བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 11:10:33     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

112882170715594877.jpg 

                    དེ་ནས་རྒྱུད་སྟོད་པ་གསུམ་གྱིས་གསོལ་བཏབ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། གཅོད་ཀྱི་ཆོས་སྐོར་རྣམས་དགྱེས་བཞིན་དུ་གནང༌། དེ་ནས་གནས་དེར་འཕྱོང་རྒྱས་རི་བོ་བདེ་ཆེན་པའི་དགེ་སློང་ཞིག་དང༌། འགྲོ་ཕན་གླིང་གི་གྲྭ་པ་དད་ལྡན་ཞིག་གིས་བསྐུལ་ནས་གཅོད་གཞུང་ཐར་འདོད་དེད་དཔོན་མའི་ཊཱིཀྐ་ཚིག་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་ཚིག་དོན་ཕུན་སུམ་ཚོགས་ཤིང་མན་ངག་གིས་བརྒྱན་པ་བྱང་ཆུབ་ལམ་གྱི་རིམ་པ་དང༌། གཅོད་གཉིས་ཟུང་དུ་སྦྲེལ་ནས་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ཕུན་སུམ་ཚོགས་པ་འདི་མཛད་དོ། །དེ་ནས་ཚེ་རིང་མའི་བླ་མཚོ་གཟིགས་པར་ཕེབས། མཚོའི་དྲུང་དུ་ཕེབས་སུ་ཉེ་བ་ན་དྲུང་རམ་པ་སོགས་ཞབས་ཕྱི་རྣམས་ལ་ཁྱེད་རང་རྣམས་ངེད་ཀྱི་རྗེས་ལ་མ་ཡོང་བར་འདིར་ཅུང་ཟད་སྡོད་ཅེས་བཀའ་གནང་ནས། བླ་མ་ཉིད་གཅིག་པུ་མཚོ་འགྲམ་ལ་ཕེབས་ནས་མཚོ་མགོ་ངོས་སུ་ཕེབས་པ་ན། དྲུང་རམ་པ་སོགས་ཀྱི་མཐོང་སྣང་མཚོ་དེའི་དཀྱིལ་ན་འཁྱག་པའི་རྣམ་པ་ལྟ་བུ་སྐྱ་ལིང་ལིང་བ་ཞིག་འདུག་པ། བླ་མ་ཉིད་མཚོའི་མགོར་ཕེབས་པ་ན་མཚོ་དཀྱིལ་ནས་ཚུར་དར་དཀར་པོའི་རྣམ་པ་ལྟར་བླ་མ་ཉིད་ཀྱི་སྐུ་མདུན་དུ་སྐྱ་ནར་སོང་བ་ཞིག་མཐོང་འདུག་པས། དེའི་ཚེ་དག་པའི་གཟིགས་སྣང་ངོ་མཚར་ཆེ་བ་ཞིག་བྱུང་བ་གོར་མ་ཆག་ཀྱང༌། བླ་མ་ཉིད་ཡོན་ཏན་སྦེད་པ་གཙོ་བོར་མཛད་པ་དེ་རིང་རྟེན་འབྲེལ་ལེགས་པོ་ཞིག་བྱུང་གསུང་བ་ལས་འདི་བྱུང་གསུང་བ་མི་སྣང་ངོ༌། །དེ་ནས་འགྲོ་ཕན་གླིང་གི་སྤོ་མཐོ་ལྷ་ཁང་དུ་ཟླ་བ་བཞིའི་རིང་ལ་དཔལ་འཁོར་ལོ་སྡོམ་པའི་བསྙེན་སྒྲུབ་ལ་འགྲུས་པར་མཛད། བསྙེན་མཚམས་གྲོལ་ནས་དུས་ཁྱད་པར་