེ་གསུམ་སོ་སོར་སེམས་བསྐྱེད་མཆོད་པ་མང་དུ་བྱུང་ཞིང༌། བྱང་ཆུབ་ཀྱི་སེམས་རང་སྒོམ་དགོས་གསུང་བ་སོགས་གསུང་ཆོས་གནད་ཅན་མང་དུ་གནང་ཞིང་ཡུན་རིང་མི་བཞུགས་པའི་རྟགས་སུ་ཞལ་ནས། ན་ཚོད་དར་བབ་ཁོ་ལངས་སོང༌། །སྐྲ་དཀར་གཉེར་མ་ཁོ་སླེབས་བྱུང༌། །མི་རྟག་འཆི་བ་ཁོ་སླེ བས་རན། །འགྱོད་མེད་དམ་ཆོས་ཁོ་རེམས་པས། །སླེ བས་རུང་འགྱོད་རྒྱུ་ཅང་མི་གདའ། །ཞེས་བྱ་བ་ལ་སོགས་པའི་མི་རྟག་པའི་སྐྱོ་མགུར་དུ་མ་གསུངས་ཞིང༌། ཐུགས་ཀྱིས་གཏད་པའི་སློབ་མ་རྣམས་ལ་མངོན་ཆུང་གི་སྒོ་ནས་འཕྲལ་ཕུགས་ཇི་ལྟར་བྱ་བའི་ཞལ་ཏ་གནད་འགག་ཅན་དུ་མ་གནང་ངོ༌། །དེ་ལྟར་དམ་པ་འདིས་སྐུ་ཚེའི་སྟོད་ལ་ཐོས་པ་རྒྱ་ཆེན་པོ་བཙལ། བར་དུ་ལུང་རིགས་པ་གདམས་ངག་ཐམས་ཅད་ཀྱིས་ཚུལ་བཞིན་དུ་བསམས། ཐ་མར་བསམས་པའི་དོན་དེ་ལ་ཐུན་བཞིར་བཅད་ནས་སྒོམ་པ་འདི་སྐུ་བསྙུན་པ་དང༌། ཐུགས་བྲེལ་ཆེ་བ་སོགས་རྐྱེན་ཅི་བྱུང་ཡང་ཆག་ཏུ་མི་འཇུག་ལ། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ནས་གཞན་ལ་ཡང་དེ་བཞིན་འདོམས་པར་མཛད་དོ། །ཞལ་ནས་ངས་དང་པོར་བླ་མ་ལས་བྱང་ཆུབ་སེམས་ཀྱི་གདམས་ངག་ཐོས་པས་སྐོམ་པས་ཆུའི་གཏམ་ཐོས་པ་ལྟར་སེམས་དེ་རྒྱུད་ལ་སྐྱེ་བའི་དུས་ཤིག་ནམ་འོང་སྙམ་སྟེ་རིའི་རྩེར་སོང་ཡང་དེ་དྲན། ཀླུངས་དུ་སོང་ཡང་དེ་དྲན། མི་མང་པོའི་ནང་དུ་ཕྱིན་རུང༌། གཅིག་པུར་བསྡད་རུང་མདོར་ན་སྤྱོད་ལམ་ཅི་བྱེད་ཀྱང་དེ་ཁོ་ན་དྲན། ཅི་དྲག་ལ་ཐུག་པ་བྱུང་ནས་བསླབ་བཏུས་ལས་འབྱུང་བའི་རྗེ་བཙུན་འཇམ་དབྱངས་སྔོན་རྒྱལ་པོ་ནམ་མཁར་གྱུར་དུས་སེམས་བསྐྱེད་པའི་ཚིགས་བཅད་ཡི་གེར་བྲིས་ནས་སྐེ་ལ་བཏགས་པ་ཡིན། ད་བསམས་ན་དེ་བྱུང་འདུག་སྲུང་བ་ལ་དེ་ལས་ལྷག་པ་མི་འོང་བ་འདྲ་གསུངས། ཡང་ལན་ཅིག་འགའ་རེས་ཁོ་ལ་དུས་རྒྱུན་དུ་བྱང་ཆུབ་ཀྱི་སེམས་སྒོམས་ཟེར་རྒྱུ་ཞིག་ལས་མེད་བསམ་ཤས་ཆེ་སྟེ། ང་ལ་དེ་ཀ་ལས་ཟེར་རྒྱུ་མེད། ཡག་པོ་བྱེ ད་ན་བྱང་ཆུབ་ཀྱི་སེམས་འདི་དབུལ་པོས་གཏེར་རྙེད་པ་ལྟར་རང་གིས་རྒྱུས་ཡོད་བྱས་ནས་འཆད་པ་ལས་འདི་ཡོད་པའི་སྐད་ཆ་གཞན་ལ་གཏོང་མི་ཕོད་པ་ཞིག་ཡིན་ཏེ། ཕན་པ་ཞིག་ཨེ་ཡོང་བསམས་ནས་དུས་རྒྱུན་དུ་འདིའི་སྐད་ཆ་བྱས་པ་ཡིན་གསུངས། གནས་གང་ནས་གང་དུ་ཕེབས་ཀྱང་ཕེབས་ཁ་དང༌།ཕེབས་མ་ཐག་དང༌། ངལ་གསོ་བ་དང༌། མེ་ཏོག་དང༌། ཆུ་དྭངས་པ་དང༌། ས་ཕྱོགས་ཉམས་དགའ་བ་སོགས་མཆོད་པར་འོས་པའི་དངོས་པོ་ཅི་འདྲ་བ་ཞིག་གཟིགས་པ་དང༌། མི་མ་ཡིན་གྱི་ལྷ་རྟེ ན་གྱི་དྲུང་དུ་ཕེབས་པའི་ཚེ་ཡན་ལག་བདུན་པ་སེམས་བསྐྱེད་དང་བཅས་པའམ། མ་ཐ་ཡང་ས་གཞི་སྤོས་བྱུགས་མ་དང་ཐལ་མོ་སྦྱར་ནས་སེམས་བསྐྱེད་རེ་ངེས་པར་མཛད། སྒྲུབ་སྡེ་ཕན་ཚུན་དུ་ཕེབས་པ་ན། སེ་ར་རྩེའི་ཤར་གྱི་རི་གདོང་དང༌། ར་ཁ་བྲག་གི་མཐའི་གོང་ཕུར་བུ་ལྕོག་གི་ནུབ་ཀྱི་བྲག་འབུར་གོང་རྣམས་སུ་ཕེབས་ཕྱིན་ཡན་ལག་བདུན་པ་སེམས་བསྐྱེད་དང་བཅས་པ་རེ་ངེས་པར་མཛད། ས་མཐོ་ས་ནས་སེམས་བསྐྱེད་ན་སེམས་བསྐྱེད་རྒྱ་ཆེན་པོ་འོང་བར་རྗེ་བླ་མས་གསུངས་པ་ཡིན་གསུངས། བྲག་འབུར་གོང་དེ་ལ་སེམས་བསྐྱེད་སྒང་ཞེས་མིང་འདོགས་མཛད། དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པས་རྗེ་བདག་ཉིད་ཆེན་པོའི་བསྟན་པ་ལ་བྱ་བ་མཛད་དོ། །

                   དེ་ལྟར་བྱང་ཆུབ་སེམས་ཀྱིས་འཕངས་པའི་སྐུ་གསུང་ཐུགས་ཀྱི་ཀུན་སྤྱོད་ཡོངས་སུ་དག་པས་སོ་ཐར་གྱི་ཚུལ་ཁྲིམས་ལ་སྡོམས་ཀྱིས་བསྡུས་པའི་ཉེས་བྱས་ཕྲ་མོ་དང༌། བྱང་སེམས་ཀྱི་ཚུལ་ཁྲིམས་ལ་འདོད་པའི་སེམས་ཀྱི་རྗེས་སུ་འཇུག་པའི་ཉེས་བྱས་ཙམ་དང༌། གསང་སྔགས་ཀྱི་ཚུལ་ཁྲིམས་ལ་ལྷའི་མཚན་མ་དང་དམན་མ་ལ་འགོམ་པའི་ཉེས་པ་ཙམ་གྱིས་ཀྱང་མ་གོས་པ་ལ་འབད་ཅིང༌། བརྒྱ་ལ་གོས་ན་ཡང་རང་རང་གི་གཞུང་ནས་འབྱུང་བའི་ཕྱིར་བཅོས་ཚུལ་བཞིན་མཛད་པས་ཚུལ་ཁྲིམས་རྣམ་པར་དག་པའི་དྲིས་གཟིམ་ཁང་གི་ནང་དང་ཉེ་སྐོར་ཐམས་ཅད་བསུང་ཆིང་ངེ་སྤོས་བཟང་པོ་སྦར་བ་ལྟར་ཡོད་ལ་ཐ་ན་གཟིམ་ཁང་དུ་བཞག་པའི་ཆས་ཀ་དང་ཕྱག་གཡོག་ཚུན་གྱི་གོས་ལའང་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཡོད། ཚུལ་ཁྲིམས་རྣམ་པར་དག་པ་ལས་ཏིང་ངེ་འཛིན་བཟང་པོ་འཁྲུངས། དེ་ལས་མངོན་པར་ཤེས་པ་དང་ངོ་མཚར་ཅན་གྱི་དག་པའི་གཟིགས་སྣང་དུ་མ་ཡོད་པར་མཆིས་ཏེ།གཞན་སེམས་མཁྱེན་པའི་མངོན་ཤེས་མངའ་བས་རེས་འགའ་ད་རེས་ཆོས་ཟབ་མོ་ཇི་ལྟ་བུ་ཞིག་གསུངས་ན་སྙམ་ཙ་ན་ཅི་ཡང་མི་གསུངས། རེས་ཐུགས་བྲེལ་ཆེ་ཞིང་སྐུ་གཟུགས་མི་བདེ་བ་ཇི་ལྟ་བུ་ལའང་མི་གཟིགས་པར་ཤིན་ཏུ་རྒྱས་པར་གསུངས་སོ། །དེ་ལྟར་ཕར་ཕྱིན་ཐེག་པའི་དབང་དུ་བྱས་ནས་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པར་མ་ཟད། གསང་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ནས་ཀྱང་རྫོགས་རིམ་གྱི་རྟོ གས་པ་ཁྱད་པར་ཅན་བརྙེས་ཏེ། སྐུ་ཚེའི་སྨད་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་རིམ་པ་གཉིས་ལ་གཙོ་བོར་བརྩོན་པར་མཛད་ཅིང་ཞལ་ནས་སྔར་ཡིན་ན་ང་ཞག་རེ་མི་མང་སར་བསྡད་ན་སུན་སྣང་ཆེན་པོ་འོང་བ་ཡིན་ཏེ། ད་མི་མང་སར་བསྡད་པ་དང་ཐང་སྟོང་ཞིག་ཏུ་རང་གཅིག་པུར་བསྡད་པ་དང༌། རི་ཁྲོད་དུ་མཐུན་རྐྱེན་འཛོམ་པོ་བྱས་ནས་བསྡད་པ་གང་བྱས་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེས་བདེ་བ་ཆེན་པོ་ངམ་ངམ་ཤུགསཀྱིས་སྐྱེ་བ་ཞིག་ཡོད་གསུངས། དེ་ལྟར་མཁས་པ་འཆལ་པར་མ་ཤོར་བ། བཙུན་པོ་རྨོ ངས་པར་མ་ཤོར་བ། བཤད་པ་ཁ་བཤད་དུ་མ་ཤོར་བ། སྒྲུབ་པ་རང་དོན་དུ་མ་ཤོར་བའི་སྐྱེས་མཆོག་དམ་པ་འདིས་མཐོན་པོའི་ཁྲི་ལ་བཟང་པོའི་ཟས་གོས་ལ་སྤྱོད་ཅིང་རྨོངས་པའི་འཁོར་གྱིས་བསྐོར་བས་བསྟན་པ་དང་འགྲོ་བའི་དོན་མི་འོང་བར་གཟིགས་ནས། མི་མེད་ལུང་སྟོང་འགྲིམས།འཚོ་བ་བྱ་འཚོལ་མཛད། ཡོན་ཏན་ཐམས་ཅད་སྦས། འོག་ནས་འགྲོ་བ་ཆུ་ལས་མེད་པའི་དམན་ས་བཟུང༌། ཆོས་བརྒྱད་ངན་སྐྱུགས་བཞིན་དུ་དོར། བསླབ་ཁྲིམས་རྣམས་ཁས་བླངས་ཙམ་ལ་མ་བཞག་པར་ངོ་ལྐོག་མེད་པར་བསྲུངས། དཀོན་མཆོག་སྤྱི་བོར་ཁུར། ཉམ་ཆུང་བརྩེ་བས་བསྐྱངས། སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་བླངས་པས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཐམས་ཅད་ཚང་བར་མཛད། ཕྱི་འདུལ་བ་ལྟར་དང་ནང་གསང་སྔགས་ལྟར་གྱི་མཛད་པས་བཀའ་གདམས་རིན་པོ་ཆེའི་རྣམ་ཐར་གཙང་མ་ལེགས་པར་ཕྱག་ལེན་ལ་ཐེབས་པར་མཛད་པས་རྨད་དུ་བྱུང་བའི་རྣམ་པར་ཐར་པ་མཆིས་སོ། །

                      དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་དོན་གསུམ་ལ་ཕེབས་པ་ཆུ་མོ་སྦྲུལ་ལོ་ཟླ་བ་དང་པོའི་ཚེས་བདུན་གྱི་ཉིན་ཕུར་བུ་ལྕོག་ཏུ་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །རྗེ་སྒྲུབ་ཁང་པ་ཆེན་པོ་འདིས་འཇམ་མགོན་བསྟན་པའི་སྲོག་ཤིང་བཟུང་སྟེ་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བས་རྒྱུད་འཛིན་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ཐུགས་སྲས་དམ་པ་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ནི་རྗེ་བཙུན་བླ་མ་ངག་དབང་བྱམས་པ་ཡིན་ལ། གཞན་ཡང་མཁར་རྡོ་མཁན་པོ་བཟོད་པ་རྒྱ་མཚོ་དང༌། རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་དང༌། ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་སོགས་འཕྲིན་ལས་རྒྱ་ཆེར་སྤེལ་བའི་བསྟན་འཛིན་དམ་པ་མང་དུ་བྱོན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང༌། རྗེ་འདིའི་རྣམ་ཐར་ལྟར་དཔལ་ལྡན་ཨ་ཏི་ཤ་དང་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།