རྗེ་སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:19:35     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

147064761514854958.jpg

                    དེ་ནས་དྲུང་པ་རྟ་ཕུག་པས་དམ་པ་འདི་ཉིད་དབུས་ཕྱོགས་སུ་རྗེའི་བསྟན་པ་ལ་ཕན་པ་ཆེན་པོ་འབྱུང་བར་གཟིགས་ནས་ཉིན་གཅིག་སྐུ་མདུན་དུ་བོས་ནས། ད་ཁྱེད་དབུས་ལ་སོངས་གསུངས་ཏེ་ཉིད་ཀྱི་སྐུ་འགག་བཞེས་པ་དེ་ཕུད་ནས་གནང༌། དབེན་པ་བསྟེན་པའི་ཚེ་དཀའ་སྤྱད་དགོས་ཚུལ། སྒྲུབ་པ་བྱེད་ཚུལ། དེ་ལ་བརྟེན་ནས་བསྟན་པ་དང་འགྲོ་དོན་ཇི་ལྟར་བྱ་བའི་བསླབ་དོན་རྒྱས་པར་གནང༌། ཁྱད་པར་དུ་གོས་རྒྱབ་དྲོས་དང༌། འཚོ་བ་རྩམ་པས་ཆོག་ཤེས་གྱིས་ལ་དབེན་པར་ལམ་རིམ་རང་ལ་དྲིལ་ཅིག་གསུངས། དེ་ནས་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་དང༌། བཀའ་དྲིན་དྲན་པའི་གུས་པ་ཆེན་པོས་དྲངས་པའི་མཆི་མས་བརླན་ཞིང་འབྲལ་མི་ཕོད་པ་བྱུང་ཡང་བཀའ་བཞིན་སྒྲུབ་པ་བླ་མ་མཉེས་པའི་མཆོད་པའི་མཆོག་དང་བཀའ་དྲིན་གཞལ་བའི་མཆོག་ཏུ་གཟིགས་ཏེ་དབུས་སུ་བྱོན་པས་སྙེ་ཐང་དུ་ཕེབས་པའི་ཚེ་སེ་རའི་རྒྱབ་རིའི་ལྡེབས་ན་རྗེའི་སྒྲུབ་ཁང་གི་ཆུ་མིག་དང་ཤིང་ནགས་གཟིགས་པས་དགའ་བ་དང་སྐྱོ་བ་འདྲེས་པའི་སྤྱན་ཆབ་མང་དུ་བྱུང༌། ང་ཡ་གི་རང་དུ་སྒྲུབ་པ་བྱས་ལ་འདུག་སྙམ་པ་བྱུང༌། དེ་ནས་སྒྲུབ་ཁང་དུ་ཕེབས་གནས་དེར་ཟིལ་གནོན་དམིགས་པ་སྐོ ར་གསུམ་མཛད། ཕྱག་བདར་ལེགས་པར་བྱས། ཤིན་ཏུ་བག་ཕེབས་པ་དང༌། དབེན་པ་བསྟེན་པའི་དགའ་བས་ཐུགས་རབ་ཏུ་ཚིམ་ནས་རྩའི་གདན་ལ་བཞུགས་ནས་ལམ་རིམ་དང་གཅོད་གཉིས་ཀ་ལ་བརྩོན་པར་མཛད་པས། ནུབ་དང་པོ་ནས་སྒོའི་རྩར་ཤུ་རྒྱགས་པ་དང་འགྲམ་ལྕག་གཏོང་བ་དང༌། རྨི་ལམ་དུ་པོ་ཏ་ལའི་རྒྱབ་ནས་བཟུང༌། སྒྲུབ་ཁང་གི་བར་དུ་གུར་ཁྲ་ཆེམ་མེ་བའི་སྒར་པ་ཆེན་པོའི་མཐའ་ཐམས་ཅད་འབྲོག་པའི་ཆ་ལུགས་ཅན་གྱི་རྟ་པ་འཁོར་གསུམ་ཚེར་མ་འདྲ་བ་བཏགས་པས་བསྐོར་བ་དང༌། ཉང་བྲན་ཕུ་ནས་གཡག་ནག་པོ་རི་འདྲ་བ་ཞིག་ངར་སྒྲས་ས་གཞི་འདར་ཞིང་མེ་སྟག་འཕྲོ་བའི་རླུང་འཚུབ་དང་བཅས་བྱུང་བས་སྒྲུབ་ཁང་འོག་གཞི་དང་བཅས་པ་རྭ་རྩེར