དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-05 11:26:02     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 847887618094987906.jpg

                   དེ་ནས་མཚན་མོ་དེ་ན་བཟའ་གཞན་གང་ཡང་མེད་པར་ཆོས་གོས་དེ་སྟོད་ལ་བཀབ། སྟན་དེ་སྨད་ངོས་ལ་བཀབ་ནས་གཟིམས་པས་མནལ་ཤིན་ཏུ་སྐྱིད་པ་ཞིག་བྱུང༌། ནམ་ལངས་ནས་གཟིགས་པས་ཡོལ་བའི་ཐག་པ་མིས་འགྲོལ་ཐུབ་པ་མེད་ཀྱང་རི་གཤམ་ན་མར་སླེབས་ནས་བསྡད་འདུག་པ་གཟིགས་པས་ཆོས་སྲུང་ངམ་དཀར་ཕྱོགས་པ་དགའ་བའི་ལྷ་ཞིག་གིས་འཕངས་པ་ཡིན་སྙམ་པ་ཐུགས་ལ་ཤར། དེ་ནས་དཀའ་ཐུབ་དེ་ཁའི་རྒྱུན་ལ་བཞུགས་པས་རེ་ཤིག་ནས་དྲུང་པ་རྒྱལ་ཚབ་པ་ལ་པཎ་ཆེན་ཐམས་ཅད་མཁྱེན་པས་བཀའ་ཕེབས་ནས་དྲུང་པ་ཁོང་དེང་སང་སོ་སོད་པོ་ཨེ་ཡོད་ན། དེང་སང་རི་ཁྲོད་པས་རི་ཐུབ་ཀྱང་རིས་རི་ཁྲོད་པ་མི་ཐུབ་བྱ་བའི་སྐབས་ཡིན་པས་ཁྱེད་རང་གཉིས་ཀ་ལོག་ཤོག །བཙན་ས་ཞིག་ལ་འགྲོ་བ་དགའ་གསུང་བའི་བཀའ་ཕེབས། དེ་ནས་དྲུང་པ་རྒྱལ་ཚབ་པས་ད་ངེད་རང་གཉིས་ཀ་བླ་མ་མཇལ་བར་འགྲོ་གསུངས་ནས། གཉིས་ཀས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་བར་ཕེབས་པས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་དམ་པ་འདིའི་དབུ་ཕྱག་གིས་མནན་ནས་ད་ལམ་འཁྱིག་ཐག་རྡོ་འདྲ་བ་ཞིག་ཨེ་བྱུང་གསུངས། ལན་ཞུ་མ་ནུས་པར་ལ་ལ་ཞུས་པས། དེ་དུས་དྲེད་པོ་ཨེ་བྱུང་གསུངས། དྲེད་པོ་རང་མ་བྱུང་ཞུ་པས། འོ་ན་ག་འདྲ་བྱུང༌། ཁོང་ཁྲོ་སྐྱེས་བྱུང་ངམ་གསུངས། མ་བྱུང་ལགས་ཞུས་པས། འོ་ཡགས། དེ་རྣམས་ལ་སྨོན་ལམ་བཟང་པོ་བཏབ་སྙིང་རྗེ་སྒོམ་དགོས་གསུངས༌། དེ་ནས་དྲུང་པ་གཉིས་ཀ་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀས་རྒོད་ཚང་ལ་ཕེབས། དེ་དུས་རྒོད་ཚང་སྒྲུབ་སྡེ་མ་ཆགས་པའི་དུས་ཡིན་པས་དྲུང་པ་རྣམ་གཉིས་དང་གཞན་ཁ་ཤས་བཅས་སྒྲུབ་པ་ལ་བཞུགས། དེ་ནས་དམ་པ་འདི་པས་དབེན་དགོན་ལ་ཕེབས་ཏེ་གནས་དེར་པཎ་ཆེན་ཐམས་ཅད་མཁྱེན་པས་བཀའ་གནང་བའི་མཐུས་དབེན་དགོན་པ་རྣམས་ཀྱིས་མཐུན་རྐྱེན་ཕུལ་ཏེ་མཐུན་རྐྱེན་ཚང་བའི་སྒོ་