དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-05 11:31:06     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 340863660901511406.jpg

                   དེ་ནས་དམ་པ་འདིས་བྱང་ཆུབ་ལམ་གྱི་རིམ་པ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་རྟ་ནག་ཕུག་ཏུ་སྒྲུབ་སྡེ་འཛུགས་པར་མཛད། རྟ་ཕུག་རྡོ་རྗེའི་གུར་ཁང་ཞེས་མཚན་བཏགས་ཤིང་དེར་སྤོང་བ་པའི་སྡེ་བསྐྱངས། དེ་ནས་སྟག་གི་ལོ་དྲུང་པ་རྒྱལ་ཚབ་པ་སྐུ་གཤེགས་པ་ན་བླ་བྲང་རྒྱལ་མཚན་མཐོན་པོ་ནས་བསྐུལ་ཏེ་དམ་པ་འདི་པ་རྒོ ད་ཚང་བླ་མར་འབྱོན་དགོས་བྱུང༌། དེ་ནས་རྟ་ཕུག་དང་རྒོ ད་ཚང་གཉིས་ཀ་བསྐྱངས་ཏེ་རེས་རྟ་ཕུག་ཏུ་ཕེབས་ནས་དེར་གནས་པའི་རི་ཁྲོད་པ་རྣམས་དང་ཕྱོགས་འདུས་ཀྱི་དད་ལྡན་མང་པོར་ལམ་རིམ་གྱི་ཁྲིད་དང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་དང༌། བློ་སྦྱོང་གི་ཁྲིད་དང༌། གཅོད་ཀྱི་ཁྲིད་དང༌། ནཱ་རོ་ཆོས་དྲུག་གི་ཁྲིད་དང༌། གཞན་ཡང་དབང་ལུང་མན་ངག་རྒྱ་ཆེར་གནང༌། རེས་རྒོད་ཚང་དུ་ཕེབས་ཏེ་དབང་ལུང་མན་ངག་རྒྱ་ཆེར་གནང་སྟེ་རྗེ་སྒྲུབ་ཁང་པས་དམ་པ་འདི་ལ་ལམ་ཁྲིད་སོགས་གསན་པ་ནི་རྒོད་ཚང་ཡིན་ལ་ལྕང་སྐྱ་ཞབས་དྲུང་ངག་དབང་བློ་བཟང་ཆོས་ལྡན་དང༌། བླ་མ་སྨན་ཁང་པ་སོགས་ཀྱིས་དམ་པ་འདི་ལ་ཆོས་གསན་པ་ནི་རྟ་ཕུག་ཡིན་ནོ། །དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱལ་མཚན་ཞིང་གཤེགས་ནས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་བློ་བཟང་ཡེ་ཤེས་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཡང་ཡང་མཇལ་བར་བྱིན་ཞིང༌། རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱིས་དམ་པ་འདི་ལ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། གཅོད་ཀྱི་ཁྲིད་དང༌། འཇམ་དབྱངས་ཆོས་སྐོར་སོགས་ཆོས་བཀའ་མང་དུ་གསན་ནོ། །དེ་ནས་དམ་པ་འདིའི་འཕྲིན་ལས་ཆེས་ཆེར་རྒྱས་པ་ན་དབུས་གཙང་ཁམས་གསུམ་ནས་ཆོས་དོན་གཉེར་བ་མང་དུ་འདུས་ཤིང་རང་རང་གི་ཁམས་དང་བསམ་པ་དང་མཐུན་པར་ཆོས་སྟོན་པར་མཛད་ཅིང༌། གཙོ་བོར་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྩལ་དུ་འདོད་པར་མཛད།

