རྗེ་སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-07 14:12:25     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

112882170715594877.jpg

                   དེ་ནས་སྐུ་ཁམས་མི་སྙོམས་པ་ཅུང་ཞིག་བྱུང་བ་ན་དྲུང་པ་རྒྱལ་ཚབ་པའི་ཞལ་ནས་དྭགས་པོ་གྲྭ་ཚང་གི་དགོངས་པ་མ་ཁྲོལ་བས་ལྷ་མོའི་འཚུབ་ཀྱི་རྣམ་པར་འདུག །གྲྭ་ཚང་གི་དགོངས་པ་ལེགས་པར་ཞུས་ལ་ཤོག་གསུང༌། དེ་ནས་དྭགས་པོ་གྲྭ་ཚང་དུ་ཕེབས་ཏེ་དགོངས་པ་ཞུས། དེ་ཁའི་བླ་མ་དགེ་འདུན་ཚང་མས་དང་བ་ཆེར་མཛད་དེ་གྲྭ་ཚང་གི་ཁྲི་ལ་འཇོག་འདོད་མཛད་ཀྱང༌། དམ་པ་འདི་ངེས་འབྱུང་སྐྱོ་ཤས་ཆེ་བས་གྲྭ་ཚང་གི་བླ་མ་མ་མཛད་ཅིང༌། བློ་གསར་དོན་གཉེར་ཅན་འགའ་ཞིག་ལ་དྲང་ངེས་རྣམ་འབྱེད་ཀྱི་བཤད་པ་ཞིག་གནང༌། དེ་ནས་རྒྱུད་སྟོད་དུ་ཆོས་ཐོག་གཅིག་ཙམ་ཕེབས་ནས་དགེ་རྒན་རེ་སྒོ་ཨ་ཙ་ར་རི་གོང་བྱ་བའི་རི་ཁྲོད་དུ་བཞུགས་པས་དེར་ཕེབས། ཟབ་ཆོས་མང་དུ་གསན་ཅིང༌། བྱང་ཆུབ་སེམས་ཀྱི་གདམས་ངག་ཐུགས་ཚིམ་པར་ཞུས་ཏེ། སླར་ཡང་གཙང་དུ་ཕེབས་པས་དྲུང་པ་རིན་པོ་ཆེ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་དད་ལྡན་གྱི་སློབ་མ་རྣམས་ཉིད་ཀྱི་ཐུགས་སྲས་དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱིས་བླ་མ་རྒྱལ་ཚབ་པ་ཉིད་ལས་མི་ཞན་པར་སྐྱོང་སྐབས་སུ་སྣང་བས་དྲུང་དུ་རིན་པོ་ཆེ་དང་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་དུ་མཇལ་ནས་བསྙེན་བཀུར་དང་འབུལ་བ་གང་འབྱོར་ཕུལ་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་ཀྱི་སྙན་འབུལ་ཞུས་པས། དེར་བདེ་ལམ་གྱི་ཁྲིད་དབུ་འཛུགས་ཙམ་མཛད། འཕྲོས་རྣམས་རྒོད་ཚང་དུ་སླེབས་ནས་ཡང་གསུང༌། དེར་ཕེབས་ནས་ཞུས་པས་མཚན་ཉིད་པ་ལ་ལམ་རིམ་གྱི་ཁག་མི་འོང་གསུངས་ནས་མ་གནང་བས་ཆོས་ལ་གདུང་དྲགས་ནས་ཡང་ཡང་ཞུས་པས་སྒོ་དུ་མ་ནས་བཀའ་བཀྱོན་མཛད་པ་ལས་བཀའ་ཆོས་ཀྱི་ཞལ་བཞེས་མི་མཛད་པར་ཐུགས་མི་མཉེས་པ་