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་བྱང་ཆུབ་ལམ་གྱི་རིམ་པ་ལ་མྱོང་བ་བོགས་ཆེ་བར་ཐོན། དེ་སྐབས་ནས་བཟུང་སྟེ་ཉམས་མགུར་ཡང་མང་དུ་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་རྒོད་ཚང་སྒྲུབ་སྡེ་གསར་འཛུགས་མཛད་དེ་དྲུང་པ་རྒྱལ་ཚབ་པ་བླ་མར་བསྐོ་བར་མཛད། དྲུང་པ་འདི་པས་ནི་གནས་ངེས་མེད་མཛད་དེ་བྱང་ཆུབ་ལམ་རིམ་གྱི་ཉམས་ལེན་ཆིག་བསྒྲིལ་མཛད།

                  དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དབེན་དགོན་དུ་ཕེབས་པ་ཞིག་ལ་མཇལ་ཁར་བྱོན་པས་ཞལ་ནས་དབུས་ཕྱོགས་ཀྱི་བླ་མ་བསྟན་པར་ཕན་རེ་ཆེ་བ་ཞིག་ལ་འཇིགས་བྱེད་ཀྱི་དབང་ཞིག་བྱེད་དགོས་ཡོད་པས་དྲུང་པ་རང་འདོད་ན་གནངས་ཉིན་ཤོག་གསུངས་ཐུགས་རྗེ་ཆེ་ཞུས་ནས་ཞུར་ཕེབས་པས་ཁོང་བཅུ་གསུམ་ལ་འཇིགས་བྱེད་ཀྱི་དབང་ཤིན་ཏུ་རྒྱས་པ་ཞིག་གནང༌། དེ་ནས་དབྱར་ཆོས་ཀྱི་ཐོག་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཕེབས་ནས་གསོལ་བ་བཏབ་པ་ལྟར་ལམ་རིམ་ཆེན་མོ་དང་འཇམ་དབྱངས་ཆོས་སྐོར་སོགས་ཆོས་བཀའ་མཐའ་ཡས་པ་གནང་བ་ཞུ་བར་མཛད། དེའི་སྟོན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྒོད་ཚང་དུ་ཕེབས། སྒྲུབ་སྡེ་ལ་རབ་གནས་དང་རི་ཁྲོད་རྣམས་ལ་ལམ་རིམ་གྱི་ཁྲིད་ཤིན་ཏུ་རྒྱས་པ་ཞིག་དང༌། བེའུ་བུམ་སྔོན་པོའི་ལུང་སོགས་ཆོས་བཀའ་མང་དུ་གནང་བ་རྣམས་ཞུ་བར་མཛད། དེ་ནས་དམ་པ་འདི་པས་དབེན་པའི་རི་སུལ་མང་པོར་ལམ་རིམ་སྒོམ་པ་ལ་རྩེ་གཅིག་ཏུ་བཞུགས་ཤིང༌། སྐབས་སྐབས་སུ་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ་བར་ཕེབས་ཏེ་དབང་ལུང་མན་ངག་མཐའ་ཡས་པ་གསན། དེ་ནས་དམ་པ་འདིས་དབུས་ཕྱོགས་ཀྱི་གནས་བསྐོར་ལ་ཕེབས་ཏེ། ལྷ་ས། ཡེར་པ། དགའ་ལྡན། ར་སྒྲེང༌། བསམ་ཡས། རྒྱལ་མེ་ཏོག་ཐང༌། དྭགས་པོ་དང་འོལ་ཁའི་ཕྱོགས་ཀྱི་རྗེའི་སྒྲུབ་གནས་རྣམས་མཇལ་ཞིང་གནས་དེ་དང་དེ་དག་ཏུ་ལམ་རིམ་གཙོ་བོར་བསྐྱངས་ཤིང་གཅོད་ཀྱི་དམིགས་སྐོ ར་ལའང་འགྲུས་པར་མཛད།

