བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 11:27:00     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 508122952808835736.jpg

                    འབྲུག་ལོའི་སྟོན་རྗེ་མི་ལའི་རྣམ་མགུར། ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ། འདུལ་བ་མདོ་རྩ། ཚད་མ་རྣམ་འགྲེལ། དབུ་མ་རིག་ཚོགས་དྲུག །འདུལ་བའི་བསླབ་བྱ་ཆེན་མོ། གཞི་གསུམ་ཆོ་ག་སོགས་ལུང་མང་པོ་དང༌། བྱིན་རླབས་ནམ་མཁའ་སྒོ་འབྱེ ད་ཀྱི་དབང༌། གཅོད་ཀྱི་ཟབ་ཁྲིད་རྒྱས་པ་བཅས་གནང་ངོ༌། །དེ་ནས་སྦྲུལ་ལོའི་ནང་དུ་ཕལ་ཆེར་སྐུ་མཚམས་ལ་བཞུགས་ཤིང་དོན་གཉེར་ཅན་རྣམས་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ་གྱི་ལུང་སོགས་ཆོས་བཀའ་མང་དུ་གནང༌། དེ་ནས་རྟ་ལོ་དང་ལུག་གི་ལོ་ཕལ་ཆེར་སྐུ་མཚམས་ལ་བཞུགས་ཤིང༌། ལུག་ལོའི་སྟོན་དགའ་ལྡན་ཕྱག་རྒྱ་ཆེན་པོའི་བཀའ་ཁྲིད་སྔོན་འགྲོའི་ཁྲིད་བཞི་དང་བཅས་པ་རྒྱས་པར་སྩལ། དེ་ལྟར་བླ་མ་བདག་ཉིད་ཆེན་པོ་འདིས་བསྟན་པའི་དོན་དུ་དགེ་འདུན་གྱི་སྡེ་བཙུགས་ཤིང་བཅས་ཁྲིམས་དམ་པར་མཛད། རྫོང་དཀར་ཆོས་སྡེ་ནས་རབ་བྱུང་དོན་དུ་གཉེར་བ་རྣམས་ལ་ཡང་དགྱེས་བཞིན་དུ་གནང༌། གཞན་ཡང་གྲུབ་མཐའི་ཕྱོགས་ལྷུང་གཏན་ནས་མི་མངའ་བར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཀུན་ལ་ཐུགས་བརྩེ་བ་འབའ་ཞིག་མཛད་པས། གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན་ཐམས་ཅད་ཀྱང་དམ་པ་འདིའི་ཞབས་ལ་གཏུགས་ནས་བྱིན་རླབས་དང་ཆོས་འབྲེ ལ་ཞུ་བ་དང༌། དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་བླངས་ནས་ཐུབ་པའི་བསྟན་པ་ལ་ཞུགས་ཏེ་བཅས་ཁྲིམས་སྲུང་བ་མང་དུ་བྱུང་བས། བལ་བོད་མཚམས་ཀྱི་ཡུལ་ཕྱོགས་འདིར་ཐུབ་པའི་བསྟན་པ་མིང་ཙམ་ཡང་མ་ལུས་པར་ནུབ་པའི་དུས་འདིར་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་འདིས་ཐུབ་པའི་བསྟན་པ་དར་བར་མཛད་པས་ན་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་ཅིང་བལ་བོད་མཚམས་ཀྱི་སྐྱེ་འགྲོ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ།

