བླ་ཆེན་བྱང་ཆུབ་སེམས་དཔའ་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་པ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 09:32:57     རྩོམ་པ་པོ།   ཐུའུ་བཀྭན་ཆོས་ཀྱི་ཉི་མ།    ཀློག་ཐེངས།  

 660937740125523156.jpg

༄༅༅། །ཚོགས་གཉིས་རིན་ཆེན་རྡུལ་མང་ལས་གྲུབ་སྐུ་བཞིའི་བང་རིམ་མངོན་པར་མཐོ། །ལུང་རྟོགས་དམ་ཆོས་ཉི་ཟླའི་འོད་གཟིས་འཇིག་རྟེན་རྒུད་པའི་མུན་པ་འཇོམས། །ཐེག་གསུམ་འཕགས་ཚོགས་གསེར་རིས་ཡོངས་བསྐོར་ཐུབ་པ་ཆོས་ཀྱི་ལྷུན་པོ་ལ། །ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཕྱག་འཚལ་བསྟོད་དབྱངས་རྒྱ་མཚོས་བསྟོད་པར་བགྱི། །འདྲེན་པ་མཆོག་དེའི་བསྟན་པ་་་རིན་ཆེན་གདུགས། །སྙིང་སྟོབས་དཔུང་པས་འགྱེལ་བ་མེད་བཏེགས་ནས། །ཕན་བདེའི་གྲིབ་བསིལ་འབེབས་མཁས་འཕགས་བོད་ཀྱི། །བསྟན་འཛིན་ཡོངས་ལ་སྒོ་གསུམ་གུས་ཕྱག་འཚལ། །ཁྱད་པར་ཐུབ་བསྟན་སྒྲོན་མེ་མནལ་ཕྱོགས་པ། །ཐུགས་བསྐྱེད་དགོངས་པ་ཟབ་མོའི་རྩི་བཅུད་ཀྱིས། །གསོས་ཏེ་རབ་ཏུ་གསལ་མཛད་བཀའ་དྲིན་ཅན། །བླ་ཆེན་སེམས་དཔའ་ཆེ་ལ་སྙིང་་་ནས་འདུད། །གང་གི་དྲིན་ལས་བྱང་ཕྱོགས་གངས་ལྗོངས་སུ། །ཐུབ་བསྟན་ཡུངས་འབྲུའི་ཚད་དུ་གྱུར་པ་ཉིད། །མི་རིང་་་དཔག་བསམ་ལྗོན་པ་ལྟར་གྱུར་ཅེས། །ཚད་མའི་སྐྱེས་བུ་མཐའ་དག་མཐུན་པར་གླེངས། །དེ་ཕྱིར་རྒྱལ་སྲས་བདག་ཉིད་ཆེན་པོ་དེའི། །བཀའ་དྲིན་རྗེས་སུ་དྲན་པའི་རླུང་ཤུགས་ཀྱིས། །བདག་ཡིད་རོལ་མཚོ་ཆེས་ཆེར་བསྐྱོད་པ་ལས། །རྟོགས་བརྗོད་རླབས་ཕྲེང་འཕྱུར་བ་འདི་ལྟར་རོ། །

 

དེ་ཡང་རིང་མོ་ཞིག་ནས་སངས་རྒྱས་དཔག་ཏུ་མེད་པ་ལ་དགེ་པའི་རྩ་བ་བསྐྲུན་ཅིང་དམ་ཆོས་འཛིན་པའི་སྨོན་ལམ་མང་དུ་མཛད་པའི་མཐུ་གྲུབ་པ་ལས། གངས་ཅན་གྱི་ལྗོངས་སུ་རྒྱལ་པོ་སྡིག་ཅན་གྱིས་སངས་རྒྱས་ཀྱི་བསྟན་པ་ལྷག་མེད་དུ་བསྣུབས་པ་ན། བསྟན་པའི་མེ་རོ་མདོ་སྨད་ནས་གསོས་ཏེ་བོད་ཡུལ་ཀུན་ཏུ་དར་ཞིང་རྒྱས་་་པར་མཛད་པའི་བཀའ་དྲིན་ཅན་བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས་པའི་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་འགོད་པར་བྱ་སྟེ། བླ་ཆེན་འདི་སྐུ་སྔ་མ་འབྲོ་སྟག་སྣང་ཁྲི་གསུམ་རྗེ་བྱ་བར་འཁྲུངས་ནས་ཆོས་ལྡན་གྱི་རྒྱལ་པོའི་བཀའ་བློན་མཛད། དམ་པའི་ཆོས་འཛིན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ནས་རང་ལོ་སོ་ལྔ་པ་ལྕགས་ཕག་གི་ལོ་སྐུ་ཚེ་འཕོས་པ། ཆུ་ཕོ་བྱི་བའི་ལོ་ཙོང་ཁ་བདེ་ཁམས་སུ་བོན་པོ་བཟའ་མི་གཉིས་ཀྱི་བུར་སྐུའི་སྐྱེ་བ་བཞེས། ཕ་མས་མུ་ཟུ་གསལ་འབར་ཞེས་བོན་མིང་བཏགས། སྔོན་གྱི་བག་ཆགས་ཀྱི་དབང་གིས་ཆོས་ལ་དད་ནས་སྐུ་ནར་སོན་པ་ན་ལྐོག་ཏུ་ནོན་འཇམ་དཔལ་བྱ་བ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་ལ་སེམས་བསྐྱེད་ཞུས། སྐྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད་དང་། ནམ་དགའ་ལྡན་བྱང་ཆུབ་ལ་ཡོ་ག་གསན།