                  དེའི་ཡན་ལག་ཏུ་བློ་སྦྱོང་གི་ཁྲིད་དང༌། གཅོད་ཀྱི་ཁྲིད་རྣམས་མཛད་ཅིང༌། གདུལ་བྱ་དབང་པོ་རབ་ཏུ་གྱུར་པ་ལམ་ཐུན་མོང་བ་ལ་མྱོང་བ་ཐོན་པ་འགའ་ལ་སྔགས་ཀྱི་སྐྱེད་རྫོགས་རྣམས་སྟོན་པར་མཛད་ཅིང༌། ལྷག་པར་དམ་པ་འདི་ཉིད་ནཱ་རོ་ཆོས་དྲུག་ལ་མངའ་བརྙེས་པས་སྔོན་འགྲོའི་འཁྲུལ་འཁོར་རྣམས་ཀྱང་ཞིབ་ཏུ་སྟོན་པར་མཛད། དམ་པ་འདི་ཉིད་ནས་བརྒྱུད་པའི་ནཱ་རོ་ཆོས་དྲུག་གི་ཁྲིད་རྒྱུན་ནི་དེང་སང་དར་ཆ་ཆེ་བར་སྣང་ངོ༌། །དམ་པ་འདིས་བསྟན་པའི་དོན་དུ་བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་ཆོས་སྐོར་དང༌། ཉམས་ལེན་གྱི་གནད་ལས་བརྩམས་པའི་གསུང་མགུར་མང་དུ་སྣང་ཞིང༌། ལྷག་པར་རང་རྒྱུད་ལ་བསྐུལ་མ་འདེབས་པའི་མགུར་མ་མཛད་པ་ནི་འདི་ལྟར།ཕ་བླ་མ་རྣམས་དང་ཡི་དམ་ལྷ། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །བདག་སྐྱེ་རྒ་ན་འཆིའི་འཇིགས་ལས་སྐྱོབས། །ལར་ལས་དང་ཉོན་མོངས་སྟོབས་ཤུགས་ཀྱིས། །དབང་མེད་དུ་སྲིད་པར་ཡང་ཡང་འཁྱམས། །དུས་ད་ལྟ་ཐར་ལམ་མ་བསྒྲུབས་ན། །རྟེ ན་དལ་འབྱོ ར་ཐོབ་པའི་དོན་པོ་ཅི། །ལྷ་ཚངས་དབང་བརྒྱ་བྱིན་བྱ་བ་ཡང༌། །སྔོན་བསགས་པའི་འབྲས་བུ་སྤྱད་སྤྱད་ནས། །ཡང་འཁོར་བར་ཡང་བྲན་ཉིད་དུ་འགྱུར། །གནས་མཐོ་རིས་ན་ཡང་བདེ་སྐབས་མེད། །སྤྱིར་ཡིད་བརྟན་མི་རུང་འཁོར་བའི་ཆོས། །ཚུལ་འདི་ལ་མ་བརྟགས་མ་བསམ་པས། །དྲི་ངན་པའི་ཁྲོད་ཀྱི་སྦྲང་བུ་བཞིན། །ཆོས་བདུད་རྩི་མྱོང་བ་དཀའ་མོར་གདའ། །སྒོམ་ཕྱི ་རུ་མི་གསལ་ནང་དུ་གསལ། །དཔེ་བཀླགས་པས་མི་གོ་བསམས་པས་གོ །རྗེ་བླ་མའི་བྱིན་རླབས་སེམས་ལ་འཇུག །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བློ་བན་བུན་སྤྲིན་པ་མ་དྭངས་ན། །སེམས་གསལ་སྟོང་གི་ཉི་མ་མི་མངོན་པས། །ཡུལ་ཡུལ་ཅན་རྣམ་རྟོག་སྒོ་བཀག་ནས། །སྐབས་གང་ཡིན་གདམས་ངག་མ་བརྗེད་དགོས། །དེར་དྲན་པའི་འཛིན་སྟངས་ཤུགས་བསྐྱེད་ལ། །གྲོགས་ཤེས་བཞིན་ཕྲ་མོས་བྱ་ར་གྱིས། །དགྲ་བྱིང་རྒོད་བྱུང་ན་དེའི་གཉེན་པོར། །འདུ་བྱེད་པ་སྒོམ་གྱི་འགོ་འདྲེན་ཡིན། །རྟེན་བཅས་པ་དམ་པའི་ཚུལ་ཁྲིམས་དང༌། །དོན་ནང་དུ་བསམས་པའི་ཉམས་མྱོང་དང༌། །རྐྱེན་དཀའ་སྤྱད་བཟོད་པའི་ཞེ་རུས་ཅན། །ཆོས་མེད་ཀྱང་བླ་མའི་སྒོམ་ཕྲུག་ཡིན། །ཞེས་དང༌། ན་མོ་གུ་རུ་བུདྡྷ་མཻ་ཏྲི་ཡེ། སྟེང་དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་དུ། །རྗེ་ས་བཅུའི་དབང་ཕྱུག་མི་ཕམ་མགོན། །དཔལ་ནམ་མཁའ་དྲི་མ་མེད་པ་དང༌། །མཚན་འཇམ་དཔལ་སྙིང་པོར་གྲགས་པའི་ཞབས། །སྲས་དཔག་མེད་སེམས་དཔའི་འཁོར་གྱི་དབུས། །ནོར་རིན་ཆེན་དུ་མ་ལས་གྲུབ་པའི། ཁྲི་