་བསྐོར་བ་རྣམས་གཅོད་ཀྱི་དམིགས་པ་བརྟན་པོས་གཟིར་བས། གཡག་རྒོད་དེ་ཆུང་དུ་ཆུང་དུ་སོང་བའི་མཐར་ཐ་འོག་པའི་ལྷ་རྟེན་གྱི་རྩར་མར་མེ་ཆུང་ངུ་ཞིག་ཏུ་གྱུར་སོང་ཞིང༌། ཐབས་ཤེས་སྤྱོད་ཀྱི་ཉམས་ལེན་ལ་རྒྱུན་བསྐྱངས་པས་བདག་འཛིན་འགོང་པོའི་ཆོ་འཕྲུལ་རང་ཞི་ལ་སོང་བའི་མཐར་གནས་དེའི་གཞི་བདག་རྣམས་བྲན་དུ་ཁོལ་ཏེ་ཕྱིན་ཆད་བཀའ་བཞིན་དུ་འཕྲིན་ལས་སྒྲུབ་པ་ཞིག་བྱུང་ངོ༌།

                   དེ་ནས་དུས་རེ་ཞིག་ནས་ན་བཟའ་དང་འཚོ་ཆས་རྣམས་ཟད་པ་ན། རི་ནས་རྩྭ་བརྔས་ནས་གདན་དང་གཡས་གཡོན་རྣམས་སུ་རྩ་སྤུངས་ནས་སྒོམ་པར་མཛད། དེའི་ཚེ་གཡས་གཡོན་མདུན་རྒྱབ་གང་གྲང་ས་དེར་རྩྭ་མང་བར་སྤུངས་ནས་བསྒོམས། མཆོད་པ་གཞན་ཆེར་མེད་པས་ཕོར་པ་བཀྲུས་ནས་ཡོན་ཆབ་དུས་དྲུག་རེ་ཉིན་ལྟར་ཕུལ་ཏེ་བྱང་ཆུབ་ལམ་རིམ་བསྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་དོ། །དེ་ལྟར་བྱང་ཆུབ་ལམ་རིམ་གྱི་དམིགས་རྣམ་སྐྱོང་བ་ལ་འབད་པས་ཐུགས་རྒྱུད་ལ་རྟོགས་པ་སྐྱེ་བའི་རྐྱེན་ནི་སྒོམ་པའི་ཐུན་བར་ཞིག་ལ་ཆུ་ལེན་པར་ཕེབས་པས་ལམ་ཁ་ན་སྦྲང་བུ་ཞིག་ཅུང་ཟད་འཕུར་ནས་ས་ལ་ཡང་ཡང་ལྷུང་བར་འདུག འདི་ཅི་ཡིན་སྙམ་ཞིབ་ཏུ་གཟིགས་པས་སྦྲང་བུའི་བྲང་ལ་གྲོག་མ་ཞིག་གིས་མཆུ་བཙུགས་ནས་འདུག དེས་རྐྱེན་བྱས་ནས་ལས་འབྲས་ལ་བསམ་པས། རང་གིས་ལས་ངན་ཞིག་བསགས་ཕྱི ན་ཇི་ལྟར་བྱས་ཀྱང་འབྲས་བུ་མྱོང་དགོས་འདུག །སྦྲང་བུ་ལ་མིག་འདུག་གཤོག་པ་འདུག །གྲོག་མ་ལ་མིག་ཀྱང་མི་འདུག་ལ། གཤོག་པ་ཡང་མི་འདུག་སྟེ་ལས་ཀྱིས་བཀུག་ནས་གནས་སྐབས་འདི་འདྲར་གྱུར་འདུག་པས་དགེ་མི་དགེའི་ལས་ངེས་པ་ཅན་སོགས་སྟོན་པ་སངས་རྒྱས་ཀྱི་གསུངས་པ་ལ་ནམ་ཡང་བསླུ་བ་མེད་པའི་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། དེས་སྣ་དྲངས་ནས་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ལ་སྤུངས་པ་བཞིན་དུ་འཁྲུངས་སོ། །དེ་ལྟར་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་ལ་རྩོལ་བཅས་དང་རྩོལ་མེད་ཀྱི་མྱོང་བ་རིམ་གྱིས་ཐོན་ཏེ་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