                    དེ་ལྟར་སྐུ་དངོས་ཀྱི་གདུལ་བྱ་འདུལ་བའི་མཛད་པ་རྣམས་རྫོགས་ནས་ཞིང་ཁམས་གཞན་དུ་འབྱོན་པའི་དགོངས་པ་གཏད་པ་ན་མི་རྟག་པའི་གསུང་ཡང་ཡང་གནང་ཞིང༌། དུས་བཞིའི་འགྱུང་ལྡོག་ལ་བརྟེན་ནས་ནམ་ཟླ་དབྱར་ཁ་ཁོ་སོང༌། སྟོན་ཀ་རུ་སླེབ་བྱུང་གསུངས་བ་སོགས་མི་རྟག་པའི་གཏམ་རང་གསུངས། རེས་འགའ་གསུང་སྒྲོས་ཀྱི་མུ་ནས་སྔོན་གྱི་བྱུང་བ་མང་པོ་དང༌། ཇོ་བོ་རྗེ་དང༌། རྗེ་བཙུན་ཙོང་ཁ་པ་ཡབ་སྲས་རྣམས་ཀྱིས་དགུང་ལོ་ཇི་ཙམ་བཞུགས་པ་སོགས་གསུངས་ནས། སྔོན་གྱི་དམ་པ་རེ་གཉིས་མ་གཏོགས་ངེད་རང་ཡང་ལོ་རིང་ཚོད་དུ་སླེབ་པ་ཡིན་པར་འདུག་ཅེས་གསུངས་པ་དང༌། ཡང་ལན་ཅིག་ལོ་གསུམ་ཙམ་ནས་འཆི་བ་ཤེས་ཀྱིན་ཡོད་པ་འདྲ། ལོ་གཅིག་ནས་འཆི་བ་ནི་ཤེས་ཚོད་རང་དུ་འདུག་ཅེས་གསུངས་ནས་བཞད་མ་མཛད་དེ། དེ་ནི་རང་ཉིད་ཇི་ཙམ་ལ་གཤེགས་མཁྱེན་པར་འདུག་གོ །དེ་ནས་སྐུ་བསྙུང་ཚུལ་མཛད་ཅིང་བཞེངས་བཞུགས་དཀའ་བར་བྱུང་བའི་ཚེ། ད་ནི་གསུང་རིས་དང་མཛད་པ་གང་ལ་བརྟགས་ཀྱང་མ་ལེགས་སྙམ་ནས་ཞབས་བརྟན་ལ་བརྩོན་པར་བྱས་ཤིང༌། སྤྱི་སྒེར་ཐམས་ཅད་ནས་ཞབས་བརྟན་ཕུལ་བར་ཐུགས་མཉེས་མཉེས་མཛད་ཅིང་ཞལ་བཞེས་ནི་མ་གནང༌། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལས་བཟང་པོ་སྒྲུབ་བོ་ཤི་ཡང་བདེ། །ལས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམས། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་གསུངས་པ་དེ་ཡིན་པར་འདུག་ཅེས་གསུངས་པ་དང༌། ཡང་ལན་ཅིག་ཁྱེད་གྲོགས་པོ་ཚོས་འདི་ཀ་ཙམ་གྱི་དག་སྣང་བྱེད་ལུགས་ཀྱིས་དབེན་ས་སྙན་བརྒྱུད་ཀྱི་བསྟན་པ་འདི་ད་དུང་དར་རྒྱུ་ཡིན་ཤས་ཆེ་ཞེས་ཚིག་ནུས་པ་ཅན་དཔྱད་དཀའ་བ་རེ་གསུངས། དེ་ནས་བླ་མ་ཉིད་ཀྱི་ཕྱག་ན་ཡོད་པའི་དངོས་ཆས་རྣམས་དགེ་ཕྱོགས་སུ་བསྔོ་བར་མཛད། ཞབས་འབྲིང་དུ་འཁོད་པའི་དགེ་སློང་རྣམས་ལ་ཡུམ་གསུང་སྒྲོག་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཅིག་ཚུགས་གསུངས། དེ་ལྟར་བཀའ་བཞིན་དུ་བསྒྲུབས་སྐུ་གཟུགས་བསྙུང་བབ་ལྕི་ཡང་ཞལ་མདངས་ཤིན་ཏུ་རྒྱས་ཞིང་དེད་དཔོན་ཡིད་བཞིན་གྱི་ནོར་བུ་ཐོབ་ནས་རང་ཡུལ་དུ་འགྲོ་བ་ལྟར་ཞིང་བརྗེ་བ་ལ་དགྱེས་ཉམས་ཀྱི་སྤྲོ་བ་ཆེན་པོ་མཛད་ཅིང༌། སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་དགུང་ལོ་དོན་གཉིས་སུ་ཕེབས་པ་ལྕགས་མོ་བྱ་ལོའི་ཟླ་བ་གསུམ་པའི་ཚེས་བཅུའི་ནམ་ལངས་ཙམ་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོ་སོགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐོགས་པའི་བསུ་བ་དང་བཅས་ཏེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་སོ། །