དུས་དེའི་ཚེ་ན་བོད་དུ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པས། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པ་དམར་བན་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ་དང་གསུམ་གྱིས་ཀརྨ་ཤ་ཏམ་སོགས་འདུལ་བའི་དཔེ་ཆ་དགོས་པ་རྣམས་བསྣམས་ནས་ཉིན་པར་ཡིབ་ཅིང་མཚན་མོ་ལམ་བཅད་དེ་བྲོས་ནས་མངའ་རིས་སུ་སླེབས་ཀྱང་། དེར་བཞུགས་མ་ནུས་པས་བྱང་ལམ་བརྒྱུད་དེ་ཧོར་གྱི་ཡུལ་དུ་བྱོན།

དེར་དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ཏེ་རེ་ཞིག་བཞུགས་ཀྱང་སྐད་རིགས་མ་གཅིག་པས་བསྟན་པར་བྱ་བ་བྱེད་མ་ནུས་པས། མདོ་སྨད་ལྷོའི་བེ་རི་ཚ་མཚོ་ངོས་ནས་ཚུར་བྱོན་ཏེ། རྨ་ལུང་གི་ལོ་རྡོ་རྗེ་བྲག ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་རྣམས་སུ་བསྒོམ་ཞིང་བཞུགས། དེའི་དུས་སུ་དན་ཏིག་གི་རི་ལ་ཕྱུགས་མ་འཚོ་བ་རྣམས་ཀྱིས་བྲག་ཕུག་ཅིག་ན་ཁོང་གསུམ་བཞུགས་པ་མཐོང་ནས། དགོང་ཁ་གྲོང་དུ་མི་རྣམས་ལ་གླེང་བ། མུ་ཟུ་གསལ་འབར་གྱིས་ཐོས་ནས། སང་ཉིན་བལྟ་བར་ཕྱིན་པས་སློབ་དཔོན་གསུམ་མཐོང་། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་ནི་རབ་ཏུ་འབྱུང་བར་བྱ། །ཞེས་དགོངས་ནས་རབ་ཏུ་དབྱུང་བར་གསོལ་བ་བཏབ་པས། འདུལ་བའི་པོ་ཏི་གཏད་ནས་འདི་ལ་ལྟོས་དང་དད་ན་རབ་ཏུ་འབྱུང་ངོ་གསུངས། བལྟས་པ་ན་དད་པ་ལྷག་པར་སྐྱེས་ཏེ་མཆི་མ་བྱུང་ནས་རབ་ཏུ་འབྱུང་བར་ཞུས་པས། གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་རབ་བྱུང་དང་དགེ་ཚུལ་དུ་བསྒྲུབས་ཏེ། མཁན་སློབ་ཀྱི་མིང་སྦྱར་ནས་མཚན་ལ་དགེ་བ་རབ་གསལ་ཞེས་བཏགས་པ་ཕྱིས་སུ་ཐུགས་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས་སོ། །

དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་པ་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་མ་བསད་པས་བོད་དུ་བཞུགས་མ་ནུས་པར་བྲོས་ནས་གློང་ཐང་དུ་ཕེབས་ཡོད་པའི་དྲུང་དུ་ཕྱིན་ཏེ་ཞུས་པས། ངས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་། འོན་ཀྱང་ངས་བཙལ་གྱིས་གསུངས་ཏེ། རྒྱའི་དགེ་སློང་ཀོ་བང་དང་གྱི་བན་བྱ་བ་གཉིས་བཙལ་ཏེ་བཏང་། དེ་ནས་སྔར་གྱི་མཁན་སློབ་ཀྱིས་མཁན་པོ་དང་ལས་སློབ་བྱས། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ཏེ་བླ་ཆེན་བསྙེན་པར་རྫོགས་སོ། །

དེ་ནས་བླ་ཆེན་བྱང་ཕྱོགས་སུ་ཅང་ཨིན་རྩེ་མཁར་མི་ཉག་གྷའི་་་་ཡུལ་དུ་བྱོན་ཏེ་གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན་པས། ལུང་སྡེ་བཞི་བསྟན་བཅོས་དང་བཅས་པ་གནང་ནས། བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཚུལ་བཞིན་དུ་གསལ་བར་གྱིས་ཤིག ཁོ་བོ་ནི་རྒས་པས་ཡུན་རིང་དུ་མི་འཚོ་གསུང་སྐད། དབུས་གཙང་དུ་སྔར་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ནས་རབ་ཏུ་བྱུང་བ་མེད་པར་བྱས་པའི་དབང་གིས་སྡོམ་པ་བླང་ཡུལ་མ་རྙེད་པ་ལ། མདོ་སྨད་དུ་མཁས་པ་མི་གསུམ་དང་བླ་ཆེན་རྣམས་བཞུགས་པ་ཐོས་ནས། སྡོམ་པ་ལེན་པར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་གཙང་དབུས་ཀྱི་མི་བཅུ་སླེབས། གཙང་ལ་བསྙེན་རྫོགས་ཞུས་པས་ང་རྒས་ནས་མཁན་པོ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་བཞིན་ཞུས་པར། བླ་ཆེན་གྱིས་ངེད་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུངས་པ་ལ། གཙང་གིས་དམིགས་བསལ་ལ་རུང་གསུངས་ནས་བླ་ཆེན་པོས་མཁན་པོ་དང་། གཙང་དང་གཡོས་ལས་སློབ་དང་གསང་སྟོན། དམར་དང་ཧྭ་ཤང་གིས་ཁ་སྐོང་བྱས་ཏེ་མི་བཅུ་པོ་བསྙེན་པར་རྫོགས་སོ། །

དེ་ནས་བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་སྐོས་མཁས་པས་གནས་གཞི་ཟུངས་ཞེས་སོགས་ཀྱི་བསླབ་བྱའང་གསུངས། དེ་ནས་ཀླུ་མེས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཅིང་བསྡད། གཞན་རྣམས་བོད་དུ་ཐེགས། ཕྱི་ལོ་ཀླུ་མེས་ཀྱང་བོད་དུ་ཆས་ཏེ། ཕེབས་ཁར་བླ་ཆེན་ལ་མཆོད་གནས་ཞིག་ཞུས་པར་བོན་ཞྭ་འོབ་ཞུ་ས་སེར་གྱིས་ཁ་བསྒྱུར་བ་གསོལ་ལ་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས། མི་བཅུ་པོ་བོད་དུ་འཛོམ་སྟེ། སོ་སོས་གནས་གཞི་དང་གཙུག་ལག་ཁང་བཟུང་། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་སྤེལ་ཏེ་བསྟན་པ་དར་བར་བྱས་སོ། །དེ་ལྟ་ན་བསྟན་པ་ཕྱི་དར་ཞེས་གྲགས་པའི་ཐོག་མ་ནི་བླ་ཆེན་པོ་ལས་བྱུང་བ་ཡིན་པས་བཀའ་དྲིན་འདི་ནི་གངས་ཅན་པ་རྣམས་ཀྱིས་ནམ་དུ་ཡང་གཞལ་བར་ནུས་པ་མ་ཡིན་ནོ། །