་སྐལ་ལྡན་གྱི་གདུལ་བྱ་རེ་གཉིས་ལ་གང་ལ་གང་འཚམ་གྱི་ཟབ་ཆོས་མངོན་ཆུང་གི་སྒོ་ནས་གནང༌། བར་སྐབས་ཤིག་དགོས་པ་ཁྱད་པར་ཅན་འགའ་གཟིགས་ཏེ། འོལ་ཁ་དང༌། རྒྱལ་དང༌། དྭགས་པོ་དང༌། རྩྭ་རིའི་རྩེ་སྐོར་སོགས་ལ་ཕེབས། འདི་སྐབས་སུ་བླ་མ་དྲུང་རམ་པ་རིན་ཆེན་དོན་གྲུབ་ལ་གཅོད་སྟན་ཐོག་གཅིག་མའི་ཁྲིད། ནམ་མཁའ་སྒོ་འབྱེ ད་ཀྱི་དབང༌། དཔོན་སློབ་ལྷ་སྡིངས་པ་ལ་ཆོས་སྤྱོད་རབ་གསལ་གྱི་ལུང༌། རེ་སྒོ་ཨ་ཙ་ར་ལ་བློ་སྦྱོང་གཞན་དོན་དོན་གཉེར། བྱང་ཆུབ་དོན་གཉེར། བཟོད་པའི་ཕར་ཕྱིན་ལ་བསླབ་ཚུལ་སོགས་ཆོས་མང་དུ་གསན་ནོ། །

                    དེ་ནས་ཐུགས་ལ་སྔར་གཙང་དུ་བཞུགས་སྐབས་བླ་མའི་ཞལ་ནས་གཅོད་ལ་བཞེད་པ་ཆེན་པོ་འདུག་པ། བར་གྲྭ་ཚང་གི་གཅོད་ཞིག་ཉན་ན་འོང་གསུང་བ་ཞིག་ཡོད་པ་དྲན་ནས། ཅི་ནས་ཀྱང་ད་རེས་འགྲོ་དགོངས་ཏེ་ཕེབས་པས། ཆོས་ལུང་བྱ་བར་ཞལ་སྔ་ནས་ཆོས་འཕེལ་རྒྱ་མཚོའི་དྲུང་དུ་འབྱོར། གཅོད་ཀྱི་གདམས་པ་གནང་དགོས་ཚུལ་ཞུས་པས་ཐུགས་དགྱེས་དགྱེས་དཔག་མེད་མཛད། གཅོད་ཁྲིད་ཟབ་རྒྱས་གནང༌། ཞག་བཞི་བཞུགས། དེ་དུས་ཞལ་སྔ་ནས་དེར་ད་ལྟ་བྲེལ་བ་ཡོད་རྗེས་སོར་ཤོག་དང༌། གཅོད་ཀྱི་དཔེ་ཡང་སྟེར་གསུངས་ཏེ་ཐུགས་ལ་བཞག་ནས་སླར་ཡང་ཕེབས་པས་ཞག་བཅུ་བཞིའི་རིང་ལ་གཅོད་དབང་དང༌། སྐལ་ལྡན་འཇུག་ངོགས་ཆེ་ཆུང་གཉིས། མ་ཅིག་རྐྱང་སྒོམ་དང་བཅས་པའི་ཁྲིད་ལུང་དཔེ་དང་བཅས་པ་གནང༌། ངས་གཅོད་ཁྲིད་ཞུས་ནས་མ་ཆག་པར་བཏང་བ་ཡིན། ད་ཁྱོད་ཀྱིས་ཀྱང་མ་ཆགས་པར་ཐོངས་གསུངས་ཏེ། མ་ཅིག་བླ་མ་དང་བཅས་པས་ཐབས་ཤེས་སྤྱོད་ཀྱི་གདམས་པའི་མངའ་བདག་ཆེན་པོར་མངའ་གསོལ་བའི་རྟེན་འབྲེལ་གྱིས་གདམས་པ་འདིས་མ་ཅིག་གི་དགོངས་པ་ཇི་ལྟ་བ་བཞིན་གདམས་ངག་བློ་སྦྱོང་སྤྱི་དང་མཐུན་ཞིང༌། ཀུན་སྤྱོད་འདུལ་བ་ལྟར་མཛད་དེ་ནང་གསང་སྔགས་ལྟར་གནས་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་རང་གཅེས་འཛིན་བཅད། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་བདག་འཛིན་བཅད་དེ་བདུད་བཞི་རང་སར་གྲོལ། རང་སེམས་དབང་དུ་འདུས། དེའི་མཐུས་ལྷ་འདྲེ་མི་གསུམ་དབང་དུ་འདུས་ནས་གདམས་པ་འདིའི་སྒོ་ནས་སྐལ་ལྡན་དུ་མ་མིན་གྲོལ་ལ་བཀོད་ཅིང༌། མིང་དོན་མཐུན་པའི་གཅོད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ནས་གདོན་གྱིས་བརླབས་པའི་ནད་པ་དུ་མ་ནད་ལས་གྲོལ་བར་མཛད་ཚུལ་ཡང་མཐའ་ཡས་སོ། །