                  དེ་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་གྲུབ་བའི་དབང་ཕྱུག་དཀའ་ཆེན་ནམ་མཁའ་རྡོ་རྗེ་ཡང་ཕྱོགས་དེར་ཕེབས་པ་དང་མཇལ། ཞག་ཤས་ལྷན་དུ་བཞུགས་ཏེ་ལྟ་སྒོམ་སྤྱོད་གསུམ་ལས་བརྩམས་ཏེ་གསུང་མོལ་ཞིབ་ཏུ་མཛད་པས་གཉིས་ཀའི་དགེ་སྦྱོར་ལ་བོགས་ཆེན་པོ་ཐོན་ཞིང་ལྷག་པར་དཀའ་ཆེན་ནམ་མཁའ་རྡོ་རྗེ་ནི་དབུ་མའི་ལྟ་བ་ལ་མངའ་བརྙེས་པ་ཞིག་ཡིན་པས་དམ་པ་འདི་ལ་ལྟ་བའི་བོགས་འདོན་ཤིན་ཏུ་ཆེ་བ་བྱུང་སྟེ་གནས་དེར་ལྟ་བའི་མགུར་དབྱངས་མང་དུ་མཛད། དེ་ནས་ལོག་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་དབེན་དགོན་དུ་བཞུགས་པ་དང་མཇལ་ཏེ་བདེ་མཆོག་གི་མན་ངག་རྣམས་ཞུས་ཏེ་ཉམས་ལེན་ལ་ཐེ་ཚོམ་ཆོད་པར་མཛད། དེ་ནས་དམ་པ་འདི་དང་དྲུང་པ་རྒྱལ་ཚབ་པ་གཉིས་ཀ་བྲག་རྒྱ་རྡོ་རྗེའི་ཕོ་བྲང་ལ་ཕེབས་ཏེ་སྒྲུབ་པ་མཛད་པས་ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ་བ་བྱུང༌། དེ་ནས་དམ་པ་འདིས་གྲུབ་ཆེན་ཆོས་རྡོ་རྗེའི་སྒྲུབ་གནས་པ་སྣམ་ཇོ་མོ་ལྷ་རིར་ཕེབས་ཏེ་ཟུང་འཇུག་ཕུག་སོགས་མཇལ་ཞིང༌། པདྨ་འོད་དུ་བཞུགས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་འགར་མོ་ཆོས་རྫོང་དུ་བཞུགས་ཏེ་དགེ་སྦྱོར་ཆུ་བོའི་རྒྱུན་བཞིན་མཛད་པས་ཉམས་རྟོགས་དབྱར་གྱི་མཚོ་ལྟར་འཕེལ་བ་བྱུང༌། དེ་ནས་ཤངས་ཕྱོགས་སུ་བྱོན་ཏེ་མཁས་གྲུབ་ཁྱུང་པོའི་སྒྲུབ་གནས་རྣམས་མཇལ་ཏེ་གནས་དེ་དག་ཏུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་རྒོད་ཚང་དུ་ཕེབས་ཏེ་དྲུང་པ་རྒྱལ་ཚབ་པ་དང་མཇལ་བས་དེ་དུས་དྲུང་པ་རྒྱལ་ཚབ་པས་དོན་གཉེར་ཅན་མང་པོ་ཞིག་ལ་ལམ་རིམ་གྱི་ཁྲིད་རྒྱས་པ་ཞིག་གནང་བ་དང་ཐུག་པས་དམ་པ་འདིས་ཀྱང་ཞུ་བར་མཛད། དྲུང་པ་རྒྱལ་ཚབ་པ་ནི་ལམ་རིམ་འཆད་པ་ལ་མངའ་བརྙེས་པ་ཞིག་སྟེ། དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་གཞུང་བསྲིངས་པའི་སྟེང་དུ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་དང༌། དེ་དག་གི་དོན་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་མཐའ་ཆོད་པར་མཛད་པས་དེ་དུས་ཀྱི་ཆོས་ཉན་པ་རྣམས་