དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-09-05 11:17:03     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

168526773371505757.jpg

                    རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་དྲུང་པ་ཡབ་སྲས་རྣམས་དང་དེ་ནས་རྗེ་སྒྲུབ་ཁང་པ་སོགས་ལ་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་འཆད་པ་ལ་དྲུང་པ་རྒྱལ་ཚབ་པའི་རྣམ་ཐར་ནི་སྔར་བརྗོད་ཟིན་ལ། རྗེ་བཙུན་བློ་བཟང་དམ་ཆོས་རྒྱལ་མཚན་ཞེས་བསྔགས་པ། དྲུང་པ་རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་ནི། སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་ཟངས་དཀར་གྱི་ཡུལ་གྱི་ཆ་ཟངས་ལ་ཞེས་བྱ་བར་ཡབ་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་དཔལ་ལྡེ་ཞེས་བྱ་བ་དང༌། ཡུམ་སྐྱིད་འཛོམ་ཞེས་པ་གཉིས་ཀྱི་སྲས་སུ་ལུག་གི་ལོ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། དེ་གོང་དུ་སྲས་མང་པོ་ཚེ་མ་ཟིན་པས་སྲི་ཆོད་ཐབས་སུ་གཞོན་ནུ་འདིའི་མཚན་ལ་ཁྱི་དཔལ་ལྡེ་ཞེས་བཏགས། སྐྱེས་རབས་མང་པོར་ལམ་ལ་སྦྱངས་པའི་བག་ཆགས་སད་པས་མནོ་ཤེས་པ་ནས་བཟུང་བྱིས་པ་ཐ་མལ་པ་ལྟར་ངན་སྤྱོད་གང་ཡང་མི་མཛད་པར་སྐུ་གསུང་ཐུགས་རྟེན་མཐོང་ན་དགའ་ཞིང་དེ་ལ་མཆོད་པ་བྱེད་པ་དང༌། གསུང་ངག་མ་བྱེ་གོང་དུ་ཡང་ཚིག་འབྲུ་མི་གསལ་བར་ཆོས་དང་གཟུངས་སྔགས་སྣ་ཚོགས་བཟླ་བ་ཞིག་བྱུང༌། དེ་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་ཕྱིན་ནས་ཆོས་རྣམ་དག་ཅིག་བྱ་འདོད་པ་ནར་མར་བྱུང་ཡང་ཡབ་ཡུམ་དང་ཉེར་དུ་སོགས་ཀྱིས་གཏོང་དུ་མ་ཉན་པར་རེ་ཤིག་ཁྱིམ་དུ་བཞུགས་ན་འབྲི་ཀློག་དང་ཆོས་སྤྱོད་འཛིན་པ་སོགས་ལ་བརྩོན་པར་མཛད། དེ་ནས་དགུང་ལོ་བཅུ་དྲུག་ལོན་པའི་ཚེ་དྲུང་པ་བློ་བཟང་རྣམ་རྒྱལ་ཞེས་པའི་དམ་པ་ཞིག་ཡོད་པ་དེའི་དྲུང་དུ་སྐྲ་བཅད། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས། དེ་སྐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གུ་གེ་མཐོ་ལྡིང་དུ་ཕེབས་ནས་མངའ་རིས་སྐོར་གསུམ་གྱི་སྐྱ་སེར་ཚང་མས་དད་གུས་བླ་ལྷག་ཏུ་ཆེ་བར་བྱེད་པས་དམ་པ་འདི་ལའང་དྲུང་པ་བློ་བཟང་རྣམ་རྒྱལ་གྱིས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མཚན་ནས་དྲས་ཏེ་བློ་བཟང་རྒྱལ་མཚན་ཞེས་བཏགས།

                   དེ་ནས་རྩ་བཞི་ཆང་དང་བཅས་པ་སྲོག་དང་བསྡོས་ཏེ་བསྲུང་ཞིང་ཡུལ་དེའི་དབེན་གནས་དུ་མར་དགེ་སྦྱོར་ལ་བརྩོན་པར་མཛད། དེའི་ཚེ་བྱ་བྲལ་གནས་ངེས་མེད་འབྱོན་པ་མཐོང་ཚེ་བདག་ཀྱང་ནམ་ཞིག་ན་ཚེ་འདིའི་གཉེན་ཉེ་དུ་གང་གིས་ཀྱང་མཐོང་ཚོར་མེད་པར་དབེན་པའི་རི་སུལ་དུ་འཚོ་བ་དཀའ་ཐུབ་ལ་གནས་ནས་དཔོན་མེད་གཡོག་མེད་སྣ་ཐག་མགོ་དཀྲིས་ཀྱི་སྤྱོད་པས་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་ནམ་འོང་སྙམ་པ་འབའ་ཞིག་འཁྲུངས། དེ་ནས་སྔར་དབུས་གཙང་དུ་སློབ་གཉེར་ལ་འགྲོ་མྱོང་བ་འགའ་ཞིག་གིས་མངོན་རྟོགས་རྒྱན་ཟིན་ན་ཡོང་ཞེས་བསྐུལ་བ་ན་དྲུང་པ་འདི་པ་གྲོགས་མཆེད་གསུམ་གྱིས་འཛིན་པར་མཛད་དེ་ཉིན་རེ་བཞིན་ནམ་ལངས་ཏེ་ཡི་གེ་མཐོང་ཙམ་ནས་ཁང་པ་ལ་ཉི་མ་ཤར་གྱི་བར་ལ་ཤླཽ་ཀ་བཅོ་བརྒྱད་རེ་འཆག་མེད་དུ་འཛིན་པར་མཛད། གཞན་ཡང་བཤེས་སྤྲིང་དང་དབུ་མ་འཇུག་པ་སོགས་གཞུང་མང་པོ་གཟུང་བས་དེར་གནས་པ་ཀུན་ངོ་མཚར་ཡ་མཚན་དུ་རྒྱུར་ནས་འདི་འདྲ་བའི་མཁྱེན་རབ་ཆེ་བ་དབུས་གཙང་དུ་ཕྱིན་ནས་གཞུང་ལུགས་ཆེན་མོ་རྣམས་ལ་སྦྱངས་ན་གཞན་དང་མི་འདྲ་བ་ཞིག་འོང་ཞེས་བསྔགས་པ་བྱུང༌། དེ་ནས་དགུང་ལོ་ཉེར་ལྔ་ལ་བབ་པ་ན་ཁྱིམ་གྱི་གནས་ནི་སྡུག་བསྔལ་དུ་མའི་འབྱུང་གནས་སུ་རིག་ནས་ཡིད་འབྱུང་དང་སྐྱོ་ཤས་ཤུགས་དྲག་པོས་ད་རེས་དལ་བའི་རྟེན་ལན་ཅིག་ཐོབ་པ་འདི་དོན་ལྡན་དུ་བྱ་ཕྱིར་དབུས་གཙང་དུ་ཕྱིན་ལ་ཆོས་རྣམ་དག་ཅིག་བྱའོ་སྙམ་དུ་ཐག་བཅད་ནས་རང་ཡུལ་ནོར་ལོངས་སྤྱོད་གཉེན་ཉེ་དུ་ཐམས་ཅད་དང་གསོན་བྲལ་བྱས་ནས་རིགས་མཐོན་པོར་སྐྱེས་པའི་ང་རྒྱལ་དང་སྙེམ་པ་གང་ཡང་མེད་པར་འཚོ་བ་བསོད་སྙོམས་ལ་བརྟེན་ཏེ་བྱ་བྲལ་བརྟུལ་ཞུགས་ཀྱི་སྤྱོད་པས་དབུས་གཙང་གི་ལྗོངས་སུ་ཕེབས་སོ། །དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་པ་ན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སོག་དམག་གི་ཆིངས་ལ་ཕེབས་པ་དང་ཐུག་སྟེ་མ་བཞུགས་པས་དཀྱིལ་ཁང་གི་རྗེ་ཞལ་སྔ་ནས་སྨན་བླ་བའི་དྲུང་དུ་རབ་ཏུ་བྱུང་སྟེ་དགེ་ཚུལ་བསྒྲུབས། མཚན་སྔར་གྱི་དེའི་སྟེང་དུ་དམ་ཆོས་ཞེས་པ་བསྣན་ཏེ་བློ་བཟང་དམ་ཆོས་རྒྱལ་མཚན་ཞེས་བཏགས། དགེ་ཚུལ་གྱི་བསླབ་བྱ་རྣམས་ལེགས་པར་བསྲུང་ཞིང་གཞུང་ལུགས་ལ་སྦྱོང་བའི་འགོ་བརྩམས། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཕེབས་པ་ན་མཇལ་བར་བྱོན་པས་དྲུང་པ་འདི་ཉིད་རྗེ་ཉིད་ཀྱི་ཐུགས་སྲས་དམ་པར་འགྱུར་བར་མཁྱེན་ནས་སྐུ་མདུན་དུ་བཞག་ནས་ཡུལ་གང་ནས་ཡིན་དོན་གང་ལ་འོངས་སོགས་བཀའ་འདྲི་ཞིབ་ཏུ་གནང་བར་རང་གི་ཡུལ་དང་དེ་ནས་འོངས་པའི་བསམ་པའི་ཁྱད་པར་རྣམས་ཞིབ་ཏུ་ཞུས་པ་ན་ཐུགས་ཤིན་ཏུ་མཉེས་ནས་ད་ཁྱོད་འདི་རུ་སྡོད་དམ་དབུས་སུ་འགྲོ་གསུངས།

                   དྲུང་པ་འདི་བས་ཨ་ཁུ་དྲུང་པ་རྒྱལ་ཚབ་པ་དང་པོར་དྭགས་པོ་གྲྭ་ཚང་ལ་བྱོན་པས་བདག་ཀྱང་དྭགས་པོ་གྲྭ་ཚང་ལ་འགྲོ་ཞུས་པས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་ནས་གྲྭ་ས་གར་ཕྱིན་ཡང་རང་གིས་ནུས་ཕྱིན་མཚན་ཉིད་ཀྱི་སློབ་གཉེར་བྱེད་པ་ལ་ཁྱད་མེད་དེ་དབང་ལུང་མན་ངག་ཐོབ་པ་ལ་འདིར་བསྡད་ན་ལེགས་པ་ཡོང་གསུངས་པ་ལ་དྲུང་པ་འདི་པས་ཐུགས་ལ་གང་ཤར་དྲང་པོར་ཞུས་ཏེ། འདིར་སྡོད་པ་ལ་ཆས་དངོས་ཀྱང་གང་ཡང་མེད་ཨ་ཁུ་དྲུང་པ་རྒྱལ་ཚབ་པ་ཡང་དྭགས་པོ་གྲྭ་ཚང་ལ་ཕེབས་པ་བཅས་དེར་འགྲོ་བསམ་པ་ཡོད་ཞུས་པ་ན་པཎ་ཆེན་ཐམས་ཅད་མཁྱེན་པས་འོ་ན་འུ་རང་གཉིས་ཤོ་དྲིལ། ངའི་ཤོ་ཆེ་བ་བྱུང་ན་འདིར་སྡོད། དྲུང་པ་རང་ཤོ་ཆེ་བ་བྱུང་ན་དབུས་སུ་རྒྱུགས་གསུངས་ནས་ཕྱག་གིས་དུང་ཤོ་གཉིས་དྲིལ་ཏེ་འདི་འམ་བུའི་ཡིན། འདི་དྲུང་པའི་ཡིན་ཞེས་ཞལ་བའི་སྟེང་དུ་དྲིལ་བ་ན་དྲུང་པ་འདི་པའི་ཤོ་མིག་ཆུང་བ་བྱུང་བས་པཎ་ཆེན་ཐམས་ཅད་མཁྱེན་པ་ཐུགས་མཉེས་ནས་འདིར་སྡོད་པ་དགའ་བ་འདུག་དབང་ལུང་རྗེས་གནང་སོགས་ཆོས་གང་འདུག་ཀྱང་ཤོག་གསུངས། འདི་པས་ཀྱང་ཐུགས་རྗེ་ཆེ་ཞེས་ཞུས། དེ་ནས་ཆོས་གྲྭ་འགྲིམས་ཏེ་ཐོག་མར་རྣམ་འགྲེལ་ལ་སློབ་གཉེར་མཛད་ཅིང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཆོས་གང་གནང་ཡང་བླ་བྲང་ནས་བརྡ་གཏོང་བར་མཛད་པས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་རིམ་པས་ཐོབ། བར་སྐབས་ཤིག་ཆུ་མ་འཕྲོད་པས་བད་ཀན་གྱི་བསྙུན་ཚབས་ཆེ་ཙམ་ཞིག་བྱུང་བ་སྨན་པ་རྣམས་ཀྱིས་ནད་འདི་ལས་མི་ཐར་ཞེས་བློས་བཏང་པ་ན། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་སྐྱབས་འཇུག་ཞུར་ཕེབས་པས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་སྒྲོལ་ལྗང་གི་མངོན་རྟོགས་ཤིག་གི་ལྗགས་ལུང་གནང་ནས་སྔོན་གྱི་ལས་འབྲེལ་ཞིག་འདུག་པས་སྒྲོལ་མ་འདི་ལ་བསྙེན་པ་ཞིག་གྱིས་དང་དགའ་མོ་ཡོང་ཞེས་བཀའ་ཕེབས། དེ་འཕྲལ་དུ་མཚམས་བཅད་དེ་བསྙེན་པ་མཛད་པས་རྗེ་བཙུན་མ་སྒྲོལ་མའི་ཞལ་གཟིགས་བསྙུན་གཞི་ཡང་དྭངས། དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་པོར་ཉིན་རེར་སྒྲོལ་བསྟོད་གང་འགྲུབ་རེ་དང༌། ལེགས་བྲིས་མ་ཚར་རེ་འཆག་མེད་ཞལ་འདོན་མཛད། དེ་ནས་བར་སྐབས་ཤིག་གནས་བསྐོར་ཞིག་མཛད།