བར་སྐབས་ཤིག་ཤར་ཕྱོགས་སུ་ལྷ་རྩེ་བྷི་ག་ཏིག་ཅེས་བྱ་བ། སྔོན་གྱི་ལྷ་རྟེན་མང་དུ་བཞུགས་པའི་དགེ་འདུན་གྱི་གནས་ཤིག་ཏུ་ཀྭ་འོད་མཆོག་གྲགས་པ་དང་མཇལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཊིཀ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་མངོན་པའི་ཐེག་པ་ཆེན་པོ་ལོ་བཅུ་གཉིས་སུ་གསན་ནས། མཚན་མོའི་རྨང་ལམ་ན་གླང་པོ་ཆེ་གཅིག་ལ་བཅིབས་ནས་ནོར་བུ་རིན་པོ་ཆེ་ཕྱག་ཏུ་བསྣམས་ནས། ཚོང་འདུས་ཀུན་ཏུ་འགྱུ་ཞིང་བྱོན་པ་ལ་མི་རྣམས་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ། ད་ལྟར་རེ་ཤིག་ཉོ་བ་ཡང་མེད། རིན་ཡང་མི་ཐེག་ཟེར་རོ། །དེ་ནས་མནལ་སད་ནས་བསམ་པས། བསྟན་པ་རིན་ཆེན་སྒྲོམ་ཕྱེ་སྟེ། །ཡོན་ཏན་མཆོག་གི་ནོར་བྱིན་ཡང་། །མི་རྣམས་དོན་དུ་མི་གཉེར་བས། །རི་ཤིག་ནགས་སུ་གནས་པར་བྱ། །སྙམ་དུ་དགོངས་པའི་སྐབས་སུ། རི་དན་ཏིག་དང་ཉེ་བ་ན་ཐེའུ་རང་སྤུན་དགུ་ཞེས་བྱ་བ་མི་མ་ཡིན་སྟོབས་དང་ལྡན་པ་དེ་རྣམས་བླ་ཆེན་པོ་མཐོང་བ་དང་དད་པ་སྐྱེས་ཏེ། བདག་ཅག་གིས་ཕྱོགས་གང་དང་གང་ན་དགོན་པ་ཆེན་པོ་དངོས་གྲུབ་བརྙེས་པ་མང་དུ་བྱུང་། རྩ་བ་དང་འབྲས་བུ་ལ་སོགས་པ་རྙེད་སླ་བ་དེར་འབྱོན་པར་ཅི་གནང་། བདག་ཅག་གིས་ཀྱང་ཁྱེད་ཀྱི་གྲོགས་དང་དགེ་བསྙེན་དུ་ཡང་བགྱིའོ་ཞེས་ཞུ་བས། གནང་ནས་དན་ཏིག་ཏུ་བྱོན་ནོ། །དེ་ནས་གནས་དེར་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་དང་། ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེན་པོ་ལ་སོགས་པ་མང་དུ་མཛད་ནས། བསྟན་པ་བསྲུང་བ་སྐྱོབ་པའི་སྤྱན་སྔ་རུ། །ཐུགས་དམ་བཞེས་པ་རྒྱལ་སྲས་དཔའ་རྣམས་དང་། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་སྟོབས་ལྡན་པ། །སྐྱོབ་ལ་གུས་རྣམས་བདག་ལ་སྟོང་གྲོགས་མཛོད། །ཅེས་གསོལ་བ་བཏབ་བོ། །

དེ་ནས་བདག་ཉིད་ཆེན་པོ་དེས་ཅིག་ཅར་འཇུག་པའི་རྣམ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་་་་བྱེད་པའི་ལོག་རྟོག་ཅན་མང་བས། དེ་དག་དགག་པའི་ཆེད་དུ་ལྷ་ཁང་དང་མཆོད་རྟེན་དཔག་ཏུ་མེད་པ་བཞེངས། ཚོན་རྩི་ཡང་ཡུལ་དེར་བྱུང་། བཟོ་ཡང་རང་ཉིད་ཀྱིས་མཛད་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་བརྩོན་པར་མཛད་དོ། །དེ་ལྟར་དམ་པའི་སྤྱོད་པ་དེ་ལྟ་བུས་དད་པ་སྐྱེས་ནས། སྦ་གོང་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་རི་དན་ཏིག་ཏུ་བྱོན་པ་དང་། བླ་ཆེན་པོས་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་བསླབ་པའི་གཞི་རྣམས་བརྗོད་པས། རང་ཉིད་ཀྱི་སྤྱོད་ལམ་དེ་ལྟ་བུས་གནོང་ཞིང་འགྱོད་ནས་ཚུལ་བཞིན་དུ་རབ་ཏུ་བྱུང་། དེའི་རྗེས་སུ་བར་གནས་བརྟན་གྲགས་པ་ཞེས་བྱ་བ་རབ་ཏུ་བྱུང་སྟེ། སྤ་བར་གཉིས་སོ། །དེ་བཞིན་དུ་ཇ་བ་གྲགས་པ་དང་ཅོག་ཆེན་ཤེས་རབ་འབྱུང་གནས་གཉིས་ཏེ། ཇ་ཅོག་གཉིས་སོ། །དེ་བཞིན་དུ་བཞད་དཔལ་གྱི་རྡོ་རྗེ་ཞེས་བྱ་བ་དང་། སྲགས་རྒྱ་མཚོ་ཞེས་བྱ་བ་གཉིས་ཏེ། བཞད་སྲགས་གཉིས་སོ། །འལ་བ་རྡོ་རྗེ་དབང་ཕྱུག་དང་བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཏེ། འལ་བསྣུབས་གཉིས་སོ། །ཟོང་མཆོག་ཆོས་སྐྱོང་དང་འཚུར་ཤེས་རབ་མཆོག་གཉིས་ཏེ། ཟོང་འཚུར་གཉིས་སོ། །