ཅན་ཞིག་དང་བསྟུན་བདེ་མཆོག་གི་སྦྱིན་སྲེག་མཛད་པ་ན་འཇའ་དཀར་པོ་ཞིག་གང་དུ་སྦྱིན་སྲེག་མཛད་པའི་གནས་དེར་ཟུག་པ་སོགས་ངོ་མཚར་ཡ་མཚན་ཆེ་བའི་ལྟས་མང་པོ་སྐྱེ་བོ་ཀུན་གྱིས་མཐོང་བ་བྱུང༌། དེའི་ཚེ་སྔགས་རམ་པ་ཡེ་ཤེས་སྐལ་ལྡན་གང་ཟག་དམ་པ་ཞིག་ཡིན་པར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་སྐྱོང་བ་གནང་ཞིང༌། འཚོ་བའི་མཐུན་རྐྱེན་སོགས་ཀྱང་ཕྱག་མ་ཐོགས་པར་གནང་བར་མཛད། གནས་དེར་ལོ་ལྔ་ཙམ་བཞུགས་ནས་དཔོན་སློ བ་ཐམས་ཅད་ཀྱིས་ཐུགས་དམ་ལ་ཤིན་ཏུ་འགྲུས་པར་མཛད་པས་ཐམས་ཅད་ལ་བོགས་ཆེ་བར་བྱུང་ངོ༌།

                    དེ་ནས་ཆུ་མོ་ཡོས་ལོ་ཟླ་བ་བཅུ་གཉིས་པའི་འགོ་ལ་བལ་ཡུལ་དུ་ཕེབས་ནས། སྟག་མོ་ལུས་སྦྱིན་དང་སྙེ་ཤངས་གུར་རྟ་སོགས་གནས་ཕྲན་རྣམས་མཇལ་ནས་སྨོན་ལམ་མཛད། དེ་ནས་བྱ་རུང་ཁ་ཤོར་དུ་ཕེབས་ནས་ཞག་གསུམ་བཞུགས། ཞབས་སྐོར་དང་སྨོན་ལམ་ཤུགས་དྲག་ཏུ་མཛད། དེ་ནས་འཕགས་པ་ཤིང་ཀུན་ཏུ་ཕེབས་ཞག་ལྔ་ཙམ་བཞུགས་ནས་ཞབས་སྐོར་དང་སྨོན་ལམ་མཛད། དེའི་རིང་ལ་དེའི་ཉེ་སྐོ ར་གྱི་གནས་ཕྲན་རྣམས་ཀྱང་ཞིབ་ཏུ་མཇལ་བར་མཛད། དེ་སྐབས་རོང་གི་ལམ་ཞིག་ཏུ་མོན་པའི་རྐུན་ཇག་བྱུང་བར་ཆས་དངོས་ཁ་ཤས་རྐུན་མར་ཤོར་ཞིང༌། ལྷག་པར་ཡུམ་གྱི་བཟོ་བར་མཛད་བའི་སྐུ་གཟན་རྙིང་པ་ཞིག་ཡོད་པ་མོན་པ་ལ་ཤོར་བས། ཆས་དངོས་གཞན་རྣམས་ལ་ཐུགས་སྣང་མི་མཛད་ཅིང༌། སྐུ་གཟན་དེ་ལ་ངའི་ཨ་མའི་གཟན་དེ་མོན་པ་ངན་པའི་ལག་ཏུ་ཤོར་ཞེས་ཐུགས་ཕངས་ཕངས་མཛད་ཅིང༌། ཕྱིས་ནས་ཀྱང་ཡང་ཡང་གསུང་ངོ༌། །དེ་ནི་དམ་པ་འདི་ཉིད་འབྲེལ་ཚད་དོན་ལྡན་ཡིན་པས་ཡུམ་གྱི་བཀའ་དྲིན་བསབ་ཕྱིར་གཟན་དེ་སྐུ་ལ་ཡུན་རིང་བཅང་བཞེད་ཡིན་པར་ངེས་ཏེ། ཡུམ་གྱིས་བཅོས་པའི་སྐེ་རགས་ཤིག་ཡོད་པ་ཕྱིས་ཕན་ཕུན་དུ་གྱུར་པ་ན་ཕྱི་ནང་ནས་ལྷན་པས་གླན་ཏེ་ནམ་གཤེགས་ཀྱི་བར་སྐུ་ལ་བཅང་བར་མཛད་པ་བདག་ཅག་གིས་མངོན་སུམ་དུ་མཐོང་ངོ༌། །དེ་ནས་རིམ་གྱིས་སྐྱིད་གྲོང་དུ་ཕེབས