བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 11:21:30     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

340863660901511406.jpg

                      དེ་ལྟར་དགའ་ལྡན་ཕུག་པོ་ཆེར་ཕེབས་ཏེ་ས་གཞི་བྱིན་གྱིས་བརླབས་ཤིང་ཟླ་ཤས་བཞུགས་ནས་གངས་རིར་ཕེབས་རྩིས་མཛད་པ་ན། བླ་མ་སྔགས་རམ་པས་ད་རེས་བཞུགས་དགོས་པའི་གསོལ་འདེབས་མཛད་པས་རེ་ཞིག་བཞུགས་པར་ཞལ་གྱིས་བཞེས། དེ་ནས་བླ་མ་ཉིད་ལ་མི་ཕྱེད་པའི་དད་པ་ཅན་རྫོང་དཀར་མཁན་པོ་དཀའ་ཆེན་ཆོས་མཛད་ཀྱིས་སྔ་མོ་ནས་གསོལ་བ་བཏབ་པ་ལྟར། ཁོང་གིས་གཙོ་མཛད་དགེ་འདུན་མང་ཙམ་ལ་བྱང་ཆུབ་ལམ་རིམ་ཆེན་མོ། ལམ་རིམ་ཆུང་བ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ། རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པའི་རྣམ་བཤད་སོགས་རྗེ་རིན་པོ་ཆེའི་གསུང་མང་པོའི་ལུང༌། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་ཆེ་བའི་ལུང༌། ཟབ་ལམ་ནམ་མཁའ་སྒོ་འབྱེ ད་ཀྱི་བཀའ་དབང༌། །གཅོད་གཞུང་ཐར་འདོད་དེད་དཔོན་མའི་ཁྲིད་མན་ངག་ཞལ་གྱིས་བརྒྱན་པ་ཉམས་མགུར་གྱི་དབྱངས་དང་གཉན་སར་འགྲོ་ཚུལ་སོགས་ཕྱག་ལེན་རྣམས་ཀྱང་མཐིལ་ཕྱིན་ཁྲིད་པར་མཛད། གཞན་ཡང་ལྷ་བཙན་རྡོ་རྗེ་ནས་བརྒྱུད་པའི་ཆོས་བཀའ་མང་པོ་དང༌། བློ་སྦྱོང་གི་ཁྲིད། ལམ་རིམ་གྱི་ཁྲིད་སོགས་ཟབ་ཆོས་མང་དུ་སྩལ། དེ་ནས་རྫོང་དཀར་མཁན་པོས་སྦྱིན་བདག་མཛད་ནས་དགེ་སློང་རྣམས་ཀྱི་ཚོགས་ཁང་དང་རུང་ཁང་སོགས་བཟོ་བར་མཛད། འདི་སྐབས་ཚོགས་ཁང་གི་གཞི་འདིང་བ་ན། ས་དེ་ན་ཕ་བོང་མང་དུ་ཡོད་པ་རྣམས་མི་གཞན་གྱིས་ཐབས་ཅི་བྱས་ཀྱང་བསྒུལ་མི་ཐུབ་པ་རྣམས། བླ་མ་ཉིད་ཀྱིས་ལྕགས་ཀྱི་ཐུར་མ་ཆུང་ངུ་ཞིག་གིས་ཐབས་མཛད་ནས་དཀའ་ཚེགས་མེད་པར་འཐོན་པར་མཛད་པས་འདི་ནི་ངེས་པར་རྫུ་འཕྲུལ་ལོ་ཞེས་གྲགས་པའང་བྱུང་འདུག །འདུ་ཁང་གི་འོག་གཞིའི་སའི་ནང་ནས་དཔལ་ལྡན་ལྷ་མོའི་རྟེན་གཏོར་ཅི་འདྲ་བའི་རྡོ་ཞིག་ཐོན་པས་ཀུན་ཡ་མཚན་ཆེ་བར་བྱུང་ཞིང༌། སླར་ཚོགས་ཁང་གི་སྦུག་ཏུ་འཇོག་པར་མཛད་དོ། །དེ་སྔ་ཕན་གཤིན་པོའི་བསྔོ་ཞུས་སོགས་གཏན་ནས་བཞེས་པར་མི་མཛད་པ་ལ། རྫོང་དཀར་མཁན་པོ་ལ་སོགས་པས་ཤི་གསོན་ཀུན་ལ་ཕན་པའི་ཕྱིར་བསྔོ་ཞུས་ལ་སོགས་པ་རྣམས་ཅིས་ཀྱང་བཞེས་དགོས་ཞེས་གསོལ་བ་བཏབ་པས། དེ་ཕྱིན་ཆད་བཞེས་པར་མཛད་ནས་དར་ཁ་གང་ཡན་ཆད་རྫས་ཆེ་ཆུང་ཅི་བྱུང་ཡང་བདག་གིར་མི་མཛད་པར་དགེ་འདུན་ལ་བསྔོ་བར་མཛད་ཅིང༌། ཆུད་ཟོས་སུ་མི་འགྱུར་བའི་དམ་བསྒྲགས་ནན་ཆེ་བར་མཛད།

                    སྐབས་ཞིག་ཇུ་གྲྭ་ཆོས་གླིང་ནས་འབྱོར་ར་སྤྲུལ་སྐུ་མཇལ་བར་ཕེབས་ཏེ་ཆོས་ཀྱི་བཀའ་དྲིན་ཞུས་པ་ན། ཐུགས་དགྱེས་པ་ཆེན་པོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཆོས་ཆུང་བརྒྱ་རྩ་སོགས་ཆོས་བཀའ་མང་དུ་གནང༌། དེ་ནས་བླ་མ་ཉིད་དགུང་ལོ་རེ་ལྔར་ཕེབས་པ་སྟག་གི་ལོའི་ནང་དུ་སྐྱབས་མགོན་ཆེན་པོའི་ཞལ་མཇལ་པའི་ཕྱིར་གཙང་ཕྱོགས་སུ་ཕེབས་བཞེད་པ་ན། རྫོང་དཀར་མཁན་པོས་ཀྱང་གང་ཅིའི་ཞབས་ཏོག་འོ་མི་བརྒྱལ་བ་མཛད་རྩིས་ཞུས་ནས་རྫོང་དཀར་མཁན་པོ་དཔོན་གཡོག་རྣམས་དང་སྟབས་གཅིག་ཏུ་རིམ་གྱིས་ཕེབས་ནས་བཀྲ་ཤིས་ལྷུན་པོའི་ཀླུ་སྡིངས་སུ་ཅོག་གུར་ཕུབ་ནས་བཞུགས། གླང་ལོའི་མཇུག་ནས་བཟུང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་སྐུ་ཁམས་བསྙུན་ཚུལ་བཞེས་ནས། སྟག་ལོ་ཟླ་བ་དང་པོ་གཉིས་པའི་ནང་དུ་སྐུ་བསྙུན་ཚུལ་ཆེར་བཞེས་ཤིང༌། དེ་དག་གི་ཚེ་ནམ་མཁའ་འཇའ་འོད་ཀྱིས་ཁྱབ་ཅིང་སྐབས་སྐབས་སུ་འཇའ་དཀར་པོ་ཟུག་པ་ཡང་ཡང་བྱུང༌། གཞན་ཡང་ལྟས་སྣ་ཚོགས་བྱུང་བ་བཅས་གྲྭ་ས་ཆེན་པོ་རྣམས་ཀྱིས་གཙོས་ཐ་གྲུ་ཀུན་ན་བཞུགས་པའི་དགེ་འདུན་རྣམས་ཀྱིས་ཞབས་བརྟན་སྐུ་རིམ་ལ་ཁོར་མོ་ཡུག་ཏུ་འགྲུས་པར་མཛད་ཅིང་ལྷག་པར་བླ་མ་ཉིད་ལ་བླ་བྲང་ཆེན་པོ་ནས་སྐྱབས་མགོན་ཆེན་པོའི་ཞབས་བརྟན་ལ་དམིགས་པའི་ཚེ་སྒྲུབ་ཅིག་མཛད་དགོས་ཚུལ་གནང་བར་བཀྲ་ཤིས་ལྷུན་པོའི་གླིང་དུ་བཞུགས་ནས་ཟླ་སྦྲེལ་གྱི་བར་ལ་སྐུ་མཚམས་ཤིན་ཏུ་དམ་པར་བཅད་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ་ལ་ཐུན་བཞིར་མཛད།