དེ་ལྟར་བླ་ཆེན་སློབ་མའི་ཚོགས་དང་བཅས་པ་བསམ་གཏན་དང་རྗེས་སུ་མཐུན་པའི་དབེན་པའི་གནས་ཡིད་དུ་འོང་བ་དེར་སྦྱངས་པའི་ཡོན་ཏན་ལ་གནས་ཤིང་ཆོས་ཀྱི་དགའ་བདེ་ལ་གཞོལ་བ་ན། མཚན་མོའི་དུས་ཤིག་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་དུ་མ་བླ་ཆེན་ལ་ཆོས་ཉན་པར་འོངས་པས། ལྷའི་འོད་ཀྱིས་ཡུལ་དེ་དག་གསལ་བར་བྱས་པ་འཁོར་རྣམས་ཀྱིས་ཀྱང་མཐོང་ངོ། །ལྷ་རྣམས་ཀྱིས་མཆོད་པ་བྱས་ཤིང་བླ་ཆེན་གྱིས་དེ་དག་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་ན་ལྷ་རྣམས་ཀྱིས། བཙུན་པ་ཁྱོད་ནི་བཟང་ན་མི་མ་ཡིན་གྱི་འཁོར་འདི་དག་ནི་ངན་ནོ་ཞེས་ཟེར་ནས་སོང་། ཕྱི་ཉིན་འཁོར་རྣམས་ཀྱིས་མདང་ཡ་མཚན་པའི་སྣང་བ་འདི་ལྟ་བུ་མཐོང་བས་བླ་ཆེན་པོ་ཉིད་ངེས་པར་སྤྲུལ་བ་ཞིག་ལགས་སམ་ཞུས་པས། སྤྲུལ་པ་མ་ཡིན་གྱི། བདག་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་སྦྱོར་པའི་ལམ་པ་སྣང་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་གསལ་ཡིན་ཞེས་གསུངས། ཡང་སྐབས་གཞན་དུ། དང་པོ་བུད་མེད་སྒོག་འཚོང་མ། །བར་དུ་སྟག་སྣ་ཁྲི་གསུམ་རྗེ། །ད་ལྟ་མུ་ཟུ་དགེ་བ་གསལ། །ཞེས་བྱ་བའི་སྐྱེས་རབས་ཀྱང་གསུངས་སོ། །མཁས་པ་མི་གསུམ་ནི་རེ་ཞིག་གི་བར་དན་ཏིག་ཏུ་བཞུགས་ནས་སྐུ་ཚེའི་སྨད་དུ་དམར་དང་གཙང་གཉིས་ཙོང་ཆུ་ཆེན་པོའི་འགྲམ་གྱི་རི་བྲག་དམར་པོ་ཞིག་ལ་ཁང་བུ་བརྐོས་ཏེ་བཞུགས་པས། རི་དེ་ལ་དམར་གཙང་བྲག་ཅེས་གྲགས་ཤིང་། དེང་སང་དེར་ཆགས་པའི་གྲོང་པའི་མིང་ལ་ཡང་དམར་གཙང་ཞེས་འབོད་དོ། །གཡོ་དགེ་འབྱུང་དེ་དང་ཐག་མི་རིང་བ་ཞིག་ཏུ་བཞུགས་པས་ལུང་པ་དེ་ལ་གཡོ་དགེ་ལུང་པ་ཞེས་གྲགས་པ་དེང་སང་ཟུར་ཆག་པས་དབྱི་དགེ་ལུང་པ་ཟེར་རོ། །མཐར་གསུམ་ཀ་ད་ལྟའི་ཟི་ལིང་མཁར་ཡོད་པའི་གནས་འདིར་ཕེབས་ནས་སྐུ་མྱ་ངན་ལས་འདས་པའི་་་་གདུང་ལ་མཆོད་རྟེན་བཞེངས་པ་ཕྱིས་སུ་རྒྱ་མཁར་གྱི་ནང་དུ་ཚུད་པས་བསྙེན་བཀུར་སོགས་མ་བྱུང་བས་ས་འབུམ་ཙམ་དུ་གྱུར་པ་དུས་ཕྱིས་ཀྱི་བར་དུ་ཡོད་ཟེར་རོ། །

བླ་ཆེན་ཀྱང་སྐུ་ཚེའི་སྨད་དུ་དམར་གཙང་དུ་བྱོན། །དེར་གཙུག་ལག་ཁང་དང་རྟེན་མང་དུ་བཞེངས། བྲག་ལ་བརྐོས་པའི་ཁང་བུ་ཞིག་ཏུ་བཞུགས་ནས་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་མོ་ཕག་གི་ལོ་མྱ་ངན་ལས་འདས་སོ། །དེའི་ཚེ་ཞལ་ནས། འཕགས་པ་ཐོགས་མེད་དང་བཙུན་པ་མཆེ་བའི་སྡེ་གཉིས་ཀྱིས་རྒྱལ་བའི་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ། ཁོ་བོས་རྒྱལ་ཚབ་བྱམས་པ་མགོན་པོ་ལ་འདྲི་དགོས་ཏེ། སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་སོ། །ཞེས་གསུངས་ཤིང་། ཡང་འཇིག་རྟེན་གྱི་ཁམས་འདིར་ད་ལྟ་འཕགས་པ་འཇལ་དཔལ་བྱོན་ཡང་བསྐྲད་དེ་གཏོང་བས། ཁོ་བོ་བྱམས་པ་འཇིག་རྟེན་གྱི་ཁམས་འདིར་མ་བྱོན་གྱི་བར་དུ་འཛམ་བུའི་གླིང་འདི་ཐམས་ཅད་དུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་ཞེས་ཀྱང་གསུངས། བླ་ཆེན་གྱིས་བསྟན་པའི་མེ་རོ་གསོས་ཚུལ་ཕྱིས་སུ་ཨ་ཏི་ཤ་ལ་ཞུས་པས། སོ་སོ་སྐྱེ་བོ་ལ་དེ་ལྟ་བུའི་འཕྲིན་ལས་མི་འོང་བས། བླ་ཆེན་ས་ཐོབ་པ་ཅིག་ཡིན་ངེས་གསུངས་ཤིང་། འདི་ཉིད་ཀྱིས་མཛད་པའི་མདོ་མཆོད་བྱ་བ་གཟིགས་ནས་བོད་ཀྱིས་འདི་ལྟ་བུ་ག་ལ་ཤེས། པཎྜི་ཏས་མཛད་པ་ཞིག་ཡིན་འདུག་ཅེས་གསུང་སྐད། སྐུ་གདུང་རིལ་པོ་མ་ཉམས་པའི་ཕྱི་ནས་འཇིམ་པའི་སྐུ་བརྙན་བཞེངས་པ་བྲག་ཕུག་དེར་བཞུགས་པ་ལ། དུས་ཕྱིས་བྲག་ཕུག་རྡིབ་ཀྱང་སྐྱོན་ཅུང་ཟད་ཀྱང་མ་བྱུང་། དེ་ནས་དད་ལྡན་རྣམས་ཀྱིས་གཙུག་ལག་ཁང་བཞེངས་ནས་ད་ལྟ་དེར་བཞུགས་སོ། །