ལྟ་བུ་ལན་མང་དུ་མཛད་པས་ཐུགས་ལ་ང་ལས་སྒྲིབ་ཆེ་བས་སྣོད་དུ་མ་གྱུར་པ་ཡིན་འོང༌། སྔོན་ལ་བཤགས་སྦྱངས་ལས་སྒྲིབ་དག་པའི་མཚན་མ་ཐོབ་པ་ཞིག་བྱེད། དེ་ནས་ཡང་ཞབས་བསྐུལ་ཞུ་དགོངས་ཏེ་བཀྲ་ཤིས་ལྷུན་པོར་ཕེབས་སྐོར་བ་གསོག་པའི་ཚེ། ཉིན་གཅིག་སྐོར་ལམ་དུ་
རོ་ཁྱེར་བ་གཟིགས་པས། ང་འདི་དང་མཉམ་དུ་མ་ཤི་བ་འདི་བདེན་ནམ་རྫུན་ཡ་མཚན། དེ་རིང་རང་ཡང་འཆི་ཉེན་འདུག །རྟེན་བཟང་པོ་འདི་འདྲ་ཐོབ་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་རྒྱུ་མ་བྱུང་བར་ཤི་ན་ཇི་ལྟར་བྱེད། སླར་འདི་ལྟ་བུའི་རྟེན་ཐོབ་མི་འཐོབ་ཆ་ཅི་ཡོང་སྙམ་ནས་དལ་འབྱོར་དང་འཆི་བ་མི་རྟག་པ་ཟུང་འབྲེལ་དུ་གོ་ནས་བརྩོན་འགྲུས་དྲག་པོས་བང་བཏང་ནས་སྐོར་བ་མཛད། དེའི་ཚེ་ཐུགས་ལ་ང་ད་ལྟ་རང་ཡང་འཆི་ཉེན་འདུག

                   འཇིགས་པ་ཆེན་པོ་འདི་པཎ་ཆེན་ཐམས་ཅད་མཁྱེན་པས་དགོངས་ནི་དགོངས་ཐུགས་བརྩེ་བས་གཅིག་གསུང་རིགས་པར་འདུག་སྙམ་པ་བྱུང༌། སྐོར་བ་གསོགས་ནས་སླར་ཡང་རྒོད་ཚང་དུ་ཕེབས། བཀའ་ཆོས་ཀྱི་ཞབས་བསྐུལ་ཞུས་པ་ན་ཁྱེད་མཚན་ཉིད་པ་ལ་ལམ་རིམ་བཤད་པ་ལ་དགོས་པ་མེད་གསུང་མ་གནང་བས། འཆི་རྐྱེན་མང་ལུགས་དང༌། གསོན་རྐྱེན་ཉུང་ལུགས། སྲོག་ཉམ་ཆུང་ལུགས་གང་ལ་བསམས་ཀྱང༌། ཚེ་འདི་ལ་ལམ་རིམ་གྱི་ཁྲིད་ཐོབ་པའི་སྐལ་བ་མི་འདུག །སྐྱེ་བ་རྗེས་མ་ལ་བྱང་ཆུབ་ལམ་རིམ་སྟོན་པའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་ནས་ཆོས་དེ་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ཞིག་འོང་བའི་བསྔོ་སྨོན་དང༌། དེའི་གེགས་མི་དགེ་བ་གང་བྱས་ལ་བཤགས་སྡོམ་འགྱོད་མེད་ཅིག་བྱ་བ་ལས་འོས་མི་འདུག་སྙམ་སྟེ། ཞུམ་པ་མེད་པར་སྙིང་སྟོབས་བསྐྱེད་ནས། རྒོད་ཚང་གི་ཉེ་སྐོར་ཕུག་པ་དབེན་པ་ཞིག་ཏུ། རྩམ་པ་ཉུང་ཙམ་ལ་བཞེས་ཚོད་མཛད་ཅིང་གཅིག་པུར་བཞུགས་ནས། ཉི་མ་རེ་ལ་བརྐྱང་ཕྱག་སྟོང་ཕྲག་གསུམ་རེ་བཙལ་ནས་བཤགས་སྦྱངས་ལ་འབད་པས། རེ་ཞིག་ལོན་ནས་ཡུལ་དེ་ན་དམར་བཤལ་གྱི་རིམས་བྱུང་བས། ལན་ཅིག་ཁྲག་མང་པོ་འཁྲུ་བ་བྱུང༌། ཕུག་པའི་ནང་དུ་བྱོན་ཁྲག་འཁྲུ་བ་དེ་བདེན་ནམ་བརྫུན་སྙམ་སླར་གཟིགས་པར་ཕེབས་པས་གང་ཡང་མི་འདུག་རུང༌། ང་ནད་ངན་དེ་ཐེབས་འདུག་མྱུར་དུ་འཆི་སྙམ་དགེ་སྦྱོར་ལ་བརྩོན་པ་དྲག་ཏུ་བཏང་བས་ད་སྟེ་ཞག་བདུན་ན་ཁྱོད་འཆིའོ་ཟེར་བའི་སྒྲ་ཞིག་མངོན་སུམ་དུ་བྱུང་བས། ཞག་བདུན་སོང་པའི་ཉིན་འཆི་བར་ཐག་ཆོད་ནས་འཆི་གྲབས་འགྱོད་མེད་ཅིག་བྱེད་དགོས་སྙམ་ཉིན་རེ་བཞིན་བསག་སྦྱངས་ལ་འབད་ཅིང་ཉིན་བདུན་པ་ལ་དགེ་རྩ་རྣམས་བསྔོ་སྨོན་རྣམ་པར་དག་པས་རྒྱས་བཏབ། སེམས་འཁྲེང་བའི་ཆས་ཀ་དང་མཛའ་བཤེས་ནི་མེད། ཚེ་འདི་ལ་ལམ་རིམ་མ་ཐོས་ཀྱང་ལས་འབྲས་མི་བསླུ་བས་ཕྱི་མ་ཐོབ་ངེས་འགྱོད་པ་སྤུ་ཙམ་མེད་སྙམ་འཆི་བར་ཐག་བཅད་ནས་བཞུགས་པས་ཞག་ནི་བདུན་སོང༌། གྲོངས་ནི་མ་གྲོངས། དེ་རིང་མ་ཤི་བ་དེ་བླ་མ་དཀོན་མཆོག་གི་བཀའ་དྲིན་ཡིན་སྙམ་ཐུགས་དམ་སྔར་ལས་ཀྱང་ནུས་པར་མཛད་པས་རྨི་ལམ་དུ་ཆོས་གོས་རྣམ་གསུམ་བཞེས་ནས་སེལ་པོ་སྟོང་པ་ཞིག་བསྣམས་ཕེབས་པ་རྨིས་པས་ཆོས་གོས་རྣམ་གསུམ་གྱོན་པ་ལེགས་མོད་སེལ་པོ་སྟོང་པ་ཁུར་བ་བཟང་རྒྱུ་མི་འདུག་སྙམ་སྟེ་སྔར་བཞིན་ཐུགས་དམ་རྒྱུན་བསྐྱངས་པས་རྨི་ལམ་དུ་གོས་དཀར་པོ་དྲི་མ་མེད་པ་ཞིག་གྱོན་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཐོགས་མེད་དུ་འགྲོ་བ་ཞིག་རྨིས་པ་སྡིག་པ་དག་པའི་རྟགས་ཡིན་ངེས་ཤེས་པ་བྱུང༌། ད་ནི་ཤི་ཡང་མི་འགྱོད་དོ་སྙམ་བཞུགས་པས། དགོང་ཅིག་རྨི་ལམ་དུ་བླ་མ་རྟ་ཕུག་པ་དེ་ཉིད་རྒོད་ཚང་གི་རི་རྩེར་ཕེབས་ནས། སྐུ་གཟན་གྱིས་གཡབ་མོ་མཛད་པ་ཞིག་རྨིས་ཐུགས་ལ་ད་རང་ཕྱིན་ན་བླ་མས་གསང་ཆོས་གནང་བ་འདྲ་དགོངས་ནས་རྒོད་ཚང་དུ་བྱོན་པས་ཐུགས་ཤིན་ཏུ་དགྱེས་པའི་སྒོ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བར་བྱ་བའི་རིམ་པ་མཐའ་དག་མ་ཚང་བ་མེད་པར་སྟོན་པ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཐུགས་ཀྱི