                   དེའི་ཚེ་ལྷར་བཅས་འགྲོ་བའི་བླ་མ་འདི་མ་བཞུགས་ན་ནི་སྐྱེ་བོ་ཐམས་ཅད་མགོན་དང་བྲལ་ཞིང་ཐུབ་པའི་བསྟན་པ་ཡང་ཆུ་དང་བྲལ་བའི་པདྨ་བཞིན་དུ་སྐད་ཅིག་ལ་ཉམས་པ་ལ་ཚེགས་མེད་ཅིང༌། དེ་ལྟར་ན་འགྲོ་བའི་བདེ་སྐྱིད་ཀྱང་ནུབ་པར་འགྱུར་བས་སྐྱབས་མགོན་ཆེན་པོ་འདི་ཉིད་ཀྱི་ཞབས་བརྟན་ལ་འབད་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་མཆོག་གོ་སྙམ་དུ་དགོངས་ནས་ཚེ་སྒྲུབ་ལ་ཤིན་ཏུ་འགྲུས་པར་མཛད་ཅིང༌། ཐུན་རེར་གཟུངས་རིང་སྟོང་ཕྲག་རེ་མ་ཐ་འགྲོ་བར་མཛད་པ་སོགས་བྱ་དཀའ་བའི་བརྩོན་འགྲུས་ཀྱིས་བཟླས་སྒོམ་ལ་བརྩོན་པར་མཛད་པས། མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་དག་པའི་མཚན་མ་ཁྱད་པར་ཅན་ཡང་བྱུང་ཞིང༌། འདོད་པའི་དོན་གྲུབ་པའི་རྟགས་དང་མཚན་མ་ལེགས་པར་བྱུང་ནས་མཚམས་གྲོལ། དེ་ནས་སྐྱབས་མགོན་ཆེན་པོ་ཡང་གདུལ་བྱ་ཡོངས་ཀྱི་བསོད་ནམས་ཀྱི་མཐུས་སྐུ་ཁམས་ལེགས་པར་དྭངས་ཚུལ་བཞེས།དེ་ནས་མི་རིང་བར་སྐྱབས་མགོན་ཆེན་པོར་བྱིན་རླབས་ཞུས་ཏེ་དོན་གཉེར་ཅན་ཁ་ཤས་ལ་ལྷོ་བྲག་བཀའ་འབུམ་སོགས་ཆོས་བཀའ་མང་དུ་གནང་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་འདི་ཕྱིར་དགེ་བའི་སྐྱབས་འཇུག་ཞུས་ནས་རིམ་གྱིས་ཕུག་ཆེན་སྒྲུབ་སྡེར་ཕེབས། དེ་ནས་རེ་ཤིག་སྐུ་མཚམས་དམ་པོ་ལ་བཞུགས། སྐུ་མཚམས་གྲོལ་ནས་ཡོལ་ལོ་ཟླ་བ་བཞི་པའི་ནང་དུ་སྨྱུང་གནས་འགོ་བཙུགས་ནས་ཆོ་ག་བརྒྱད་ཚར་གསུམ་སྦྲེལ་ནས་ཟླ་བ་ཕྱེད་གཉིས་ལྷག་ཙམ་གྱི་རིང་ལ་སྨྱུང་གནས་མཛད་དེ། གདན་གཅིག་དང་ཁྲུས་ཀྱི་རིམ་པ། དངོས་གཞི་ལྷ་དྲུག་སྒོམ་ཚུལ་སོགས་བྱ་བའི་རྒྱུད་ནས་བཤད་པ་ལྟར་ཕྱག་ལེན་ཤིན་ཏུ་དག་པར་མཛད་ཅིང༌། པོ་བསྟོད་ཉེར་གཅིག་གི་རིང་དབྱངས་དང་བཅས་ཏེ་ཕྱག་འཚལ་བརྩོན་པར་གནང༌། གཙོ་ཆེར་ཡིག་དྲུག་གི་བསྙེན་པ་ཐུན་རེར་ཁྲི་ཚོ་རེ་ཙམ་འགྲོ་བར་མཛད་ནས་ཤིན་ཏུ་འགྲུས་པར་མཛད་པས་ནུབ་ཅིག་མནལ་ལམ་དུ་མི་དཀར་པོ་ཞིག་གིས་ད་གཟུངས་རིང་བགྲང་ན་ལེགས་ཞེས་བརྗོད་པ་ཞིག་གསལ་བར་བྱུང་བས་དེ་ཕྱིན་གཟུགས་རིང་ལ་བརྩོན་པར་མཛད།