སྐུ་བརྙན་དེ་ཉིད་ཀྱིས་སྐྱེས་བུ་དམ་པ་འགའ་ཞིག་ལ་གསུང་བྱོན་པ་དང་། ལས་དག་པ་འགའ་ཞིག་ལ་མཐོང་སྣང་ཡ་མཚན་ཅན་བྱུང་བ་དང་། སྐབས་འགའ་ཞིག་ཏུ་ཞལ་མདངས་ནག་པོར་གྱུར་པ་དང་། སྐུ་ལས་རྔུལ་ཐོན་པ་ལྟ་བུ་བྱུང་སྐབས་དམག་འཁྲུགས་སོགས་མི་ལེགས་པ་དང་། ཞལ་མདངས་བཟང་བའི་དུས་སུ་ཡུལ་ཕྱོགས་སུ་བཀྲ་ཤིས་པ་འབྱུང་བ་དང་། ཡང་སྡུག་བསྔལ་གྱིས་ཉམ་ཐག་པ་འགའ་ཞིག་གིས་ཕྱག་་་མཆོད་སོགས་བྱས་པས་ཉེར་འཚེ་ལས་ཐར་པ་སོགས་ཀྱི་ལོ་རྒྱུས་ཆེས་མང་ཞིང་། རྒྱུན་དུའང་ཞལ་རས་ཀྱི་མདངས་མི་འདྲ་བར་འགྱུར་བ་དང་། ཐུགས་ཀའི་ཐད་དུ་རེག་ན་སྐུ་བྱིན་དང་མི་འདྲ་པའི་དྲོད་ཡོད་པ་ལྟ་བུ་དང་། ན་བཟའ་ཕུལ་བ་ལ་སྐྱི་ཆགས་ཤིང་སྐབས་འགའ་ཞིག་ཏུ་སྐུ་ལ་འབྱར་འགྲོ་བ་དང་། དུས་བཟང་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ངད་ཀྱིས་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པ་སོགས་ཀྱི་ཡ་མཚན་ད་ལྟའི་བར་དུ་དངོས་སུ་སྣང་ངོ་། །

སྨྲས་པ། གངས་ཅན་ཐུབ་བསྟན་པདྨའི་ཚལ། །རྐྱེན་ངན་ཟླ་བས་ཟུམ་བྱས་ཚེ། །དགོངས་པ་རབ་གསལ་ཉིན་མོར་བྱེད། །མདོ་སྨད་ཤར་རིའི་ཕྲག་པར་འཛེགས། །དེ་ཡི་བཀའ་དྲིན་འོད་ཟེར་གྱིས། །རྒྱལ་བསྟན་འདབ་བརྒྱ་ཁ་ཕྱེ་བས། །རྣམ་གྲོལ་དོན་གཉེར་རྐང་དྲུག་རྣམས། །ཚུལ་ཁྲིམས་སྦྲང་རྩིའི་དགའ་སྟོན་མྱོང་། །ངུར་སྨྲིག་འཆང་བ་འདུས་པའི་སྡེས། །མཐའ་དབུས་ལྗོངས་ཀུན་གང་བ་ནི། །ནོར་འཛིན་བུ་མོ་གུར་གུམ་གྱི། །མེ་ཏོག་སྟོད་གཡོགས་གྱོན་པ་བཞིན། །བོད་ཡུལ་བསྟན་པ་འོད་དཀར་ཅན། །གླང་དར་སྒྲ་གཅན་གྱིས་ཟོས་པ། །མ་ནོངས་སླར་ཡང་གསལ་ལོ་ཞེས། །ཀུན་དའི་ཚོགས་ཀྱང་རྒོད་པར་གྱུར། །ཨེ་མ་བླ་ཆེན་ཆོས་ཀྱི་སྤྲིན་བཟང་གི། །འཕྲིན་ལས་ཆར་གྱིས་བསྐྱངས་པས་བྱང་ཕྱོགས་འདིའི། །རྒྱལ་བསྟན་ཆུ་ཐིགས་གོ་འཕང་འཛིན་པ་ཡང་། །དབྱར་མཚོ་བཞིན་དུ་ཡོངས་སུ་རྒྱས་འདི་རྨད། །དམ་ཆོས་འཛིན་པའི་སྨོན་ལམ་མཐུ་གྲུབ་པའི། །རྒྱལ་སྲས་དཔའ་བོ་མཆོག་གི་རྣམ་པར་ཐར། །ས་གསུམ་ངོ་མཚར་སྙིང་པོ་འདི་ཐོས་ཚེ། །ལག་པའི་པདྨོ་མི་ཟུམ་ཤེས་ལྡན་སུ། །དེ་ཕྱིར་ཤུགས་དྲག་དད་པའི་བསེར་བུ་ཡིས། །བདག་བློ་མ་ལ་ཡ་ཚལ་བསྐྱོད་པ་ལས། །སྐལ་བཟང་སྙིང་གི་གདུང་བ་སེལ་བྱེད་པའི། །རྟོགས་བརྗོད་དྲི་བསུང་ཞིམ་པོ་འདི་འཐུལ་ལོ། །ཚུལ་འདིར་འབད་པའི་དགེ་བ་གངྒཱའི་རྒྱུན། །དུས་གསུམ་ལེགས་སྤྱད་ཉལ་འགྲོ་འབུམ་ཕྲག་དང་། །ལྷན་ཅིག་སྤངས་རྟོགས་ནོར་བུའི་འབྱུང་གནས་མཆོག །བྱང་ཆེན་ཟླ་བའི་མ་མར་འཇུག་པར་ཤོག །ཇི་སྙེད་སྐྱེ་བའི་ཤིང་རྟ་ནམ་དུ་ཡང་།།མི་ཁོམ་གནས་ཀྱི་འདམ་དུ་མི་བྱིང་བར། །ཚུལ་གནས་ཐོས་བསམ་སྒོམ་པའི་ནོར་བུ་ཡིས། །ལེགས་བཀང་བྱང་ཆེན་ལམ་ལ་གཞོལ་བར་ཤོག །མ་སྨད་རྒྱལ་སྲས་སྤྱོད་པའི་ཁུར་ཆེན་པོ། །སྙིང་སྟོབས་ཕྲག་ཏུ་དཀའ་བ་མེད་བླངས་ནས། །ཚོགས་གཉིས་རིན་ཆེན་ཐེམ་སྐས་མྱུར་འཛེགས་ཏེ། །སྐུ་གསུམ་ནོར་བུའི་ཕོ་བྲང་འཇུག་པར་ཤོག །འཇིག་རྟེན་ཀུན་ཏུ་ཉེར་འཚེ་ཐམས་ཅད་དང་། །ཀླ་ཀློའི་ལྟ་ངན་ནམ་ཡང་མི་འཇུག་ཅིང་། །ཐུབ་བསྟན་དཔག་བསམ་རྒྱས་པའི་གྲིབ་བསིལ་དུ། །འགྲོ་ཀུན་བདེ་སྐྱིད་དགའ་བས་རྩེན་པར་ཤོག །རྣམ་གྲོལ་དོན་གཉེར་འདུས་པའི་རྫིང་བུ་ཀུན། །བསླབ་གསུམ་སྦྲང་རྩིའི་བཅུད་ཀྱིས་ཉེར་གཏམས་པའི། །བཤད་སྒྲུབ་པདྨ་འབུམ་ཕྲག་བཞད་པ་ལས། །གཞན་ཕན་དྲི་བསུང་རྟག་ཏུ་འཐུལ་བར་ཤོག །ཆོས་ཉིད་ནམ་མཁའ་གསལ་འགྲིབ་མེད་པ་ལ། །མཆོག་གསུམ་བྱིན་རླབས་ཉི་མའི་གཟི་བརྗིད་རྒྱས། །བསྟན་སྲུང་མཐུ་སྟོབས་འོད་རྣོན་འབུམ་འཕྲོ་བས། །སྨོན་པའི་དོན་གྱི་སྣང་བ་འབར་བར་ཤོག །

