ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-31 09:28:04     རྩོམ་པ་པོ།   ཤར་སྐལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

 

86460927313160780.jpg

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཉི་མ་དབུས་གཙང་གི་བྱང་ཕྱོགས། མདོ་སྨད་ཨ་མདོའི་ས་ཕྱོགས་འདིར། དང་པོ་མངའ་བདག་ཁྲི་རལ་བ་ཅན་དང་འཕྲུལ་བློན་མགར། ཐོན་མི་སམྦྷོཏ་ལ་སོགས་པའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། རྒྱ་བཟའ་ཀོང་ཇོ་ལ་སོགས་པས་དངོས་སུ་བྱིན་གྱིས་བརླབས། ཁྱད་པར་གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱཀྱ་མུ་ནེ་སྟེ་མཁས་པ་མི་གསུམ་དང་། བླ་ཆེན་པོ་དགོངས་པ་རབ་གསལ་གྱི་དྲིན་ལས་སངས་རྒྱས་ཀྱི་བསྟན་པའི་སྲོལ་ལེགས་པར་ཚུགས། བཤད་སྒྲུབ་ཀྱི་བསྟན་པ་ལེགས་པར་བསྐྱངས་པའི་ལག་རྗེས་ལ་ཀླུ་མེས་ལ་སོགས་པ་དབུས་གཙང་གི་མི་བཅུ་དང་། སྦ་སྒོམ་བསོད་ནམས་རྒྱ་མཚན་ལ་སོགས་པའི་ཁམས་ཀྱི་མཁས་པའང་དཔག་ཏུ་མེད་པ་ཐོན། དེའི་དུས་ནས་བཟུང་སྟེ་ཁམས་འདིར་སངས་རྒྱས་ཀྱི་བསྟན་པའི་སྲོལ་མ་ཆད་པར་དར་བར་སྣང་། གཞན་ཡང་གྲུམ་ཡེ་ཤེས་རྒྱལ་མཚན་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་ཐོབ་ཀརྨ་པཀྴི། ཀརྨ་རོལ་བའི་རྡོ་རྗེ། ཀརྨ་དེ་བཞིན་གཤེགས་པ། ཞྭ་དམར་བ་དཔལ་ཆོས་ཀྱི་གྲགས་པ། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ། ཟི་ནའི་རྣལ་འབྱོར་བ་ཆོས་འབྱུང་ལ་སོགས་པ་དང་། རྒྱལ་བ་བློ་བཟང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་སོགས་པས་བྱིན་གྱིས་བརླབས། ཕ་དམ་པ་སངས་རྒྱས། བལ་བོ་བྷཏནྟ་ལ་སོགས་པའི་རྒྱ་བོད་ཀྱི་པཎ་གྲུབ་དུ་མས་ཀྱང་བྱིན་གྱིས་བརླབས། ཨུ་རྒྱན་རིན་པོ་ཆེས་ཀྱང་སྤྲུལ་བ་དུ་མ་བཀྱེས་ཏེ་གཉའ་གོང་བྲག་དཀར་དང་། ཡང་ཏིག་མཚོ་སྙིང་མ་ཧཱ་དེ་བ་ལ་སོགས་པའི་གྲུབ་གནས་དུ་མའི་སྒོ་ཕྱེ་ཞིང་བྱིན་གྱིས་བརླབས། ཁྱད་པར་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་གཉའ་གོང་བྲག་དཀར་གྱི་གནས་སྒོ་དང་པོ་ཨུ་རྒྱན་རིན་པོ་ཆེས་ལེགས་པར་ཕྱེ། དེ་ནས་བླ་མ་འཕགས་པ་ད་དབེན་གཞོན་ནུ་སེང་གེ་སོགས་ཀྱིས་གནས་སྒོ་ཇེ་གསལ་དུ་བཏང་། གཟིམ་ཁང་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོའི་གཟིགས་སྣང་ལས། བྲག་དཀར་གྱི་རྒྱུན་ལས་ཨུ་རྒྱན། སྒྲོལ་མ། སྤྱན་རས་གཟིགས་རྣམས་བཞུགས་པའི་སྣང་བ་ཤར། སྟོང་སྐོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོས་གནས་འདིར་ཨུ་རྒྱན། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀྱེ་རྡོར། བདེ་མཆོག་གི་དཀྱིལ་འཁོར་ཡོངས་རྫོགས། རིགས་ལྔ། རྒྱུད་སྡེ་བཞིའི་ལྷ་ཚོགས། དུས་གསུམ་གྱི་སངས་རྒྱས་བྱང་སེམས། ཆོས་སྐྱོང་འཁོར་བཅས། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་གནས་འདིར་སྤྲིན་བཞིན་འདུས་ནས་ཚོགས་འཁོར་མཛད་པར་གཟིགས། གཞན་ཡང་དབྱངས་གསལ་གྱི་ཡི་གེ འདོད་འཇོ་བའི་བ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག མཚོ་དང་རྫིང་བུ། རྩི་ཤིང་སྤང་ལྗོངས་སོགས་དང་། ཕྱི་རོལ་དུར་ཁྲོད་ཆེན་པོས་བསྐོར་བའི་གཟིགས་སྣང་ཡང་ཤར། སྡེ་བ་ཆོས་རྗེ་རྒྱལ་བའི་དབང་བོ་བསྟན་འཛིན་བློ་བཟང་རྒྱ་མཚོས་གནས་འདི་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དུ་ཡང་ཡང་གསུངས་པ་དང་། སྤྲུལ་སྐུ་བསྟན་པ་རབ་རྒྱས་དང་། མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་སོགས་ཀྱིས་བདེ་མཆོག་གི་ཕོ་བྲང་འདི་མཁའ་འགྲོ་མའི་གནས་ཡིན་པར་གསུངས་སོ། །

བྱམས་པ་འབུམ་གླིང་དུ་འཇམ་དབྱངས་ཀྱི་སྤྲུལ་བ་བཟོ་བོ་གོང་ཙེ་འཕྲུལ་གྱི་རྒྱལ་བོས་བྱམས་སྐུ་ཆེན་མོས་ཐོག་དྲངས་པའི་བྱམས་པའི་སྐུ་འབུམ་ཐེར་བཞེངས། སྒྲོལ་མའི་སྐུ་རང་བྱོན་དུ་བཞུགས་པ་ལ་ཕྱིས་སུ་གསེར་གསོལ། གཞན་ཡང་ཐུབ་པ། རྡོ་རྗེ་ཕག་མོ་སོགས་བྱིན་རླབས་ཅན་གྱི་སྐུ་བགྲངས་ལས་འདས་པ་བཞུགས། རྒྱལ་བ་བྱམས་པའི་ཕོ་བྲང་འདི་ཉིད་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོ། སྟོང་སྐུ་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་དང་རྒྱལ་བ་རྒྱ་མཚོ། དུས་གསུམ་སངས་རྒྱས་སྡེ་བ་ཞབས་དྲུང་སོགས་ཆེད་དུ་གཉེར་ནས་མཇལ་བ་ལ་ཕེབས། སྟག་ལུང་ཆོས་རྗེ་འཕྲིན་ལས་དཔལ་བཟང་གིས་གནས་འདིར་མཆོད་རྟེན་ཅིག་གསར་དུ་བཞེངས་པའི་ཚེ། མཆོད་རྟེན་གྱི་རྩེའི་ནམ་མཁའ་དང་། ནང་དུ་མར་མེ་འབར་བ་སྟག་ལུང་ཚོགས་པ་ཀུན་གྱིས་མཐོང་བ་དང་། མཆོད་རྟེན་ལ་འཇའ་ཟུག་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་འདུག ལོ་དང་པོར་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་གནས་ཡིན་ཞིང་། ཕྱིས་སུ་གཟིམ་ཁང་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོ་ཕེབས་པའི་ཚེ། སྔོན་ཡང་གནས་འདིར་འོངས་ཤིང་། དེ་རིང་ཡང་སྣང་བ་བདེ་བ་ཞིག་བྱུང་གསུངས། གཞན་ཡང་སྒོམ་ཆེན་གྲགས་པ་བཟང་བོ། རྔ་བ་ཆོས་རྗེ་སྨོན་ལམ་བཀྲ་ཤིས་སོགས་ཀྱི་ལྷ་ཁང་བཞེངས་པར་མཛད་དོ། །ཨན་ཆུང་གནམ་རྫོང་དུ་དང་པོར་གཙང་རབ་གསལ་སོགས་མཁས་པ་མི་གསུམ་ཡུན་རིང་དུ་བཞུགས་ཤིང་སྒོམ་ཁྲིད་བསྐྱངས། ཕྱིས་སུ་རྒྱལ་དབང་སྡེ་བ་ཆོས་རྗེ་ནན་གྱིས་ཕེབས། གནས་འབྲེལ་མཛད། རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་ཡང་ཡུན་རིང་བཞུགས་ནས་ཐུགས་དམ་མཛད་ཅིང་གནས་ལ་བདག་རྐྱེན་ཡང་ལེགས་པར་གནང་། ལོ་ཁོག་གི་ཕུའི་རི་ཉོར་བོར་ཧ་ལྡོང་བཀའ་བཅུ་བ་བྱ་བ་ཞིག་གིས་ཡུན་རིང་དུ་སྒོམ་ལ་བཞུགས་ཤིང་། ཁྱད་པར་ཐུགས་རྗེ་ཆེན་པོ་ལ་ཡི་དམ་གྱི་མཐིལ་དུ་བཟུང་། ཉིན་མཚན་མེད་པར་མུན་ཁྲོད་ན་དཔེ་ཆ་ལ་ལྟ་ནུས་པ་སོགས་ཀྱི་ཉམས་རྟོགས་ཤར། འདའ་ཁའི་ཚེ་གདུང་རྟགས་དགོས་ཚུལ་ཞུས་པས། སྤུར་བཞུས་པའི་ཐག་ཉེའི་ཕ་བོང་ལ་ལྟོས་གསུངས་པ་ལྟར་བཙལ་བས། ཕ་བོང་གཅིག་ལ་ཡི་གེ་དྲུག་མ་དང་། གཅིག་ལ་ཨེ་ཝཾ་གྱི་ཡི་གེ་གསལ་བོར་བྱོན་ནོ་ཞེས་རྗེ་ཆོས་ཀྱི་རྒྱ་མཚོས་གསུངས་སོ། །ཁྲི་གའི་ལྷ་དཀར་པོ་བྱ་བའི་བྱམས་སྐུ་འདིའི་ཐུགས་རྟེན་ལ་ཕ་བོང་གཅིག་ལ་བྱམས་སྐུ་རང་བྱོན་དུ་ཕེབས་པ་བཞུགས། ཇུའི་ཇོའུ་ལྷ་ཁང་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས། ས་པཎ་གྱིས་རབ་གནས་མཛད། སངས་རྒྱས་བྱང་སེམས་མང་པོ་འཐིམ་པའི་སྣང་བ་ཤར། རྒྱ་མཁར་གྱི་མཆོད་རྟེན་དུ་མངའ་བདག་ཁྲི་རལ་བ་ཅན་གྱི་དབུ་ལོ་བཞུགས། མཆོད་རྟེན་དྲིལ་གསིལ་མས་དུས་བཟང་འགའ་རེ་དྲིལ་བུ་བསིལ་བའི་སྒྲ་སྒྲོགས། རི་བོ་དན་ཏིག་དང་པོར་རྒྱལ་བོ་དོན་གྲུབ་ཀྱིས་བྱིན་གྱིས་བརླབས། མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་བཞུགས། དབང་བོ་བརྒྱ་བྱིན་གྱིས་བླ་ཆེན་ལ་ཆོས་གསན་པ་ལ་ཕེབས། མཚན་མོ་གནས་ཐམས་ཅད་འོད་ཀྱིས་སྣང་བར་བྱས། ཡང་ཏིག་ཨུ་རྒྱན་གྱི་གྲུབ་གནས་སུ་རྗེ་བསོད་ནམས་རྒྱ་མཚོས་བྱིན་གཟིགས། གཏེར་སྲུང་གཏེར་དང་བཅས་པའི་སྣང་བ་ཤར། ཨུ་རྒྱན་བཞུགས་པའི་སྣང་བ་བྱུང་། གནས་འདི་གཉིས་མཇལ་བ་ལ་རྗེ་བསོད་ནམས་རྒྱ་མཚོ། རྗེ་བསོད་ནམས་ཡེ་ཤེས་དབང་བོ། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ། རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་རྣམས་ཕེབས་གནས་འབྲེལ་མཛད། ཆོས་ཀྱི་རྗེ་རིན་པོ་ཆེ་དོན་གྲུབ་རིན་ཆེན་པས་བྱ་ཁྱུང་བྲག་དང་། ཤ་སྦྲང་དགོན་གཉིས་བཏབ། ཁྱད་པར་དུ་བྱ་ཁྱུང་བྲག་ཏུ་མདོ་སྔགས་ཀྱི་བཤད་གྲྭ་བཙུགས། འཕགས་པ་ཤིང་ཀུན་གྱི་བླ་མ་མཛད། སྐུ་ཚེའི་སྨད་ལ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་མཛད། སྤྱན་རས་གཟིགས་དང་རྡོ་རྗེའི་འཇིགས་བྱེད་ལ་སོགས་པའི་ཞལ་གཟིགས། མངོན་ཤེས་ཐོགས་མེད་དུ་མངའ་ཞིང་གྲུབ་རྟགས་མང་དུ་བསྟན། མེ་ཏོག་གི་ཆར་དང་། ལྷའི་རོལ་མོའི་སྒྲ་དང་བཅས་ཏེ་བྱང་ཕྱོགས་རྔ་སྒྲ་སྒྲོགས་པའི་ཞིང་ཁམས་སུ་བྱོན་པ་སོགས་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ །བྱ་ཁྱུང་དུ་ཆོས་རྗེ་གཞོན་ནུ་བྱང་ཆུབ་འོད། བློ་གྲོས་རྒྱ་མཚོ། ཤེས་རབ་རྒྱལ་མཚན། གྲགས་པ་རྒྱ་མཚོ། བཟང་བོ་འོད་ཟེར། ཐར་བ་བཟང་བོ། གསེར་ཁང་བློ་གྲོས་རྒྱ་མཚོ་སོགས་གདན་ས་བ་རིམ་པ་བཞིན་བྱོན། ཁྱད་པར་ཨ་གྲོ་བཀའ་བཅུ་བས་དགོན་པ་ཡུན་རིང་དུ་བསྐྱངས་ཤིང་། དབང་རྡོ་རྗེ་ཕྲེང་བ་ལ་སོགས་པས་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཀྱང་། མདོ་སྨད་མུན་པའི་སྨག་རུམ་ན། །ཨ་གྲོལ་གསལ་བའི་སྒྲོན་མེ་བྱུང་། །ཞེས་བསྔགས་བརྗོད་ཀྱང་མཛད། ཆོས་རྗེ་དོན་གྲུབ་རིན་ཆེན་པའི་སྐུའི་སྐྱེ་བར་ཡང་གྲག་གོ །གསེར་ཁང་བའི་འཕྲོ་ལ་བྱམས་པ་གླིང་བ་བསྟན་པ་རིན་ཆེན་ཕེབས། མཚན་ཉིད་ཀྱི་གྲྭ་ཚང་གསར་དུ་བཙུགས། རྒྱལ་བའི་དབང་བོ་སྡེ་བ་ཆོས་རྗེ་དང་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་གཉིས་ཀྱིས་དགོན་སྡེ་གྲྭ་ཚང་དང་བཅས་པ་ལ་བདག་རྐྱེན་ལེགས་པར་མཛད། དེ་ནས་ཆོས་རྗེ་བྱམས་པ་དར་རྒྱས། དངོས་གྲུབ་རྒྱ་མཚོ། དགེ་འདུན་ཚུལ་ཁྲིམས། ངག་དབང་བསོད་ནམས་རྣམས་བྱོན། ཁྱད་པར་འདི་བ་དེང་སང་དགོན་སྡེ་གྲྭ་ཚང་དང་བཅས་པ་ལ་ཤིན་ཏུ་ཕན་པ་ཞིག་གོ །

སྐུ་འབུམ་དུ་རྗེ་ཙོང་ཁ་བ་སྐུ་འཁྲུངས་མ་ཐག་ཏུ་ལྟེ་ཁྲག་སར་སོང་བ་ལས་ཙན་དན་གྱི་སྡོང་བོ་སྐྱེས། དེའི་ལོ་མ་འབུམ་ལས་སངས་རྒྱས་ཀྱི་སྐུ་འབུམ་བྱོན། དེའི་ཡིན་ཚུལ་རྗེ་ཉིད་ཀྱིས་ཞྭ་ལུ་ལྕོག་ཆེན་པ་ལ་གསུངས། བླ་མ་དེ་ཉིད་ཀྱིས་ཙན་དན་གྱི་སྡོང་བ་ལ་ནང་རྟེན་བྱས་པའི་མཆོད་རྟེན་བཞེངས་པ་ཡིན་ཟེར། ཕྱིས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཀའ་ལ་བརྟེན་ནས་འདུལ་བ་ཆོས་རྗེ་སྔ་མས་བདག་རྐྱེན་ལེགས་པར་མཛད། འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་དགོན་སྡེ་གཙང་དགོན་དུ་བྱས་གྲྭ་ཚང་བཙུགས། རྗེ་ཆོས་ཀྱི་རྒྱ་མཚོ་རང་གི་གདན་སར་བསྐོས། མཐར་སྒྲུབ་པ་ལ་ཕེབས། རྗེ་ཆོས་ཀྱི་རྒྱ་མཚོས་ཀྱང་གྲྭ་ཚང་གི་བླ་མ་ཡུན་རིང་དུ་མཛད་ནས་སྒྲུབ་པ་ལ་བྱོན། སྐུ་འདས་པའི་ཚེ་དུང་དཀར་གཡས་འཁྱིལ་ལ་སོགས་པའི་ཡ་མཚན་པའི་ལྟས་མང་དུ་བསྟན། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། རྣམ་དཀར་སྔོན་ལས་དབང་གིས་འདིར་འབྲེལ་ཞིང་། །འདི་ཡང་བཟང་བོའི་གོམས་པ་བརྟན་བྱས་ཏེ། །ཚེ་རབས་ཀུན་ཏུ་འབྲེལ་མེད་ཆོས་སྤྱད་ནས། །མཐར་ཐུག་ཆོས་ཀྱི་དབྱིངས་སུ་རྩེ་བར་སྨོན། །ཞེས་འབྲལ་མེད་དུ་རྗེས་སུ་འཛིན་པའི་གསུང་བྱོན་པར་སྣང་། དེ་ནས་མཁས་པ་ཤེས་རབ་དཔལ་བཟང་གིས་བློ་གསལ་དུ་མ་ལ་ཕན་པར་མཛད། དེ་ནས་ཆུ་བཟང་ཆོས་རྗེ་རྣམ་རྒྱལ་དཔལ་འབྱོར། རྒྱལ་བ་བཀྲ་ཤིས་དོན་གྲུབ། མཁས་པ་དོན་གྲུབ་རྒྱ་མཚོ། རབ་འབྱམས་པ་དཔལ་ལྡན་རྒྱ་མཚོ་རྣམས་བྱོན། རབ་འབྱམས་པ་དགེ་ལེགས་རྒྱ་མཚོས་ཀྱང་སྔགས་གྲྭ་ཞིག་བཙུགས་སྣང་། འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཤ་རྫོང་དུ་སྒྲུབ་སྡེ་སྐུ་བཞུགས་རིང་ལ་བཙུགས་སྣང་། རྒྱལ་སྲས་ཞི་བ་ལྷ། དགེ་བཤེས་ཤ་ར་བ། ཆོས་རྗེ་ཤེར་འབྱུང་བློ་གྲོས། རྒྱལ་སྲས་ཤེས་རབ་འཕེལ། སྤྲུལ་སྐུ་ཆོས་འབྱོར་རྒྱ་མཚོ་རྣམས་ཀྱིས་སྐུ་སྐྱེ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་དྭགས་པོར་འཁྲུངས། དྭགས་པོ་གྲྭ་ཚང་དུ་ཆོས་རྗེ་སངས་རྒྱས་བློ་གྲོས་དང་། བློ་བཟང་རྒྱ་མཚོ་བསྟེན། རྭ་བ་སྟོད་དུ་རྗེ་བློ་གྲོས་རྒྱ་མཚོ་དང་བར་བར་དུ་རྗེ་འཇམ་དབྱངས་བཤེས་གཉེན་དང་དགེ་འདུན་རྒྱལ་མཚན་བསྟེན་ནས་མདོ་སྔགས་ལ་སྦྱངས། གྲུབ་ཆེན་ནཱ་ཁ་པ་བསྟེན་ནས་སྒོམ་ཁྲིད་དང་། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་པ་སོགས་བསྟེན་ནས་སྔགས་ཕྱོགས་ལ་ལེགས་པར་སྦྱངས། དང་པོར་དྭགས་པོ་གྲྭ་ཚང་གི་བླ་མ་མཛད། དེ་ནས་སྒྲུབ་པ་ལ་ཞུགས། དེ་ནས་བྲ་རྟིའི་འབུལ་དཔོན་ཤེས་རབ་གྲགས་ཀྱིས་གདན་དྲངས་ནས་དཔའ་རིས་སུ་བྱོན། ཤིང་ཕོ་འབྲུག་གི་ལོ་ལ་དགོན་ལུང་གི་ཆོས་སྡེ་བཏབ་ནས་གྲྭ་ཚང་གསར་དུ་བཙུགས། སྦས་ཡུལ་དཀར་བོ་རྫོང་དུ་སྒྲུབ་སྡེའི་སྲོལ་བཙུགས། སླར་ལྕགས་ཕོ་ཁྱིའི་ལོ་ལ་དབུས་སུ་བྱོན་ནས་དབེན་གནས་དུ་མར་སྒྲུབ་པའི་རྒྱལ་ཚན་བཙུགས། རྒྱལ་སྲས་དེ་ཉིད་དབུས་སུ་འབྱོན་ཁར་སུམ་པ་ཆོས་རྗེ་དམ་ཆོས་རྒྱ་མཚོ་བླ་མར་བསྐོས། དེ་ཉིད་ཀྱིས་སྔ་ཕྱིར་བར་གསུམ་དུ་ཆོས་སྡེ་གྲྭ་ཚང་དང་བཅས་པ་རྒྱས་པར་མཛད། དེ་ནས་མཁས་པ་ཀ་རིང་དཀའ་བཅུ་བ་ཕུན་ཚོགས་རྣམ་རྒྱལ། བཀྲ་ཤིས་ཕུན་ཚོགས། ཆོས་རྒྱ་མཚོ། གྲགས་པ་འོད་ཟེར། དམ་ཆོས་རྒྱལ་མཚན། ཚུལ་ཁྲིམས་རྒྱ་མཚོ། རྣམ་རྒྱལ་དཔལ་འབྱོར། དོན་གྲུབ་རྒྱ་མཚོ། སྒོ་མང་ཆོས་རྗེ་བློ་བཟང་ངག་དབང་རྣམས་བྱོན། ལི་ཀྱ་རབ་འབྱམས་པ་ཤེས་རབ་མཆོག་ལྡན་གྱིས་སླས་སྡོ་དིང་གི་དགོན་པ་བཏབ་ནས་གྲྭ་ཚང་བཙུགས། དེ་ནས་ཀ་རིང་ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། དེའི་དབོན་པོ་ལྷུན་གྲུབ་རྣམ་རྒྱལ་རྣམས་བྱོན། ཐང་རིང་དུ་རྒྱལ་བ་ཆོས་རྗེ་དགེ་འདུན་རིན་ཆེན་གྱིས་དགོན་པ་དང་གྲྭ་ཚང་བསྐྱངས། ཨེ་ལེ་རབ་འབྱམས་པ་གྲགས་པ་འོད་ཟེར་སློབ་ཆུང་དུ་བསྐོས། དེ་ནས་བསོད་ནམས་དར་རྒྱས། བསྟན་པ་དར་རྒྱས། དམ་ཆོས་རྒྱལ་མཚན། རྗེ་ཚུལ་ཁྲིམས་རྒྱ་མཚོ། བརྩོན་འགྲུས་ཚུལ་ཁྲིམས་སོགས་བྱོན། ཁ་ཏ་ཀ་རུ་ཀུ་འཕུང་རབ་འབྱམས་པ་འཆད་ཉན་མཛད་བཞིན་པའོ། །མཛོ་མོ་མཁར་དང་། བལ་ཇོའུ་དང་། སེ་ཏན་དུ་འཆད་ཉན་དེའི་རྒྱུན་བྱུང་ཡང་དེང་སང་འགྲིབ་སྣང་ངོ། །དཔའ་རིས་ཀྱི་སེམས་ཉིད་དང་། སེ་ར་ལུང་དང་། དྲུང་ལང་གི་ཐེའི་དུང་རྣམས་སུ་འཆད་ཉན་དར་ཞིང་རྒྱས་པར་སྣང་ཡང་བླ་མའི་རིམ་པའི་རྩད་མ་ཆོད། རྨ་ཆུ་ཚུ་རི་ཕྱོགས་སྟག་ལུང་དགོན་སྡེ་སྐྱ་ཏི་རབ་འབྱམས་པས་བཏབ་ནས་བླ་རབས་མང་དུ་སོང་རྗེས་སུ། ཆོས་རྗེ་རྟ་ནག་པ་ཀུན་དགའ་རྣམ་རྒྱལ་གྱིས་གྲྭ་ཚང་བཙུགས། ཐང་གའི་རབ་འབྱམས་པ་བཀྲ་ཤིས་ལྷུན་གྲུབ། ལྷ་ས་རབ་འབྱམས་པ། བྱམས་གླིང་རབ་འབྱམས་པ། སྐྱོར་མོ་ལུང་གི་རབ་འབྱམས་པ་མ་ཎི་པ་རྣམས་ཀྱིས་སྤྱི་བླ་མཛད་བཞིན་པའི་ངང་ནས་གྲྭ་ཚང་ལེགས་པར་བསྐྱངས་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་གྱིས་བཀས་བསྐུལ་ནས། བསྟན་པའི་སྦྱིན་བདག་བསོད་ནམས་བཀྲ་ཤིས་དང་། ཆོས་རྗེ་ཀུན་དགའ་ལེགས་པ་གཉིས་ཀྱིས་གྲྭ་ཚང་གསར་དུ་བཙུགས། སྦྱིན་བདག་གིས་ལྕང་ཤར་གྱི་དགོན་གསར་དུ་བཏབ། ཆོས་རྗེ་བཀྲ་ཤིས་ལྷུན་གྲུབ། གསེར་ཁང་ཆོས་རྗེ་འཕྲིན་ལས་ཕུན་ཚོགས། ཆོས་རྗེ་འཕྲིན་ལས་རྒྱ་མཚོ། རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་རྣམས་ཀྱིས་གྲྭ་ཚང་བསྐྱངས། དེ་ནས་དགོས་པའི་དབང་གིས་བདག་སྐལ་ལྡན་རྒྱ་མཚོ་ལ་བླ་མའི་མིང་བཏགས་ཀྱང་། དོན་གྱི་འཆད་ཉན་པར་བསྐོས་པ་ནི་རབ་འབྱམས་པ་ཕུན་ཚོགས་བཀྲ་ཤིས་སོ། སྤྲུལ་བའི་སྐུ་ཞབས་དྲུང་བློ་གྲོས་རྒྱ་མཚོས་རྨ་མགུར་གྱི་ཆོས་སྡེ་གསར་དུ་བཏབ། གྲྭ་ཚང་ཡང་གསར་དུ་བཙུགས་ནས་འདན་མ་ཆོས་རྗེ་འོད་ཟེར་བཀྲ་ཤིས་བླ་མར་བསྐོས་པ་དེང་སང་འཆད་ཉན་མཛད་བཞིན་པའོ། །ལྷོ་ཕྱོགས་ཅོ་ནེའི་དགོན་དུ་ཆོས་རྗེ་སངས་རྒྱས་རྒྱལ་མཚན་སོགས་ཀྱིས་དང་པོར་འཆད་ཉན་མཛད་ཀྱང་རྒྱུན་རིང་དུ་མ་གནས། ཡེར་བ་དང་། མེན་ཇོའུ་ཆོས་རྫོང་སོགས་སུ་འཆད་ཉན་གྱི་སྲོལ་ཚུགས་ཀྱང་རིང་དུ་མ་གནས། དཔོན་པོ་ཧོ་ལོ་ཇོའི་དགོན་དང་། ལྷ་བཙུན་བློ་བཟང་བསྟན་སྐྱོང་རྒྱ་མཚོའི་དགོན་གཉིས་སུ་ཆུ་བཟང་ཆོས་རྗེ་རྣམ་རྒྱལ་དཔལ་འབྱོར། གསེར་ཁང་ཆོས་རྗེ་འཕྲིན་ལས་ཕུན་ཚོགས། གཙང་པ་རི་ཕུན་པ་དགེ་འདུན་རྒྱལ་མཚན་པ་རྣམས་ཀྱིས་མདོ་སྔགས་ཀྱི་བཤད་ཉན་མཛད་ཀྱང་ཡུན་རིང་དུ་མ་གནས། རྣལ་འབྱོར་གྱི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀས་བསྐུལ་བ་དང་། རྐྱེན་ངན་པ་གྲོགས་སུ་ཤར་བ་ལ་བརྟེན་ནས། བདག་སྐལ་ལྡན་རྒྱ་མཚོ་སྒྲུབ་པའི་སྒོར་ཞུགས་ཀྱང་། རོང་བོ་ཡར་ནང་གི་ཆོས་སྡེར་མཚན་ཉིད་ཀྱི་གྲྭ་ཚང་བཙུགས། ཁོ་བོས་ལོ་བཅུ་ལྷག་འཆད་ཉན་བསྐྱངས། དེ་ནས་རབ་འབྱམས་པ་བློ་བཟང་ཆོས་གྲགས་བླ་མར་བསྐོས་སོ། །སྐལ་ལྡན་རྒྱ་མཚོ་བདག་གིས་བླ་མའི་བཀའ་དང་རང་ཉིད་ཀྱང་མཆོག་ཏུ་དད་པས་ཀུན་ནས་བླངས་ནས། ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ལ། བླ་མ་ཆོས་པ་རིན་པོ་ཆེའི་སྒོམ་གནས། བཀྲ་ཤིས་འཁྱིལ་དུ་སྒྲུབ་བརྒྱུད་ཀྱི་གྲྭ་ཚང་གསར་དུ་བཙུགས། དབེན་པའི་རི་སུལ་དུ་མར་སྒོམ་ཆེན་དུ་མས་སྔོན་གྱི་དྲང་སྲོང་རྣམས་ཀྱི་རྣམ་ཐར་བསྐྱངས་པས་ཀུན་གྱི་རྣ་བའི་རྒྱན་དུ་གྱུར་ཏོ། །ཆོས་རྗེ་བསམ་གཏན་བློ་གྲོས་ཁུ་དབོན་གྱིས་ཏའི་མིང་རྒྱལ་བོ་ལས་གུ་ཤྲིའི་ལས་ཀ་བླངས་ནས་གྲོ་ཚང་གི་དགོན་པ་བཏབ། ཏའི་མིང་རྒྱལ་བོ་དང་ཡོན་མཆོད་གཉིས་ཀྱིས་གཙུག་ལག་ཁང་བཞེངས། བསྟན་འགྲོའི་དོན་རྒྱ་ཆེན་བསྒྲུབས། ཟི་ནའི་བླ་མ་ཆོས་འཕགས་རྒྱལ་མཚན་གྱིས་ཏའི་མིང་རྒྱལ་བོ་ལས་ཀུ་ཤྲིའི་འཇའ་ས་བླངས། ཟི་ན་བསམ་གྲུབ་གླིང་གི་དགོན་པ་བཏབ། གཙུག་ལག་ཁང་ཡང་བཞེངས་སོ། །བྱང་བླ་མ་ཆོས་ཀྱི་རྒྱལ་བོས་ཁ་ཏི་ཀའི་དགོན་དང་། ལང་ཇོའི་ཕྱོགས་སུ་ཡང་ཆོས་སྡེ་འགའ་བཏབ། ཏའི་མིང་རྒྱལ་བོ་བླ་མ་མཛད། རྒྱལ་བོ་འདས་རྗེས་སུ་སྡིག་བློན་འགའ་ཞིག་གིས་མཚོན་བསྣུན་ནས་བཀྲོངས་པའི་ཚེ་ཁྲག་འོ་མར་བབས། དྲེའི་ཚང་ཆོས་རྗེ་དང་། སྡིག་ཚང་ཆོས་རྗེ་གཉིས་ཀྱིས་མེན་ཇེའུ་ཆོས་སྡེ་ཆོས་རྫོང་དང་བཅས་པ་བཏབ། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཆོས་རྗེ་བརྩོན་འགྲུས་རིན་ཆེན་པས་ཤར་ཡུལ་དུ་བསྟན་པ་བསྐྱངས་ཤིང་མཐར་སྒྲུབ་པ་ལ་གཞོལ་བར་མཛད་པས་འགྱོད་མེད་ཀྱི་གདེང་བརྙེས་སོ། །དྲུང་བ་དོན་ཡོད་རྒྱལ་མཚན་པས་ཏའི་མིང་རྒྱལ་བོ་ལས་ཀུ་ཤྲཱིའི་འཇའ་ས་བླངས། ཀ་ཅིའི་ཉེ་འཁོར་དུ་དགོན་པ་བཏབ་པ་ལ་དེང་སང་ཧན་ཞེས་གྲགས་སོ། །བྱམས་ཆེན་ཆོས་ཀྱི་རྒྱལ་བོ་དང་། དྲུང་ཤ་རིའི་བུས་མཛོ་མོ་མཁར་དུ་ལྷ་ཁང་བཞེངས་དགེ་འདུན་གྱི་སྡེ་བཙུགས་སོ། །རྔ་ཁོག་ནས་བྱོན་པའི་བླ་མ་རྡོར་བཟང་གིས་རྔ་སྒར་བྱང་ཆུབ་གླིང་བཏབ། གདན་ས་འགའ་སོང་བ་ནས། གཙང་པ་ཆོས་རྗེས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཀྱི་སྒོ་ནས་གདུལ་བྱ་དུ་མ་སྒྲུབ་པ་ལ་བཙུད། ཡང་གདན་རབས་འགའ་སོང་བ་ན། ཆོས་རྗེ་སྨོན་ལམ་བཀྲ་ཤིས་ཀྱིས་གཞི་གསུམ་གྱི་ཕྱག་ལེན་བཙུགས། དེ་ནས་རབ་འབྱམས་པ་སངས་རྒྱས་རྒྱ་མཚོ་སོགས་གདན་ས་བ་རིམ་བཞིན་བྱོན་ནས་བསྟན་པ་ལ་བྱ་བ་མཛད། བཀའ་བཅུ་བ་ཆོས་ཀྱི་རྒྱལ་མཚན་