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་གནང་བས་སྐོམ་པས་གདུངས་པ་ཆུ་ཐོབ་པའམ། དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་འཁྲུངས། ཉིན་ལྟར་ཆོས་ཐུན་གྲོལ་མ་ཐག་གཞན་ལ་ངག་མ་བཏང་བར་སྤྱིལ་པོར་ཕེབས་ནས། བླ་མས་ཇི་ལྟར་གསུངས་པའི་ཚིག་རིས་ཕྲ་མོ་ཚུན་ཆད་ཟུར་མ་ཉམས་པར་འདིའི་སྐབས་སུ་འདི་གསུངས་འདིའི་སྐབས་སུ་འདི་གསུངས་སྙམ་དུ་ཚིག་སྐྱོར་བ་དང༌། དོན་སེམས་པ་སོགས་ལ་སྣོད་ཀྱི་སྐྱོན་གསུམ་གང་གིས་ཀྱང་མ་གོས་པར་མཛད།

                    བླ་མའི་རྣལ་འབྱོར་གྱི་སྐབས་སུ་ཀློག་སློབ་པའི་སློབ་དཔོན་བཙུན་ལོག་ཅིག་ཡོད་པ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་དཀའ་བར་བྱུང་བ་བླ་མ་ལ་ཞུས་པས། སློབ་དཔོན་བཙུན་ལོག་དེ་ཉིད་ཚོགས་ཞིང་གི་གཙོ་བོར་གྱིས་ཐུབ་པའི་དབང་པོར་བསྒོམས་དད་པ་སྦྱོངས། ནམ་སངས་རྒྱས་སུ་མཐོང་བའི་དད་པ་བྱུང་ཚེ་ཁོང་རང་གི་གྲལ་དུ་བཞུགས་ལ་དད་པ་སྒོམས་གསུངས། དེ་ལྟ་བུའི་ཚུལ་གྱིས་འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་ལྷག་མཐོང་གི་བར་གྱི་དམིགས་སྐོར་མཐའ་དག་ལ་ཐོས་བསམ་གྱིས་མཐའ་ཆོད་པར་གཏན་ལ་ཕབ་སྟེ་དོགས་པ་ཤིན་ཏུ་གཅོད་དཀའ་བ་རྣམས་བླ་མ་རང་ལ་ཞུས་ནས་ལམ་སྒོམ་པའི་ཐོག་མཐའ་བར་གསུམ་གྱི་གནད་འགག་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཐག་ཆོད་པར་མཛད་དེ། གཅིག་པུར་བཞུགས་ཚེ་གཞན་ལ་དོགས་གཅོད་འདྲི་མི་དགོས་པའི་གདེང་ཐོབ་པར་མཛད་དོ། ཁྲིད་སྐྱོང་བ་ལ་ཤིན་ཏུ་བརྩོན་པར་ཡོད་པའི་སྐབས་ཤིག་མནལ་ལམ་དུ་ལྷ་ཁང་ཆེན་པོ་སྒོ་ཤར་ལ་བསྟན་པ་སྒོ་ལྕགས་ཆེན་པོ་རྒྱབ་པ་ཞིག་གི་སྒོ་དྲུང་ན་ཉིད་རང་བཞུགས་འདུག་པ་ལ་མི་ཞིག་གིས་ལྡེ་མིག་ཆེན་པོ་ཞིག་བྱིན་བྱུང༌། དེས་སྒོ་ལྕགས་དེ་ཕྱེ་ནས་སྒོ་ཕྱེ་བ་དང་དུས་མཉམ་དུ་ཤར་ཕྱོགས་ནས་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་འོད་ཟེར་ཤིན་ཏུ་གསལ་བ་ཞིག་ཤར་བ་ཁང་པ་དེའི་ནང་དུ་བསྟན་པའི་བདག