                   གཞན་ཡང་དབུས་སྟོད་ཕྱོ གས་སུ་ལན་འགའ་རེ་ཕེབས་ཏེ། བླ་མ་སྙན་གྲགས་ཀྱི་དྲུང་ནས་ལམ་རིམ་ཆུང་ངུ༌། དམིགས་བརྩེ་མའི་ལས་ཚོགས་སོགས་ཆོས་མང་དུ་གསན། ཧོར་དཀའ་ཆེན་བློ་བཟང་དོན་གྲུབ་ཀྱི་དྲུང་ནས་བེའུ་སྔོ ན་པོའི་འགྲེལ་པ། འཇིགས་བྱེ ད་ཀྱི་བསྐྱེད་རྫོགས། བློ་སྦྱོང་སྙན་བརྒྱུད་ཆེན་མོ། ཡི་དམ་སྒྲུབ་སྐོར། བར་དོ་གསོལ་འདེབས། གཏོར་མ་སྣ་ཚོགས། སྨན་བླའི་བླ་མའི་རྣལ་འབྱོ ར། ཕྱག་ཆེན་རྣམས་གསན། སློབ་དཔོན་བྱམས་པ་ཆོས་ལྡན་ལ་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་མྱོང་ཁྲིད་སེམས་བསྐྱེད་ཆོ་གས་འཛིན་ཚུལ་དང་བཅས་པ་གསན། སེམས་བསྐྱེད་མཆོད་པའི་སྐབས་མེ་ཏོག་དཀར་པོའི་ཆར་བབས་པས་བླ་མ་ཤིན་ཏུ་མཉེས་པར་གྱུར། གཞན་ཡང་ཉི་སྡིངས་བླ་མ་དགེ་འདུན་ཕུན་ཚོགས་ཀྱི་དྲུང་ནས་སྲད་རྒྱུད་ལུགས་ཀྱི་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་སྨིན་རྒྱས་གསན། སྔ་ཕྱི ་དུ་མར་པོ་ཏ་ལར་ཕེབས་ནས་རྡོ་རྗེ་འཆང་ཆེན་པོ་དགེ་སློང་འཇམ་དབྱངས་གྲགས་པའི་དྲུང་ནས། ཚེ་དཔག་མེད་ཀྱི་ཁྲིད། སྙི ང་པོ་དོན་གསུམ་གྱི་ཁྲིད་ལུང༌། བློ་སྦྱོང་དོན་བདུན་མའི་ཁྲིད་ལུང༌། དམིགས་བརྩེ་མའི་བླ་མའི་རྣལ་འབྱོ ར་གྱི་ཁྲིད་ལུང་སོགས་ཆོས་མང་དུ་གསན་ནོ། །

                   དེ་ལྟར་ཐོས་བསམ་སྒོམ་པ་གསུམ་ལ་དྲིལ་ནས་གཅིག་གི་གེགས་གཅིག་གིས་བསལ། གཅིག་གྲོགས་སུ་གཅིག་སོང་བས་ལུང་རྟོགས་ཀྱི་ཡོན་ཏན་རྣམས་མཚོའི་པདྨ་ལྟར་གྱུར་ཏེ། ཐར་འདོད་དུ་མ་ལ་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པར་མཛད་དོ། །དེ་ནས་མ་འོངས་པའི་བསྟན་རྒྱུན་ལ་དགོངས་ཏེ་སེ་ར་རྩེའི་སྒྲུབ་ཁང་དུ་སྒྲུབ་སྡེ་འཛུགས་པར་མཛད་དེ་ཐོག་མར་དགེ་སློང་བཅུ་བདུན་ལོངས་པའི་དགེ་འདུན་གྱི་སྡེ་ཆགས། དེ་ནས་གདུལ་བྱ་ལས་ཅན་རྣམས་ལ་ལམ་རིམ་གཙོ་བོར་མཛད་པའི་གཅོད་སྙིང་པོ་དོན་གསུམ་སོགས་ཀྱི་ཆོས་འཁོར་དུ་མ་བསྐོར་བས་སློབ་མ་ཐམས་ཅད་ཀྱང་ཉིད་ཀྱི་རྗེས་སུ་སློབ་པས་ཡུན་རིང་པོའི་བར་དུ་གནས་དེར་སངས་རྒྱས་ཀྱི་བསྟན་པ་སྒྲུབ་པའི་ལེའུའི་དུས་ལྟར་གནས་པར་གྱུར་ཏོ། །དེ་ནས་རྐྱེན་ཅི་རིགས་པས་བསྐུལ་ནས་འོལ་ཁར་ཕེབས་ཏེ་འགར་ཕུག་དང༌། ཆོས་ལུང་སོགས་སུ་རེ་ཞིག་བཞུགས་པས། འགར་ཕུག་གི་རྗེའི་སྒྲུབ་ཁང་དུ་དམ་ཅན་ཆོས་རྒྱལ་ཞལ་གཟིགས། གཅོད་ཀྱི་ལྷོངས་ལ་ཕག་རྒོད་ནག་པོ་རི་ཙམ་ཞིག་རླུང་དམར་དྲག་ཏུ་གཡོ་བ་དང་བཅས་བྱུང་བ་དམིགས་པས་གཟིར་བས་མཐར་བྱི་བ་གསུམ་དུ་སོང༌། དེ་ཡང་དམིགས་པས་གཟིར་ནས་ཐལ་བའི་རྡུལ་དུ་བརླག་སྟེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་འཕངས་ནས་ལྟ་ཐོག་ཏུ་མཉམ་པར་བཞག་པས་ཕྱི་ཉིན་ཉི་མ་ལམ་གྱི་མ་དྲོས་པར་མཉམ་བཞག་ཐུན་གཅིག་ལ་སོང༌། མཉམ་བཞག་ལས་ལངས་མ་ཐག་འཁོར་འདས་མཉམ་ཉིད་དང་སྣང་སྟོང་ཟུང་འབྲེལ་གྱི་མགུར་མ་ཞིག་ཀྱང་གསུངས། རྒྱལ་དུ་ཕེབས་པས་དཔལ་ལྡན་ལྷ་མོའི་ཞལ་གཟིགས་པ་སོགས་དག་པའི་མཚན་མ་མང་དུ་བྱུང༌། དེ་ནས་ཚུར་ཕེབས་པས་སང་ཟངས་རིར་ཕེབས་རྒྱུའི་དགོང་མོ་མནལ་ལམ་དུ། མི་ཞྭ་ནག་པོ་གྱོན་པ་དུང་ལོང་བརྒྱབ་པ་ཞིག་གིས། དོག་བདེའི་ནང་དུ་མཆོད་རྟེ ན་ཡོད་དེར་ཁང་པ་བརྩིགས་ན་འོང་ཟེར་བ་ཞིག་བྱུང༌། སང་ཟངས་རི་ཁང་དམར་དུ་ཕེབས་རྟེན་མཇལ་མཛད་པས་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་སྐུ་དེ་རྨི་ལམ་དུ་བྱུང་བ་ཇི་ལྟ་བར་འདུག་གསུང༌། དེ་ནས་སེ་ར་རྩེར་ཕེབས་ཉིན་དགེ་འདུན་རྣམས་ཀྱིས་བསུ་བ་མཛད། འདུ་ཁང་དུ་མཆོད་པ་བརྒྱ་ཚར་ཕུལ། དགེ་འདུན་ཐམས་ཅད་ཀྱིས་ཞབས་སྤྱི་བོར་བླངས། ད་ཕྱིན་ཆད་གདན་ས་འདི་རང་དུ་བཞུགས་ནས་ཆོས་གསུང་བར་གསོལ་བ་མགྲིན་གཅིག་ཏུ་བཏབ་པས་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། ད་ངས་ཀྱང་ལམ་རིམ་རང་འཆད་ཁྱེད་རང་རྣམས་ཀྱང་ལམ་རིམ་རང་སྒོམས་ཤིག་གསུངས། 

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

       གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།