གྱིས་ཀོའུ་བའི་དགོན་གསར་བཏབ། སྐར་ཐང་དུ་ལྷ་ཁང་བཞེངས་སོ། །གོང་དགེ་བཀའ་བཅུ་བས་ཁྲི་གར་སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱས། ལྷ་དཀར་བོ་ལའང་ཞབས་ཏོག་ལེགས་པར་མཛད། སྟག་དགེ་དྲུང་རིན་པོ་ཆེ་མགར་རྩེ་ཡི་དགོན་པ་བཏབ། བསྟན་པ་བསྐྱངས། བིས་མདོའི་བླ་མ་བཀའ་བཞི་བས་བིས་མདོའི་དགོན་བཏབ། གདན་རབས་འགའ་སོང་བ་ནས། ཆོས་རྗེ་བསོད་ནམས་ལྷུན་གྲུབ་བྱོན། འདི་བས་རྫ་དམ་ཆབ་མདོ་དང་། དྲུང་ལང་དང་། བིས་མདོ་སོགས་སུ་འགྲོ་དོན་རྒྱ་ཆེར་བསྐྱངས། སྐུ་གཤེགས་པ་ནའང་། ལྷའི་སྤྲུལ་བ་མངོན་སུམ་དུ་བྱུང་ཞིང་། གཡུའི་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་བསྟན། གདན་རབས་འགའ་སོང་བ་ནས། ཆོས་རྗེ་འཇམ་དབྱངས་ཀྱིས་གྲྭ་ཚང་བཙུགས་ནས་ལོ་ཤས་བསྐྱངས་སོ། །ཆོས་རྗེ་ངག་དབང་ཆོས་གྲགས་དཀོན་མཆོག་གྲུབ་པའི་སྡེས་མཛོད་དགེ་ར་རོང་དགོན་གསར་བཏབ། སྟོང་སྐོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོས་ཀྱང་རྩ་བའི་བླ་མར་བཀུར། གྲུབ་ཆེན་རཱ་ཧུ་ལའི་སྐུའི་སྐྱེ་བར་སྟོང་སྐོར་སྤྲུལ་སྐུས་གསུངས། བརྩམས་ཆོས་ཀྱང་ཤིན་ཏུ་མང་ཞིང་། སྐུ་གཤེགས་པ་ནའང་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བསྟན། དེ་རྗེས་སངས་རྒྱས་བཟང་བོ་བས་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ། རྗེ་ཙོང་ཁ་པ་དང་། རྗེ་བཙུན་སྒྲོལ་མའི་ཞལ་དངོས་སུ་གཟིགས་ཤིང་། གནས་བརྟན་བ་ཀུ་ལའི་སྤྲུལ་བར་ཡང་གྲགས། ཞབས་ལ་འཁོར་ལོའི་མཚན་མངའ་ཞིང་། སྐུ་གཤེགས་པ་ནའང་ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་བསྟན། དེ་རྗེས་མངའ་རི་དྲུང་བ་བྱ་བའི་བླ་མ་ཡ་མཚན་པ་ཞིག་བྱོན་པ། དེང་སང་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ལྷོ་ཕྱོགས་ཀྱི་སྐྱེ་འགྲོ་ཡོངས་ཀྱི་རྣ་བའི་རྒྱན་དུ་འཛིན་ཏོ། །ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་་་་དམུ་དགེའི་དགོན་བཏབ་ཅིང་། དམུ་དགེ་དང་རྒྱལ་རོང་ཕྱོགས་སུ་བསྟན་པ་ལེགས་པར་བསྐྱངས། ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་ཞིབ་རྒྱས་སུ་ཕྱིས་སུ་འབྲི་བར་འདོད་པས། འདིར་ནི་མདོར་བསྡུས་པ་ཙམ་མོ། །འདི་ཡང་༧ སྐལ་ལྡན་རྒྱ་མཚོས་བྲིས་པའོ།། །། དགེ་ལེགས་འཕེལ།། །།

ཅེས་པ་འདི་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་དང་པོཀན་སུའུ་མི་རིགས་དཔེ་སྐྲུནཁང་། 1999ལོ། p341355ལས་ཁོལ་ཏུ་ཕྱུང་བའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།