་པོའི་སྐུ་ཤིན་ཏུ་ཆེ་བ་ཞིག་བཞུགས་འདུག་པ་དེའི་ཐུགས་ཀར་འོད་ཟེར་ཕོག་པས་སྐུ་དེ་ལས་ཀྱང་འོད་ཟེར་འཕྲོས་པས་ཁང་པ་དེ་ཉིད་གང་ནས་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་རྨིས། ཐོ་རེངས་མནལ་སད་ཙ་ན་རྨི་ལམ་ཡ་མཚན་ཅན་དེ་འདྲ་ཅི་ཡིན་ནམ་སྙམ་བཞུགས་པས་ཕན་ཚུན་གྱི་སྤྱིལ་པོ་རྣམས་ཀྱི་ཁར་རྡོ་འཕེན་པར་འདུག་པས། རྨི་ལམ་ལ་དཔགས་ན་དེ་རིང་བཀའ་ཆོས་ཤིག་གནང་བར་ཐག་ཆོད་སྙམ་ནས་མྱུར་དུ་བླ་བྲང་དུ་བྱོན་པས། རྩ་བའི་བླ་མ་དེ་ཉིད་བཞུགས་ཁྲི་ཕུན་སུམ་ཚོགས་པ་ཞིག་གི་སྟེང་ན་སྐུ་སྟོད་གཅེར་པུ་མཛད། ཆོས་གོས་རྣམ་གསུམ་ལེགས་པར་བཞེས་ཕྱག་ཏུ་ལམ་རིམ་ཆེན་མོའི་གླེགས་བམ་བསྣམས། ཉི་མ་དྲོ་ས་ཞིག་ན་དང་བ་འདྲེན་པ་ཞིག་མཛད་ནས་བཞུགས་འདུག །རྨི་ལམ་ལ་དཔགས་ན་རང་ངོས་ནས་བྱུང་ཕྱིན་བླ་མ་སངས་རྒྱས་ཡིན་པར་ཐག་ཆོད་པའི་ངེས་ཤེས་ཆེན་པོ་སྐྱེས། བླ་མས་དགྱེས་བཞིན་དུ་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་བས་བླ་མ་དང་ཆོས་ལ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ་ལུས་ཀྱི་བ་སྤུ་ལྡང༌། མིག་ནས་འཆི་མ་འཁྲུག་བཞིན་པས་བླ་མ་རྒྱང་འབོད་ལ་འབད་ཅིང༌། རེས་དགའ་བསྟན་པའི་བདག་པོའི་བཀའ་དྲིན་དྲན་ནས་སྐབས་གསུམ་པ་མང་དུ་བཏོན་ནས་དད་པ་དང་སྐྱོ་ཤས་འགྲན་པ་ཞིག་ཡོད་ཅིང༌། བླ་མ་ལ་བཀའ་དྲིན་དྲན་པའི་དད་གུས་རྒྱུན་མི་འཆད་པ་བྱུང་ཞིང་བླ་མའི་བྱིན་རླབས་ཞུགས་པའི་མཚན་མའང་ཐོབ། རྒོད་ཚང་རི་ཁྲོད་ཀྱི་བསྒྲིགས་ལ་ཞུགས་ནས་ལོ་གསུམ་བཞུགས། ལམ་རིམ་གཙོ་བོར་བསྐྱངས་པའི་བར་བར་དུ་བཀྲ་ཤིས་ལྷུན་པོར་སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་པའི་དྲུང་ནས་གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་ཆེན་དུ་མ་དང༌། ཆོས་སྐྱོང་སྐོར་ཕལ་ཆེར་གྱི་རྗེས་གནང༌། སྒྲུབ་ཐབས་དུ་མའི་ལུང་བཅས་ཆོས་བཀའ་ཅི་རིགས་པ་གསན་ནོ།

 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།