བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 11:16:24     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 230054914357945391.jpg

                    གནས་དེར་བཞུགས་རིང་འཚོ་བ་མཐའ་གཉིས་ལ་མ་ལྷུང་ཙམ་ལ་བརྟེན་ནས་ཐུན་བཞིའི་རྣལ་འབྱོར་ལ་གནས་ཏེ། དཔལ་གསང་བ་འདུས་པ་དང༌། ཡི་དམ་རྡོ་རྗེ་འཇིགས་བྱེད་སོགས་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་གནང་ཞིང་ཁ་སྐོང་བའི་སྦྱིན་སྲེག་ཀྱང་ཞག་བཅུ་སྐོར་སྦྲེལ་ནས་མཛད། ཆུ་དབར་དུ་བཞུགས་སྐབས་ནས་བཟུང་ཡར་ངོ་མར་ངོའི་ཚེས་བཅུ་རྣམ་གཉིས་ལ་འཁོར་ལོ་སྡོམ་པའི་སྒྲུབ་མཆོད་རྒྱས་པ་བདག་ཉིདའཇུག་ཅིང་དབང་བཞེས་པ་སོགས་མཛད། དེའི་ཚེ་མི་དབང་ཕོ་ལྷ་ནས་ཀྱིས་དམ་པ་འདིའི་སྙན་གྲགས་གསན་ནས་དགེ་བསྙེན་རྡོ་རྗེ་ཆེད་མངགས་སུ་གནང་བར། སངས་རྒྱས་ཀྱི་བསྟན་པའི་དོན་དུ་སྤྱིར་སྐུ་རིམ་གང་དྲག་མཛད་དགོས་ཚུལ་དང༌། ལྷག་པར་དྲག་པོའི་ལས་སྦྱོར་གནང་དགོས་ཚུལ་དངུལ་སྲང་སུམ་ཅུ་སྐོར་དང་བཅས་ཕུལ་བ་ན། ནང་དུ་གཏོང་བར་མ་མཛད་ཅིང་བུག་སྒོ་ནས་ངེད་རང་དགེ་སྦྱོར་ཅི་བྱེད་རྒྱལ་བའི་བསྟན་པ་འབའ་ཞིག་གི་ཆེད་དུ་བྱེད་པ་ཡིན། དེ་མིན་དཔོན་པོ་ཆེན་པོའི་རིམ་གྲོ་བྱེད་པ་ངས་མི་ཡོང༌། ལྷག་པར་དྲག་པོའི་ལས་སྦྱོར་གཏན་ནས་མི་ཡོང་ཞེས་ངོ་འཛིན་གང་ཡང་མ་མཛད་པར་ཞུ་ཡིག་རྟེན་བཅས་ཕྱིར་ལོག་པར་མཛད་དོ། །འདི་ནི་རྒྱལ་བ་དགྱེས་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཞིག་སྟེ། ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསྙེན་བཀུར་ཡང་མཆིལ་སྣབས་བཞིན་དུ་འདོར་བར་མཛད་ན། བསྙེན་བཀུར་ངན་ངོན་ཙམ་ལ་མི་ཆགས་པ་ལྟ་ཅི་སྨོས། གནས་དེར་ངོ་མཚར་ཡ་མཚན་ཆེ་བའི་གཟིགས་སྣང་སོགས་མང་དུ་བྱུང་མོད་ཀྱང་ཕལ་ཆེར་གསུང་བར་མི་མཛད་ཅིང༌། རྫ་ཕུག་ཏུ་བཞུགས་སྐབས་དེའི་ཤར་ངོས་ཀྱི་རི་ལ་བདེ་གཤེགས་མཆོད་རྟེན་གྱི་རྣམ་པ་རང་བྱུང་དུ་ཡོད་པ་ཆེས་གསལ་བར་གཟིགས་ཤིང་མཆོད་རྟེན་གྱི་སྟེང་ནས་ཆུ་འབབ་པ་རྒྱུན་པར་ཉུང་ངུ་དང༌། དུས་བཟང་རྣམས་ཆེར་འབབ་ཅིང་ཕུག་རོན་གྱི་རྣམ་པ་ལྟ་བུ་ཁྱུ་ཆེན་པོས་མཆོད་རྟེན་ལ་སྐོར་བ་མང་དུ་བྱེད་པ་གཟིགས་འདུག་ཅིང༌། གཞན་ཡང་རྗེ་བཙུན་རེད་མདའ་པའི་སྐབས་ཀྱི་གྲུབ་པའི་མཚན་མ་ཡ་མཚན་ཆེ་བ་མང་དུ་གཟིགས་པའང་བྱུང་འདུག་གོ །