་ནས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཅི་འབྱོར་པའི་མཆོད་པ་ཕུལ་ཏེ་སྨོན་ལམ་ཤུགས་དྲག་ཏུ་མཛད། དེ་ནས་བླ་མ་ལྷ་བཙུན་པའི་གདན་དྲངས་ནས་ཟླ་བ་བཅུ་གཉིས་པའི་མཇུག་ལ་གྱང་ཁང་དུ་ཕེབས། བླ་མ་ལྷ་བཙུན་དང་ལྷན་ཅིག་ཏུ་ལོ་གསར་གྱི་དགའ་སྟོན་མཛད། དེ་སྐབས་འབར་ར་སྤྲུལ་སྐུའི་མནལ་ལམ་དུ་ཕ་དམ་པའི་སྤྲུལ་པ་འདི་ལྟ་བུ་ཞིག་འབྱོན་གྱིན་ཡོད་པས་མཇལ་དུ་སོང་ཟེར་བའི་ལུང་བསྟན་གསལ་བ་ཞིག་བྱུང་བ་ལྟར་བླ་མ་འདི་ཉིད་ཕ་དམ་པའི་སྤྲུལ་པ་ཡིན་པའི་གྲགས་པའང་བྱུང་འདུག་གོ །

                    དེ་ནས་བླ་མ་ལྷ་བཙུན་དང༌། བླ་མ་སྔགས་རམ་པ་གཉིས་ཀྱིས་གཙོ་མཛད་དགེ་འདུན་མང་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བདེ་ལམ་གྱི་བཀའ་ཁྲིད་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བཀའ་ཁྲིད། བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་རྣམས་སྩལ་ཅིང༌། ལམ་རིམ་ཆེ་ཆུང་གི་ལུང༌། སྔགས་རིམ་ཆེན་མོའི་ལུང་སོགས་ཟབ་ཆོས་མང་དུ་གནང་ངོ༌། །དེའི་ཚེ་དགེ་ལྡན་ཕྱག་རྒྱ་ཆེན་པོའི་ས་བཅད་ཀྱང་རྩོམ་པར་མཛད། དེར་ཟླ་བ་ལྔ་ཙམ་བཞུགས། དེ་ནས་གནས་ཀྱི་རྒྱབ་རི་གྲུབ་ཆེན་ཨོ་རྒྱན་པའི་གཟིམ་ཕུག་ཏུ་ཟླ་བ་གཅིག་ཙམ་བཞུགས། དེ་ནས་རྗེ་བཙུན་རེད་མདའ་བ་ཆེན་པོ་དང་རྗེ་ཆོས་ལྡན་རབ་འབྱོར་སོགས་བཀའ་གདམས་བསྟན་འཛིན་དམ་པ་མང་པོས་བཞུགས་ཤིང་བྱིན་གྱིས་བརླབས་པའི་གནས་མེ་ཏོག་མདངས་ཅན་དུ་ཕེབས་ནས། རྗེ་བཙུན་རེད་མདའ་པའི་སྒྲུབ་ཕུག་ཆེན་མོར་བཞུགས་ཏེ་སྐུ་མཚམས་མཛད། སྐུ་མཚམས་གྲོལ་ནས་དོན་གཉེར་ཅན་ཁ་ཤས་ལ་གཏུམ་མོའི་ཁྲིད་ལ་སོགས་པའི་ཆོས་བཀའ་ཅི་རིགས་པ་གནང་ངོ༌། །དེ་ནས་རྗེ་བཙུན་ས་པཎ་ལ་འཇམ་དབྱངས་ལྷ་ལྔས་ཞལ་གཟིགས་པའི་གནས་ལྷ་ལྔ་ཕུག་ཏུ་བཞུགས། གནས་དེར་དགེ་སློང་མང་དུ་འདུས་པ་རྣམས་ཀྱིས་ཆོས་གསུང་བར་གསོལ་བ་བཏབ་པ་ན་ཆོས་མང་དུ་གནང་བའི་ཞལ་བཞེས་ཡོད་པ་ལ་འགའ་ཞིག་གིས་བཀའ་གདམས་ཐོར་བུ་དེ་སྔོ ན་ལ་ནན་གྱིས་ཞུས་པས་དེ་གནང་ནས། དེའི་ནང་ན་སྙི གས་མའི་དུས་འདིར་གཞན་མགོ་འདོན་པའི་དུས་མ་ཡིན་རང་མགོ་འདོན་པའི་དུས་ཡིན།ཞེས་སོགས་ཀྱི་མཚམས་སུ་སླེབ་པ་ན་སྤྱན་ཆབ་མནན་པས་མི་ཐུབ་པ་བྱུང་ཞིང༌། ཐུགས་ལ་ངེས་འབྱུང་ཤུགས་དྲག་ཏུ་སྐྱེས་ནས་སྤྱན་ཆབ་བཅད་མ་ཐུབ་པར་དེའི་ཉིན་ཆོས་འཕྲོ་གནང་མ་ཐུབ། སང་ཉིན་གནང་རྒྱུའི་རྩིས་མཛད་པ་ན་ཡང་དེའི་མཚམས་ལ་གཟིགས་པ་ཙམ་གྱིས་སྤྱན་ཆབ་བྱུང་ཞིང་མགུལ་འགགས་ནས་གནང་མ་ཐུབ་པར་འཕྲོ་ལུས། དེ་ནས་དེ་འཕྲལ་སླར་ཡང་མེ་ཏོག་མདངས་ཅན་དུ་ཕེབས། ཆུ་བཏགས་གསར་པ་བའི་བུ་བསོད་ནམས་ཕུན་ཚོགས་ཀྱིས་ཞབས་ཕྱི་ཞུས་ཤིང༌། དགེ་སློང་རྣམ་ཀྱང་ཕེབས་སྐྱེལ་དུ་ཕེབས་ནས་མཁའ་འགྲོའི་གསང་ཕུག་ཏུ་ཕེབས། དེ་ནས་དགེ་སློང་རྣམས་ལ་སོ་སོར་ཐུགས་དམ་ལ་བརྩོན་པ་མཛད་དགོས་པའི་ཞལ་ཏ་དང༌། ངེད་རང་ཡང་ཚེ་འདིའི་རྣམ་གཡེང་གང་གི་ཡང་དབང་དུ་མ་སོང་བར་སྒྲུབ་པ་གཤའ་མ་ཞིག་བྱེད། དེ་ལྟར་བྱེད་མིན་ཁྱེད་གྲོགས་པོ་རྣམས་ཀྱིས་ཀྱང་བལྟས་ནས་ཆོས་དང་འགལ་བ་བྱུང་ན་ཁྱེད་རྣམས་ཀྱིས་ཀྱང་ལབ་དགོས་སོ། །མདོར་ན་རང་རེ་རྣམས་ཚེ་མཇུག་འདིར་བྱ་རྒྱུ་ཆོས་ལས་མེད་པས་རང་རང་གང་འདོད་ཀྱི་གནས་སུ་དགེ་སྦྱོར་ལ་བརྩོན་པར་མཛོད་ཅེས་བཀའ་གནང་ནས་སོ་སོར་བཏང་སྟེ་གཡེང་བ་གང་ཡང་མེད་པར་སྐུ་མཚམས་དམ་པོ་ལ་བཞུགས། དེ་ལྟར་མེ་ཏོག་མདངས་ཅན་སུ་ལོ་གསུམ་ལྷག་ཙམ་བཞུགས་ནས་ཐུགས་དམ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པར་མཛད། དེའི་ཚེ་ཞབས་འབྲིང་པ་ཞིག་དབུས་ཕྱོགས་སུ་གནས་སྐོར་ལ་འགྲོ་འདོད་ནས་དགོས་པ་ཞུས་ཤིང༌། ཞལ་གདམས་ཤིག་དགོས་ཞེས་གསོལ་བ་བཏབ་པ་ལྟར་ཉམས་མགུར་འདི་ལྟར་མཛད་དེ།