                    ཚུལ་འདི་དཔགས་ན་དེའི་ཚེ་དག་པའི་མཚན་མ་མང་པོ་བྱུང་ཡོད་ཚོད་འདུག་ཀྱང་དེ་ཙམ་ལས་གསུང་བ་མི་གནང༌། དེའི་ཚེ་གྲྭ་སློབ་རྣམས་བླ་མ་བདག་ཉིད་ཆེན་པོ་སྐུ་ན་འདི་ལྟར་དུ་མཐོ་བ་ཡང་ཕྱག་འཚལ་སོགས་བསག་སྦྱང་ལ་འདི་ལྟར་འགྲུས་པར་མཛད་ན། བདག་ཅག་ལེ་ལོར་གནས་པ་ག་ལ་རིགས་སྙམ་དུ་ཆུ་དང་ཕྲད་པའི་པདྨ་བཞིན་དུ་དཔོན་སློབ་ཚང་མ་ཐུགས་དམ་ཤིན་ཏུ་འཕེལ། ཟླ་བ་བདུན་པའི་ནང་དུ་བསླབ་པ་ཀུན་ལས་བཏུས་པ། རྒྱལ་སྲས་བཀའ་འབུམ། དགོངས་པ་རབ་གསལ། རྩ་ཤེའི་ཊཱིཀ་ཆེན་སོགས་ཆོས་མང་དུ་གནང༌། དོན་གཉེར་ཅན་ཁ་ཤས་ལ་བསྙེན་རྫོགས་ཀྱང་གནང༌། དེ་ནས་སྟོན་གྱི་རིང་ལ་མཁས་གྲུབ་ཐམས་ཅད་མཁྱེན་པའི་བཀའ་འབུམ་ཐོར་བུ་བ། སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར། ཞུ་ལན་ནོར་བུའི་ཕྲེང་བ། བློ་སྦྱོང་མཚོན་ཆ་འཁོར་ལོ། མདོ་སྡེ་རྒྱན། མི་རྟག་པའི་ཚོམས། དང་ངེས་རྣམ་འབྱེད། མདོ་སྡེ་བསྐལ་བཟང༌། མཛངས་བླུན། བརྒྱད་སྟོང་པ་རྣམས་ཀྱི་ལུང་གནང་ཞིང་བརྒྱད་སྟོང་པ་གནང་སྐབས་སྤྱན་ཆབ་མང་དུ་བྱུང་བ་ཤངས་ཕྱིས་ཀྱི་ཤངས་སྣབས་ཕྱིས་པའི་རྣམ་པ་དང༌། ཞལ་གདོང་ལ་འགེབ་པ་སོགས་མཛད་ནས། སྤྱན་ཆབ་མི་མངོན་པར་མཛད་ཀྱང༌། བརྒྱད་སྟོང་པ་གནང་རིང་སྤྱན་ཆབ་ནར་མར་བྱུང་ཞིང༌། སྐབས་སྐབས་སུ་སྤྱན་ཧུར་བག་ཏུ་མཛད་ནས་དགྱེས་པའི་རྣམ་པ་ཤིན་ཏུ་ཆེ་བ་རེ་ཡང་མཛད། རེས་འགའ་ཟབ་མོའི་དཀའ་གནས་འདྲ་ལ་གཟིགས་ནས་ད་ན་སོ་རྒས་སོང་གཞན་མ་ཆོས་བྱ་རྒྱུ་རང་ཞིག་འདི་ན་འདུག་པ་ཡིན་ཏེ་ཞེས་གསུང་བར་ཡང་མཛད། འདི་ནི་རྒྱལ་བའི་བསྟན་པ་སྤྱིའི་གནད་མཁྱེན་པའི་མཁས་པ་རྣམས་ལ་ངོ་མཚར་བསྐྱེད་པའི་རྣམ་པར་ཐར་པ་ཞིག་སྟེ། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པའི་དུས་འདིར་རྒྱལ་བའི་གསུང་རབ་རྣམས་རིམ་གྲོ་ལ་ཉེ་བར་འཁོར་བ་དང༌། ཕྱག་མཆོད་ཀྱི་ཡུལ་ཙམ་དུ་འཛིན་པ་མ་གཏོགས་ཉམས་ལེན་གྱི་གནད་རྣམས་དེ་ན་ཡོད་པའི་ཐེ་ཚོམ་ཙམ་ཡང་སྐྱེ་བ་ཤིན་ཏུ་དཀོན་པ་ལ། དམ་པ་འདིས་གདམས་པའི་གནད་མཐར་ཐུག་རྣམས་གསུང་རབ་ཉིད་ལ་ཡོད་པར་གཟིགས་པ་ཡིན་ནོ། །

                    དེ་ནས་འབྲུག་ལོ་ཟླ་བ་བཞི་པའི་ནང་དུ་དོན་གཉེར་ཅན་རྣམས་ཀྱིས་ཡུན་རིང་མོ་ནས་གསོལ་བ་བཏབ་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གང་ནས་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་པོ་ཆེ། སྡེ་སྣོད་གསུམ་གྱི་བརྗོད་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ། དཔལ་ལྷ་ཅིག་དཱི་པཾ་ཀ་ར་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་གཉིས་ཀྱི་ཐུགས་ཀྱི་བཅུད་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད། རྗེ་བཙན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་གསུང་མྱུར་ལམ་གྱི་སྟེང་ནས་ཤིན་ཏུ་རྒྱས་པ་དཔལ་དབེན་ས་པའི་མན་ངག་གི་གནད་རྣམས་ཚང་བར་ཟླ་བ་གཅིག་གི་རིང་གནང༌། ཆོས་དཀྱིལ་ཙམ་དུ་སྐུ་ཁམས་མི་བདེ་བ་ཞིག་བྱུང་ནས་ཉིན་གཅིག་གཉིས་ཆོས་མཚམས་མཛད་དགོས་བྱུང་བས། དགེ་སློང་རྣམས་ཀྱི་རང་རང་གི་འབྱོར་པ་ཅི་ཡོད་བསྡུས་ནས་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོར་སྐུ་གསུང་ཐུགས་རྟེན། དབུ་ཞྭ། སྣམ་སྦྱར། ལྷུང་བཟེད། གདིང་བ་སོགས་ཡོ་བྱད་ཅི་འབྱོར་དང་བཅས་མཎྜལ་ཕུལ་ཏེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་སྐུ་བསྙུན་པའི་ཚུལ་མི་སྟོན་པར་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་གསོལ་བ་བཏབ་པ་ན། ཆོས་ཕྱིར་ལུས་ལོངས་སྤྱོད་ཐམས་ཅད་འབུལ་བ་ནི་ཁྱེད་རང་རྣམས་ཚོགས་རྫོགས་ཤིང་སྔོན་གྱི་གྲུབ་ཆེན་རྣམས་ཀྱི་རྣམ་ཐར་དང་མཐུན་པས་རྟེན་འབྲེལ་ལེགས་ཞེས་གསུངས་ཞིང་དགྱེས་ཉམས་ཆེན་པོ་མཛད། དེ་མ་ཁད་བསྙུང་གཞི་ལེགས་པར་དྭངས་ཤིང་ཆོས་འཕྲོ་ཡང་དགྱེས་བཞིན་རྫོགས་པར་གནང༌། ཆོས་གྲོལ་ནས་བཏང་རག་གི་མཆོད་པ་རྒྱས་པར་བཤམས་ཏེ་སེམས་བསྐྱེད་ཞུས་པར་སྤྱོད་འཇུག་ནས་འབྱུང་བ་ལྟར་དགྱེས་བཞིན་དུ་གནང༌། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།