ཀྱིས་དམ་པ་འདི་ལ་ད་རེས་དྲུང་པ་རྒྱལ་ཚབ་པའི་གསུང་འདི་རྣམས་ལ་ཟིན་བྲིས་ཤིག་མཛད་དགོས་ཞེས་ཞུས་པ་དམ་པ་འདི་བས་བདེ་ལམ་གྱི་སྔོན་འགྲོའི་མན་ངག་ཆེས་ཞིབ་པ་སྔར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ལས་ཐོས་པ་རྣམས་གཞིར་བྱས་དྲུང་པ་རྒྱལ་ཚབ་པའི་ཞལ་ལས་ཐོས་པ་རྣམས་ཀྱིས་ཀྱང་བརྒྱན་ཏེ་ཤིན་ཏུ་གསལ་ཞིང་གོ་བདེ་བ་ཞིག་མཛད་དོ།

                   དམ་པ་འདིས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་ལྟར་དཔལ་དབེན་ས་སྙན་བརྒྱུད་ཀྱི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་ལ་སྒྲུབ་པ་ཆུ་བོའི་རྒྱུན་བཞིན་མཛད་པ་མྱོང་བ་ཕུལ་ཕྱིན་ཐོན་པ་ནི་དམ་པ་འདི་ཉིད་རང་གི་ཞལ་ནས། བདག་གིས་སྒྲུབ་པ་སྙིང་པོར་བྱེད་པའི་ཚུལ་གླེང་ན། དེ་ཡང་བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་དམ་པ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཚན་བརྗོད་པར་དཀའ་བ་དེ་ཉིད་ཀྱིས་བདག་རྗེས་སུ་བཟུང་བས་བརྩེ་བ་ཆེན་པོས་འདི་ཕྱི་ཐམས་ཅད་དུ་བདག་བདེ་བ་དང་ལེགས་པའི་ལམ་ལ་འགོད་པའི་ཕྱིར་རི་ཁྲོད་དུ་སྒྲུབ་པ་ལ་འགྲོ་བ་དགའ་གསུངས་ནས་ཡང་ཡང་བསྐུལ་བར་མཛད་པའི་མཐར། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པའི་དོན་བདག་གིར་བྱས་ནས་བཀའ་དང་དུ་བླང་ནས་ཁས་བླངས་དམ་བཅས་པས་དྲིན་ཅན་རྩ་བའི་བླ་མ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཐུགས་དགྱེས་པའི་རྣམ་འགྱུར་དང་བཅས། དེ་ཡང་ཚེ་བློས་བཏང་གི་རི་ཁྲོད་པ་གཞན་གྱི་མིག་ལྟོས་ལ་ཕན་པ་རང་ཅིག་བྱེད་དགོས། རི་ཁྲོད་དུ་ཐོས་བསམ་སྒོམ་གསུམ་དང༌། ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་འབད་དགོས་གསུངས་ནས། ལམ་གྱི་རིམ་པ་སྤྱི་དང་ཁྱད་པར་སྙན་ནས་སྙན་དུ་བརྒྱུད་པའི་ཞལ་ཤེས་ཀྱི་གདམས་པ་ཟབ་རྒྱས་གསུང་གི་བདུད་རྩི་མགུར་གྱི་བུམ་བཟང་ལས་འོངས་ཤིང་ཞལ་གྱི་པདྨོ་ལས་འཁྲུངས་པའི་བཅུད་ཀྱི་ཟེགས་མ་བདག་གི་སྒྲ་འཛིན་གྱི་རྩེར་ཆགས་པ་དད་པས་མྱངས་པས་ཡིད་དགའ་བར་བྱེད་པའི་རོ་མཆོག་