                   དེའི་ཚེ་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པ་ན། འོད་གསལ་དེ་ཉིད་འདི་འདྲའོ་ཞེས་མཚོན་པའི་ཕྱིར་དུ་ནམ་མཁའ་ནི་སྤྲིན་དང༌། རྡུལ་དང༌། ཁུག་སྣ་སོགས་གང་གིས་ཀྱང་སྒྲིབ་པ་མེད་པ་ཤིན་ཏུ་གཡའ་དག་ཅིང༌། ས་གཞི་ལ་རླུང་གི་རྒྱུ་བ་ཕྲ་མོ་ཙམ་ཡང་མེད་པར་གྱུར་ཏེ། དེ་ནས་དགེ་སློང་རྣམས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ཅིང༌། སྨོན་ལམ་ཁོར་ཡུག་ཏུ་མཛད། སྟེང་འོག་ནས་བྱང་སེམས་བབས་པ་སོགས་ཐུགས་དམ་གྲོལ་བའི་རྟགས་རྣམས་བྱུང་བ་ན། ཕྱོགས་མཐའ་དག་ནས་འདུས་པའི་དད་ལྡན་རྣམས་ཀྱིས་མཆོད་པ་དཔག་ཏུ་མེད་པ་ཕུལ་ཞིང་གསོལ་བ་བཏབ་ནས་ལས་བཟང་བའི་འབྲེལ་བ་བཞག །ཐུགས་དམ་གྲོལ་བ་ནས་བཟུང་ནམ་མཁའི་དཀྱིལ་རྒྱ་མཐིང་བཟང་པོའི་མདོག་ལྟར་སྔོ་ཞིང་དྭངས་པ་ལ་ཕྱོགས་ཀྱི་རི་རྩེ་རྣམས་སུ་སྤྲིན་གསར་དཀར་པོ་བླ་བྲེས་པ་དང༌། འགའ་ཞིག་གདུགས་ལྟ་བུ། འགའ་ཞིག་བ་དན་ལྟ་བུ། འགའ་ཞིག་རྒྱལ་མཚན་ལྟ་བུ་དང༌། ཕྱོགས་ཕྱོ གས་སུ་འཇའ་འོད་ཁ་དོག་སྣ་ལྔ་བ་འཕྱང་བ་སོགས་ཞག་མང་པོའི་བར་ལྷ་རྣམས་ཀྱིས་མཆོད་པའི་ལྟས་དཔག་ཏུ་མེད་པ་བྱུང་ངོ༌། །བླ་མ་བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་རྒྱས་པར་ན་ཐུབ་བསྟན་མཛེས་རྒྱན་རིན་པོ་ཆེའི་ཕྲེང་བ་དང༌། གསང་བ་མཆོག་གི་མཛད་པ་ལས་བརྩམས་ཏེ་རྟོགས་པ་བརྗོད་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་གཉིས་སུ་བདག་གིས་རྒྱས་པར་བྲིས་ཟིན་པས་དེ་དག་ལས་ཤེས་པར་བྱའོ།

                   དེས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བྱ་བྲལ་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་ཕུ་ཐག་ཆོད་པ་བྱས་ཤིང་སྙན་བརྒྱུད་ཀྱི་མན་ངག་ཐོབ་པར་བྱས་ལ་ཚེ་འདི་བློས་བཏང་སྟེ་དབེན་པའི་རི་སུལ་དུ་འཚོ་བ་དཀའ་ཐུབ་ལ་གནས་ནས་ཚེ་དང་སྒྲུབ་པ་མཉམ་པར་བྱ་ཞིང༌། དེ་ཙམ་མ་ཐུབ་ཀྱང་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་རྣམས་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་ཉིན་རེ་བཞིན་ལམ་ཆ་ཚང་ལ་བག་ཆགས་ཅི་ཐེབས་བྱའོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།