ཅེས་བླ་ཆེན་བྱང་ཆུབ་སེམས་དཔའ་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་པ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི། བླ་ཆེན་དེ་ཉིད་ཀྱི་སྐུ་གདུང་ཡིད་བཞིན་ནོར་བུ་སྙིང་པོར་བཞུགས་པའི་སྣང་བརྙན་བྱིན་རླབས་གཏེར་མཛོད་ལ་སྲི་ཞུར་བརྩོན་པའི་དཀོན་གཉེར་དང་། སྦྱིན་བདག་དམར་གཙང་དབོན་པོ་སེར་སྐྱ་རྣམས་དང་། གཞན་ཡང་དོན་གཉེར་བ་མང་པོས་ཡང་ཡང་བསྐུལ་བ་དང་། རང་གིས་ཀྱང་དད་པས་མཚམས་སྦྱར་བ་ལ་བརྟེན་ནས༧འཇམ་དབྱངས་གོང་མ་ཆེན་པོའི་ལུང་གིས་ཇིང་ཟིའུ་ཆན་ཞི་ཞེས་རྣམ་དག་བསླབ་ལྡན་བསམ་གཏན་སློབ་དཔོན་དུ་བསྔགས་པ་ཤཱཀྱའི་བཙུན་པ༧བློ་བཟང་ཆོས་ཀྱི་ཉི་མས་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་བླ་བྲང་བཀྲ་ཤིས་འོད་འབར་དུ་སྦྱར་བའི་ཡི་གེ་པ་ནི་ཨོར་དུ་སུ་དཔྱོད་ལྡན་དགེ་སློང་ངག་དབང་བསྟན་འཕེལ་གྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག ། སརྦ་ཛ་ག་ཏཾ།། །།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།