                    དེ་ནས་བླ་མ་འདི་ཉིད་དགུང་ལོ་རེ་གཅིག་ཏུ་ཕེབས་པ་ལྕགས་ཕོ་ཁྱིའི་ལོར་མཁན་པོ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་དཀྱིལ་མཇལ་ཞིང་གསུང་གི་བདུད་རྩི་མྱོང་བ་དང༌། རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་བཞེད་པ་བཅས་དགོས་པ་མང་དུ་གཟིགས་ནས་ཉེ་གནས་དང་བཅས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། ལྷར་བཅས་འགྲོ་བའི་བླ་མ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་མཇལ་ཞིང༌། རང་ཉིད་ལ་དད་ལྡན་རྣམས་ཀྱིས་ཕུལ་བའི་ཆས་དངོས་ཕྲན་བུ་ཡོད་པ་རྣམས་དང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་མཎྜལ་དང་བཅས་ཏེ་ཕུལ་ནས།བདག་གཞན་རྣམ་དཀར་དགེ་བའི་ཕུང་པོའི་མཐུས། །མགོན་ཁྱོད་བསྐལ་བརྒྱའི་བར་དུ་ཞབས་བརྟན་ནས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་མཛད་དེ། །འགྲོ་ཀུན་བདེ་ལ་འགོད་པའི་བཀྲ་ཤིས་སྩོལ། །ཞེས་གསར་དུ་བརྩམས་པའི་ཚིགས་བཅད་དང་བཅས་ཞབས་པད་བསྐལ་བརྒྱར་བརྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད། དེ་ནས་སྐུ་མདུན་དུ་ཇ་གྲལ་ཞིག་གནང་བར་བླ་མའི་ཡོན་ཏན་མཐོང་བའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོ་ཡོད་པའི་ཁར་གདུལ་བྱའི་སྣང་ངོར་སྐུ་ན་མཐོན་པོར་ཕེབས་ཚུལ་གཟིགས་པའི་རྐྱེན་བྱས་ནས་སྤྱན་ཆབ་མནན་པས་མི་ཐུབ་པ་བྱུང༌། དེ་ནས་བྱིན་རླབས་ཞུས་ཏེ་རེ་ཞིག་ནོར་བུ་བྲང་ཁང་དུ་བཞུགས། རིམ་གྱིས་མགྲོན་གཉེར་རྣམས་བརྒྱུད་ནས་སྐྱབས་མགོན་ཆེན་པོའི་གསུང་རྩོམ་གང་ཡིན་ལ་ལུང་ཞིག་དང༌། ལམ་རིམ་མྱུར་ལམ་ལ་བཀའ་ཁྲིད་ཅིག་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་སྙན་འབུལ་ཞུས་པ་ན། མགྲོན་གཉེར་ཧ་ལས་པ་ལྟར་བྱས་ཏེ། དེ་འདྲ་ག་ན་ཡོང་ཞེས་གསན་འཇོག་མ་མཛད། སླར་ཡང་དར་ཕུལ་ཏེ་ང་བན་རྒན་སའི་མཐའ་ནས་གནས་འདིར་དོན་འདི་ཞུ་བ་ལ་ཡོང་བ་ལགས་པས་ཅིས་ཀྱང་ཞུ་རོགས་ཐུགས་རྗེས་གཟིགས་དགོས་ཞེས་ཞུས་པ་ན། མགྲོན་གཉེར་གྱིས་བཀའ་བཀྱོན་མང་དུ་མཛད་ཅིང་སྐྱབས་མགོན་ཆེན་པོ་སྤྱན་མི་གསལ་བའི་ཚུལ་བཞེས་ལ་དེ་འདྲ་སུས་ཞུ་ནུས་ཞེས་ཞུ་རོགས་མ་མཛད་པ་ན། སླར་ཡང་དམ་པ་འདི་ཉིད་ཚེ་འདིའི་ཐུགས་བསམ་བློས་དོར་ཏེ་བསྟན་པ་འབའ་ཞིག་ལ་དམིགས་པའི་ཐུགས་ཀྱིས། ཡང་མགྲོན་གཉེར་གྱི་དྲུང་དུ་ཕེབས་ཏེ་དོན་འདི་རྣམས་སྐྱབས་མགོན་ཆེན་པོའི་སྙན་དུ་འཁྱོལ་བ་ཞིག་ཅིས་ཀྱང་ཞུ་རོགས་མཛོད། སྐུ་ན་མཐོ་བ་དང་སྤྱན་མི་གསལ་ཚུལ་གྱིས་ད་ལྟ་མི་ཡོང་ན་སླར་ཡོང་ངམ། ཆོས་འདི་དག་གི་ལུང་རྒྱུན་ཆད་ན་ནི་རང་རེ་རྗེས་འཇུག་ལ་ཐབས་ཞན་པར་འགྱུར། ཡོང་མི་ཡོང་ཇི་ལྟར་ཡང་སྐྱབས་མགོན་ཆེན་པོའི་སྙན་དུ་ལྷུང་བ་ཞིག་ཞུ་རོགས་མཛོད། མི་ཡོང་བའི་བཀའ་ཕེབས་བྱུང་ན་བྱ་བ་གཞན་མེད་པས་དབེན་པའི་གནས་ལ་འགྲོ་ཞེས་ངོ་འཛིན་མེད་པར་ཐུགས་ངར་དང་བཅས་ཞུས་པ་ན་མགྲོན་གཉེར་ཡང་མཛད་ཐབས་དཀའ་བ་བྱུང་ནས་སྙན་འབུལ་ཞུས་པ་ན། ཐུགས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ནས། དེ་སྔ་ཕན་ཤླཽ་ཀ་རེ་གཉིས་ཀྱི་ལུང་གནང་ཡང་དམིགས་བསལ་གྱི་ཡི་གེ་ཆེན་པོ་བྲིས་ནས་གནང་དགོས་པ་ལ། དེ་སྐབས་པར་མ་རང་གི་སྟེང་ནས་ཤོག་བུ་སུམ་ཅུ་ཙམ་རེ་ཐུན་རེར་གནང་བས་ཞབས་འབྲིང་བ་སོགས་ཚང་མ་སངས་རྒྱས་ཀྱི་མཛད་པ་ནི་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་སོ་ཞེས་ངོ་མཚར་ཡ་མཚན་དུ་འཛིན་པ་བྱུང༌། དེ་ནས་དམ་པ་འདི་ཉིད་དང་ཟུང་བཞི་དཔོན་སློབ་སོགས་བཤེས་གཉེན་རགས་བསྡུས་ལ་ཤྲེ་ཡའི་ལུང་ཚང་མ་གནང༌། དེང་སང་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་འབུམ་ལུང་རྒྱུན་མ་ཆད་པར་བཞུགས་པ་ནི་བླ་མ་གྲུབ་པའི་དབང་ཕྱུག་འདི་ཉིད་ཀྱི་བཀའ་དྲིན་ཡིན་ནོ། །

                    དེ་ནས་སླར་ཡང་ལམ་རིམ་གྱི་ཁྲིད་གནང་དགོས་ཚུལ་ནན་གྱིས་ཞུས་ཀྱང༌། སྐུ་ན་མཐོ་ཚུལ་བཞེས་པ་སོགས་ཀྱིས་གནང་བ་མ་བྱུང་བའི་ཚེ་གསོལ་བ་འདེབས་པ་མན་ངག་བཞིན་ཞེས་བྱ་བའི་མན་ངག་དེ་ཡི་གེར་འཁོད་པ་ཞིག་ཅིས་ཀྱང་དགོས་ཞེས་གསོལ་བ་འདེབས་པར་མཛད་པས། སྐྱབས་མགོན་ཆེན་པོས་ཀྱང་ཐུགས་དགྱེས་བཞིན་དུ་ལམ་རིམ་གསོལ་འདེབས་ཀྱི་དམིགས་སྐོར་མན་ངག་ཞལ་ཤེས་ཀྱིས་བརྒྱན་པ་འདི་རྩོམ་པ་གནང་ནས་ལྗགས་ལུང་ཡང་གནང༌། དེ་ནས་བླ་མ་ཉིད་ཀྱིས་སྔ་སོར་གྲྭ་སར་བཞུགས་སྐབས་ཞབས་དྲུང་ལྷ་པ་སྤྲུལ་སྐུ་རིན་པོ་ཆེ་དང༌། ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ་སོགས་ལ་ལམ་རིམ་གྱི་ཁྲིད་གཏིང་ཕྱིན་པར་གསན་ཞིང་དབེན་པ་བསྟེན་ནས་ལོ་མང་པོར་ཐུགས་ཉམས་སུ་བཞེས་པས་རང་ཉིད་ཀྱི་ཐུགས་ལ་མི་བདེ་བ་གང་ཡང་མེད་ཀྱང༌། མྱུར་ལམ་འདི་ལ་ཁྲིད་རྒྱུན་དར་བ་ཞིག་བྱུང་ན་དགོངས་ནས་ཤར་རྩེ་ཞལ་སྔ་ནས་བློ་བཟང་མགོན་པོ་ལ་མྱུར་ལམ་གྱི་ཁྲིད་ལེགས་པར་གསན་ཞིང་སྐྱབས་མགོན་ཆེན་པོར་ཡང་རྒྱུ་མཚན་ཞུས་པ་ན། བླ་མ་ཉིད་ལ་མྱུར་ལམ་གྱི་ཁྲིད་