སྙིང་གི་བུམ་པར་འཁྱོལ་བ་རིས་སུ་མ་བོར་བར་གལ་པོ་ཆེར་མཐོང་ནས་གུས་པས་ཉམས་སུ་བླངས་པ་ལས། མི་རྟག་པ་དང༌། ངན་འགྲོའི་སྡུག་བསྔལ་དང༌། འཁོར་བའི་ཆོས་ལ་སྐྱོ་ཞིང་ཡིད་འབྱུང་བའི་ངེས་འབྱུང་གི་བསམ་པ་མྱོང་བ་སྣ་ཟིན་སྐྱེས་པའི་དབང་གིས་ལས་དང་འབྲས་བུའི་གནས་ཚུལ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་དམིགས་མཐོང་ནས་ཇི་ལྟར་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་གཙོ་བོར་བྱས། བསླབ་པ་གསུམ་གྱི་བསླབ་བྱའི་རིམ་པ་རྣམས་ལག་ཏུ་བླང་ཐུབ་པ་རྣམས་བླངས། མི་ཐུབ་པ་རྣམས་བསླབ་པ་ལ་ཁྱད་གསོད་དང་བརྙས་བཅོས་སུ་མ་སོང་བའི་ངོས་ནས་སྐྱེ་བ་ཕྱི་མ་རྣམས་སུ་སློབ་པར་ནུས་པའི་རྒྱུ་ལ་བསླབ་པ་དང༌། སློབ་པར་དམ་བཅའ་བ་དང་སྨོན་ལམ་གྱིས་ཁ་བསྒྱུར་བ་དང༌། བཅས་མཚམས་ཕྲ་ཞིང་ཕྲ་བ་ལ་ཉེས་པས་མ་གོས་པར་བྱེད་པ་ནི་ཐར་པའི་ས་བོན་ཐེབས་པ་ཡིན་ཡང༌། སྲིད་པའི་རྩ་བ་དྲུང་ནས་འབྱིན་པར་བྱེད་པའི་སྨན་མཆོག་བདུད་རྩིའི་ཐིགས་པ་ལྟ་བུ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ནི། ཡོད་མེད་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡི་རིག །ཅེས་གསུངས་པ་ལྟར། རྟག་ཆད་ཀྱི་མཐའ་བཞི་དང་བྲལ་བའི་ངེས་དོན་མཐར་ཐུག་གི་ལྟ་བ་ཕྱག་རྒྱ་ཆེན་པོ་འཕགས་པ་ཡབ་སྲས་ཀྱི་ཐུགས་ཀྱི་བཅུད་འཁྲུལ་མེད་ཀྱི་ལྟ་བ་འདི་ལྷག་མཐོང་ཆེ་ཆུང་དང༌། སྲས་ཀྱི་ཐུ་བོ་རྣམས་ཀྱིས་གསུངས་པའི་ལྟ་ཁྲིད་དང༌། རྩ་བའི་བླ་མ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས་པའི་དམར་ཁྲིད་ཀྱི་ལྷག་མཐོང་དང༌། ལྟ་བའི་སྐོར་གྱི་གསུང་མགུར་རྣམས་ལ་བལྟ་ཞིང་དོན་ཉམས་སུ་བླངས་པས་སྟོང་ཉིད་ལ་ཐོག་མར་གོ་བ་ཅུང་ཟད་ཆགས་པ་དང༌། དོན་སྤྱིའི་ཚུལ་གྱིས་སྒོམ་པ་དང༌། དེ་ལས་ལངས་ནས་གང་ཤར་སྒྱུ་མ་ལྟ་བུའི་རྣམ་རོལ་གྱི་ངང་ནས་སྦྱོང་ཕྱོགས་རྣམས་ལ་བསླབས་པས་བདག་གི་སྐྱེ་བ་འདིའི་མི་ལུས་ཆུད་མ་ཟོས་པ་འདི་རང་གི་རྣམ་པར་ཐར་པ་ལགས་སོ་ཞེས་གང་གསུངས་པ་ལྟར་རོ། །

 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།