                    དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་སྔར་རྒྱུན་བཞིན་ཐུགས་གཉེར་ལ་བརྩོན་པར་མཛད་པས་འབྲུམ་བུའི་ནད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་ཅིང་ནད་བྱུང་ཚད་ཤི་བ་ཞིག་བྱུང་བ་ན་མངའ་རིས་ཕྱོགས་ཀྱི་སློབ་གཉེར་བ་ཕལ་ཆེར་རང་ཡུལ་ལ་བྲོས། དམ་པ་འདིས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུ་མདུན་དུ་ཕྱིན་ནས་རང་ཡུལ་ལ་བྲོས་པ་ལེགས་སམ་ཇི་ལྟར་ལེགས་ཞེས་ཞུས་པ་ན་ད་ལམ་དགའ་མོ་ཡོང་འགྲོ་གསུང་ཞིང་སྲན་ནག་བདུན་ལ་ལྗགས་སྔགས་བཏབ་སྟེ་དར་དམར་ཞིག་ལ་དྲིལ་ན་རྒྱས་བཏབ་སྟེ་འདི་སྐེ་ལ་ཐོགས། ཞག་བདུན་སོང་ན་ཡང་ལེན་དུ་ཤོག་གསར་པ་སྟེར་པ་ཡིན་རྙིང་པའི་སྲན་མ་རྣམས་ཁྱུར་མིད་གྱིས་ཆོས་གྲྭ་མ་ཆག་པར་རྒྱུགས་གསུངས། བཀའ་བཞིན་བྱས་པས་འབྲུམ་བུའི་ནད་མ་བྱུང་ཞིང་སློབ་གཉེར་འཕེལ་བ་བྱུང་བས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མིན་པ་འཁྲུངས། དེ་ནས་རེ་ཞིག་དྲུང་པ་རྒྱལ་ཚབ་པ་དང་མཉམ་དུ་དབེན་པའི་གནས་མང་པོར་ཐུགས་དན་གང་འཕེལ་མཛད། ལྷག་པར་རྟ་ནག་ལ་ཁར་བཞུགས་རིང་རྗེ་ཞལ་སྔ་ནས་སྨན་བླ་བ་ལ་ཁ་ཆོས་སྡེའི་བླ་མར་ཕེབས་པ་དང་ཐུག་པས་མཇལ་བར་ཕེབས། དེའི་ཚེ་བླ་མ་དེའི་ཞལ་ནས་ཁྱེད་རི་ཁྲོད་པ་ཚོས་བཀའ་དྲིན་གསོལ་འདེབས་མ་འཛིན་དགོས་གསུངས། བླ་མ་དགོང་ཇའི་ཚོགས་ལ་ཕེབས་པ་དང་མཉམ་དུ་འདི་པས་བཀའ་དྲིན་གསོལ་འདེབས་མ་བཟུང་བས་བླ་མ་དགོང་ཚོགས་ནས་ཚུར་ཕེབས་དུས་ཟིན་ཐུབ་པ་བྱུང་བླ་མ་ལ་ཞུས་པས་བླ་མ་ཧ་ལས་ཏེ་དེ་འདྲ་མི་བདེན་རིབ་ཙམ་ཞིག་ལ་དེ་ཙམ་ཟིན་མི་ཐུབ་གསུང༌། འདི་པས་ཟིན་ནས་འཁྱོར་ཙམ་ཡོད་ཞུས་ནས་བསྐྱར་བས་བླ་མ་དེས་ངོ་མཚར་ཡ་མཚན་དཔེ་མེད་དུ་འཛིན་པར་མཛད་དེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བཀའ་དྲིན་གསོལ་འདེབས་མ་འདི་ལ་ཤོག་བུ་བཞི་ཙམ་ཡོད་པ་དགོང་ཚོགས་རེའི་ཡུན་ལ་ལྗགས་འཛིན་ཐུབ་པ་འདི་ནི་མཁྱེན་རབ་རྨད་དུ་བྱུང་བ་ཞིག་གོ །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།