གནང་ཆོག་བཀའ་ཡང་ཁྲོལ་བ་བཅས་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་རྣམས་མི་ནུབ་ཅིང་ཕྱོགས་ཀུན་ཏུ་དར་བའི་རྟེན་འབྲེལ་འགྲིག་པས་ཐུགས་རབ་ཏུ་ཚིམས་པར་གྱུར་ཏོ། །དེ་ནས་བཀྲ་ཤིས་ལྷུན་པོར་བཞུགས་རིང་བློ་གསར་དོན་གཉེར་ཅན་རྣམས་ལ་ཚད་མ་རྣམ་འགྲེལ། དབུ་མ་འཇུག་པ་སོགས་གཞུང་མང་པོའི་ལུང་དང༌། བློ་སྦྱོང་སོགས་ཆོས་བཀའ་མང་དུ་གནང་ངོ༌། །དེ་ནས་སྣར་ཐང་སོགས་གཙང་ཁུལ་གྱི་གནས་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད་ནས་རིམ་གྱིས་གཉའ་ནང་དུ་བརྒྱུད་དེ་བལ་ཡུལ་དུ་ཕེབས། ཁྱུང་རང་བྱུང་སོགས་བལ་ཡུལ་གྱི་གནས་གྲགས་ཆེ་བ་རྣམས་མཇལ་ནས་སྨོན་ལམ་མཛད།

                    གཙོ་བོར་སྔོན་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་ཀྱང་རང་བྱུང་གི་མཆོད་རྟེན་ཞེས་བསྔགས་པ་རྒྱ་ཆེར་མཛད་པ་འཕགས་པ་ཤིང་ཀུན་ཏུ་ཕེབས། དེར་ཟླ་བ་གཅིག་ཙམ་བཞུགས་ནས་དེའི་རིང་ལ་ཞབས་སྐོར་དང༌། ཕྱག་འབུམ་ཞིག་གསོག་པར་མཛད། དེ་སྐབས་ཐུགས་དམ་བོགས་ཆེ་བ་བྱུང་ཡོད་འདུག་སྟེ་བླ་མ་ཉིད་ཀྱི་ཞལ་ནས། ཟབ་མོ་དབུ་མའི་ལྟ་བ་འདི་རྟོགས་པ་ལ་བླ་མ་ལ་གསོལ་བ་འདེབས་པ་དང༌། བསག་སྦྱང་རང་གལ་ཆེ་གསུང༌། བསག་སྦྱང་ལ་མང་དུ་འདུག་པ་ལས་གང་གལ་ཆེ་ཞུས་པས། ལྟུང་བཤགས་ལ་བརྟེན་ནས་བྱེད་པ་གལ་ཆེ་ཚུལ་སྔོན་རྗེ་བཙུན་རྗེ་ཙོང་ཁ་པ་ཆེན་པོ་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་བཀའ་བརྒྱུད་འདིའི་དམ་པ་གོང་མ་རྣམས་ཀྱིས་མཛད་ཚུལ་གྱི་ཁུངས་དང་བཅས་ཞིབ་ཏུ་གསུངས། བླ་མ་ཉིད་ཀྱིས་ཇི་ལྟར་མཛད་ཞུས་པས། ངས་ཤིང་ཀུན་ཏུ་ལྟུང་བཤགས་ལ་རྟེན་ནས་བསག་སྦྱང་ཟླ་བ་གཅིག་གི་རིང་བྱས། དེ་དགའ་མོ་བྱུང་ཞེས་གསུངས། དེ་ནས་རིམ་གྱིས་ཡར་ཕེབས་ཏེ་སྐྱིད་གྲོང་དུ་ཕེབས། དེ་ནས་འདིར་བཞུགས་ཀྱི་ངེས་པ་མེད་པ་ལ། དགེ་སློང་དགེ་འདུན་གྱིས་ཆུ་ཚན་བར་ཕེབས་བསུར་ཕྱིན་ནས། བླ་མ་རིན་པོ་ཆེའི་བཞུགས་གནས་ཕུག་པོ་ཆེ་ཞེས་བྱ་བ་མེ་ཏོག་མདངས་ཅན་ལས་ས་དམའ་ཞིང༌། དབྱར་བསིལ་ལ་དགུན་དྲོ་བ། ཤིང་ལྗོན་པ་བཟང་པོས་ཁོར་མོར་བསྐོར་བ། གནས་དབེན་ཞིང་ཡིད་དུ་འོང་བ་ཞིག་བཙལ་ནས་ཡོད་པས་དེར་ཕེབས་པར་ཞུ་ཞེས་གསོལ་བ་བཏབ་པ་ན། མ་འོངས་པའི་འབྱུང་འགྱུར་མཁྱེན་ཅིང་དུས་ལ་བབ་པར་གཟིགས་ནས་ལྕགས་མོ་ཕག་གི་ལོར་དགའ་ལྡན་ཕུག་པོ་ཆེར་ཕེབས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།