རབ་འབར་གདོང་ལྡས་བཏེག་པའི་ཁར། །གདན་ཆུ་སྐྱེས་ཟླ་བའི་དབུས་བཞུགས་པའི། །སྐུ་རབ་བརྗིད་སྟོན་མཆོག་གཉིས་པ་ཡིས། །ཆོས་ཐེག་ཆེན་དགའ་སྟོན་འགྱེད་པ་དེར། །བདག་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། །སྔོན་བྱོན་པའི་རྒྱལ་བས་བཏང་སྙོམས་མཛད། །དུས་ད་ལྟའི་བླ་མ་སངས་རྒྱས་ཀྱིས། །འདུལ་མ་ནུས་བློ་དྲེད་ཆོས་དྲེད་ང༌། །རྒྱུད་ཆུ་ནང་རྡོ་བཞིན་སྐམ་པོར་ལུས། །ཆེར་སྙིགས་པའི་བསྟན་པའི་གཟུགས་བརྙན་འདི། །ལར་ཡིད་ལ་བརྣགས་ཀྱང་ཡིད་ཐང་ཆད། །དོན་དེས་ན་ཡིད་དགའ་ཆོས་འཛིན་དུ། །དུས་ད་ལྟ་འཕོས་ན་དགའ་བ་ལ། །གཤིས་རང་བཞིན་ངན་པའི་མི་རྣམས་ནི། །རྒྱུད་ཕྱོ གས་ལྷུང་དབང་གིས་བསྟན་པ་ཡང༌། །འབྲས་སྡུག་བསྔལ་འབྱིན་པའི་ཕྱོགས་སུ་བརྙིལ། །འདི་བསམས་ན་བློ་སྙིང་མགྲིན་པ་འདར། །གཞོན་བཅུ་གསུམ་ལོན་ནས་ཁྱིམ་ནས་བྱུང༌། །སྐབས་དང་པོའི་བསྙེན་རྫོགས་སྡོམ་པ་ནོས། །རྗེ་བླ་མས་བསྟན་པའི་སྒོར་བཙུད་ནས། །ཐུགས་ཉེ་བས་བདག་བློ་ཆོས་ལ་བསྒྱུར། །དྲིན་ཆེ་མོད་སྔོན་ལས་མཐུ་བཙན་པས། །སེམས་ཅོལ་ཆུང་ཕྱི་ཚིས་གྲབ་གཤོམ་དང༌། །ཕུགས་མདོ་མེད་རྣམ་གཡེང་འདུ་འཛིར་འཆོར། །སྙིང་ནང་དུ་རུལ་ཡང་ཆོས་པར་བརྫུ། །མིང་འཇིག་རྟེན་གཏམ་གྲགས་ལོ་འདོད་དང༌། །ལུས་དམར་སེར་སྣལ་མས་དཀྲིས་ལགས་ཀྱང༌། །ཐབས་བླང་དོར་བསླབ་བྱའི་གནས་ལ་རྨོངས། །དུས་ལྔ་པར་གཏུགས་ཚེ་འགྱོད་ཀྱང་ཅི། །གང་ཐོས་པའི་ཚིག་རྣམས་ཡི་གེར་ལས། །རྒྱུད་ཆོས་དང་གང་ཟག་ལྟག་སྤྲོད་སོང༌། །རང་མ་དུལ་གཞན་གྱི་ཡར་འདྲེན་བྱས། །མིང་ཆོས་ལ་སྙད་ནས་ཆོས་མིན་བསྒྲུབས། །གཞན་བསླུ་སྙམ་ཀུན་སློངཅི་ཞིག་སྟེ། །གཡོ་བརྫུན་སྦྱོར་ཟོག་པོའི་རྣམ་ཐར་དང༌། །སྔགས་ནོར་འཁྲུལ་ངེས་མེད་ཕྱག་མཚན་གྱིས། །འབྲིད་མཁས་ཀྱང་མྱོང་འགྱུར་བསམ་པར་རིགས། །ཚེ་འདི་ཡི་བདེ་སྡུག་སྤོང་ལེན་ཙམ། །ཆེད་གཉེར་བ་བྱོལ་སོང་ཕྱུགས་ལའང་ཡོད། །དོན་དེ་ལས་ལོག་པའི་སྒོམ་སྒྲུབ་ཀྱིས། །རྟེན་མི་ལུས་དོན་ལྡན་ཅིས་མི་བྱེད། །སྲོག་ནམ་ཞིག་འགས་པའི་དེ་མ་ཐག །རྗེ་རྒྱལ་ཚབ་ཆོས་ཀྱི་མདུན་ས་དེར། །ཡིད་རླུང་དང་ཧིཀ་གིས་དྲངས་པ་ན། །སྐབས་དེ་རུ་བྱམས་མགོན་ཐུགས་བསྐྱེད་ཅིག །ལུས་རྟེན་འདི་ཤིང་བལ་རླུང་ཁྱེར་བཞིན། །གནས་གར་སྐྱེའི་གདེང་མེད་དངངས་སྐྲག་གིས། །མིག་ཧྲིག་ཧྲིག་སྐྱབས་འཚོལ་འཕྱན་པའི་ཚེ། །ལྷ་བླ་མ་རྣམ་གསུམ་ཚུར་སྤྱོན་ཅིག །དེའི་བྱིན་གྱིས་ཡིད་འོང་ལྷ་ཡི་བུའི། །ལུས་བཟུང་ནས་དད་བརྩོན་གཟུར་གནས་ཀྱིས། །ཆོས་ལེགས་བཤད་ཐོས་བསམ་སྒོམ་པའི་དོན། །ཞིང་ས་བཅུའི་སྤོ་ལ་མངོན་པར་བརྩེགས། །དུས་དེ་ནས་སྐྱེ་རྒྱུན་མི་མང་བར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱིས། །དཔལ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྟབས་གཅིག་ཏུ་འབྲེལ་བའི་སྨོན་ལམ་འདེབས། །གཏམ་དེ་སྐད་གླེང་བའི་སྤོང་བ་པ། །ཡུས་དག་པའི་ཉམས་མྱོང་ག་ལ་ཞིག །རྗེ་བླ་མ་དམ་པ་གུས་བསྟེན་པས། །གསུང་ཡོན་ཏན་རྡུལ་གྱིས་གོས་པ་ཡིན། །དོན་འདིས་མཚོན་དུས་གསུམ་བསགས་པའི་དགེ །རང་ཞི་བདེའི་བསམ་པས་མ་སྦགས་པར། །མ་ཉམ་ཐག་འགྲོ་བའི་དོན་དུ་བསྔོ། །འདི་བུ་རམ་ཤིང་པའི་བཀའ་སྲོལ་ཡིན། །ཞེས་འདི་ཡང་ས་མཐའི་གྱི་ན་པ། །མིང་བློ་བཟང་དམ་ཆོས་རྒྱལ་མཚན་གྱིས། །གནས་རྟ་ཕུག་ཅེས་བྱའི་སྤྱིལ་བུ་རུ། །ཡིད་སྐྱོ་བའི་སྨྲེ་ངག་ཚིག་ཏུ་བསྒྲིགས། །ཞེས་གསུངས།

                   དེ་ལྟར་དམ་པ་འདིས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཐོབ་པར་བྱས། ཚེ་འདི་བློས་བཏང་སྟེ་དབེན་པའི་རི་སུལ་དུ་སྒྲུབ་པ་སྙིང་པོར་བྱས་ཏེ་བྱང་ཆུབ་ལམ་གྱི་རིམ་པ་ལ་མྱོང་པ་ཕུལ་ཕྱིན་ཐོན་པར་མཛད། སྒྲུབ་འབྲས་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཕྱིར་རྗེ་སྒྲུབ་ཁང་པ་སོགས་དམ་པ་མང་པོ་རྗེས་སུ་བཟུང་སྟེ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ནས་དགུང་ལོ་བརྒྱད་ཅུ་གྱ་གྲངས་ལ་ཕེབས་པ་ན་དེད་དཔོན་ཡིད་བཞིན་གྱི་ནོར་བུ་རྙེད་ནས་རང་ཡུལ་དུ་འགྲོ་བ་ལྟར་སྐུའི་བཀོད་པ་བསྡུས་ཏེ་དགའ་བཞིན་སྤྲོ་བཞིན་དུ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་ནས་རྒྱལ་ཚབ་བྱམས་པ་མགོན་པོ་དང༌། རྗེ་ནམ་མཁའ་དྲི་མ་མེད་པ་དང༌། རྗེ་འཇམ་དཔལ་སྙིང་པོ་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དང་བཅས་པ་ལ་མཆོད་ཅིང་ཆོས་ཀྱིས་བགྲོ་བ་མཛད་པ་དང༌། སྤྲུལ་པའི་བཀོད་པ་མུ་མེད་པར་སྟོན་ཅིང་བཞུགས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་ལ་གསོལ་བ་འདེབས་ཤིང༌། དམ་པ་འདིའི་རྣམ་ཐར་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་སྙན་བརྒྱུད་ཀྱི་མན་ངག་ལེགས་པར་ཐོབ་པར་བྱས་ལ་ཚེ་འདིའི་འཁྲི་བ་མེད་པར་དབེན་པའི་རི་སུལ་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ།། །།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།