                   ན་མོ་གུ་རུ། དུས་གསུམ་གྱི་སངས་རྒྱས་དབེན་ས་པ། །མཚུངས་མེད་ཀྱི་རྗེ་བཙུན་ཐམས་ཅད་མཁྱེན། །བློ་བཟང་གི་ཡེ་ཤེས་སྐྱབས་ཀྱི་མཆོག །འབྲལ་མེད་དུ་སྤྱི་བོའི་རྒྱན་དུ་བཞུགས། །རང་བློ་ནི་ཆོས་ལ་ཕྱོགས་པའི་ཚེ། །སྡུག་དོགས་ཀྱིས་ནོར་རྫས་བསགས་གྱུར་ནས། །སྡིག་གསོག་གི་སེར་སྣ་བྱེད་པ་ལས། །ཟང་ཟིང་གི་འབྱོར་པ་སྤངས་ན་བདེ། །རང་བློ་ནི་ཆོས་ལ་འཁུལ་བའི་ཚེ། །རེ་དོགས་ཀྱི་བསམ་རྒྱ་མང་པོ་ཡིས། །བློ་མང་གི་བྱ་བ་བྱེད་པ་ལས། །བྱ་བ་རྣམས་བློ་ཡིས་བཏང་ན་བདེ། ། ངེས་མེད་ཀྱི་རྒྱལ་ཁམས་འཁྱམས་པའི་ཚེ། །རྐྱེན་ངན་གྱི་བར་ཆད་བྱུང་དོགས་ནས། །བློ་ཆུང་གི་གྲོགས་དང་འགྲོགས་པ་ལས། །སྐྱིད་སྡུག་ལ་ཐོག་རྫིས་བྱས་ན་བདེ། །རྒྱལ་ཁམས་སུ་འཚོ་བ་སློང་བའི་ཚེ། །མ་འོངས་པའི་བསམ་རྒྱས་བསླངས་གྱུར་ནས། །སྒྱུ་ལུས་ལ་ཁུར་པོ་འགེལ་བ་ལས། །སྒོ་རྩམ་ལ་ཟད་ལེན་བྱས་ན་བདེ། །རྒྱལ་ཁམས་སུ་རི་ཁྲོད་འགྲིམ་པའི་ཚེ། །ཆགས་སྡང་གི་སེམས་རྩ་འཁྲུག་འགྱུར་བའི། །དོན་མེད་ཀྱི་ཁྱིམ་མཚེས་བསྟེན་པ་ལས། །བསེ་རུ་བཞིན་གཅིག་པུར་གནས་ན་བདེ། །ངེས་མེད་ཀྱི་རི་ཁྲོད་འགྲིམ་པའི་ཚེ། །ངེས་བཟུང་གི་སྦྱིན་བདག་བཙལ་གྱུར་ནས། །ངོ་སྲུང་གི་དགེ་སྦྱོར་བྱེད་པ་ལས། །ངེས་མེད་ཀྱི་བསོད་སྙོམས་བྱས་ན་བདེ། །གཅིག་པུ་རུ་རི་ལ་སྡོད་པའི་ཚེ། །སྡིག་གསོག་གི་མཁར་ལས་བྱས་གྱུར་ནས། །འཛད་མེད་ཀྱི་ལས་ངན་གསོག་པ་ལས། །ས་ཕུག་དང་བྲག་ཕུག་བསྟེན་ན་བདེ། །གཞི་གཅིག་ཏུ་ཡུན་རིང་གནས་གྱུར་ནས། །ཆགས་སྡང་གི་སེམས་རྩ་འཁྲུག་པ་ལས། །ཉམས་ལེན་ལ་བོགས་འདོན་བྱེ ད་པའི་ཕྱིར། །དབེན་ས་ནས་དབེན་པར་འཕོས་ན་བདེ། །ཉམས་ལེན་གྱི་གནད་ལ་སྦྱོར་བའི་ཚེ། །སྡོམ་གསུམ་ལ་གཅེས་སྤྲས་གཙོར་བཏོན་ཏེ། །ཐོས་བསམ་གྱི་རྒྱ་མཚོའི་གྲུར་ཞུགས་ནས། །ཐོས་དོན་རྣམས་རྒྱུད་ལ་སྦྱར་ན་བདེ། །ཐོས་བསམ་གྱི་གནད་ལ་སྦྱོར་བའི་ཚེ། །ལྟ་སྤྱོད་གཉིས་ཡ་བྲལ་མ་སོང་བར། །ཟུང་འབྲེལ་གྱི་ཉམས་ལེན་མཁས་གྱུར་ན། །ཟུང་འཇུག་གི་རྒྱུ་རུ་འགྱུར་བས་བདེ། །ཟབ་དོན་གྱི་གནད་ལ་སྦྱོར་བའི་ཚེ། །དང་པོ་ནས་འཇོག་སྒོམ་མི་བྱེད་པར། །དཔྱད་སྒོམ་གྱིས་ངེས་ཤེས་དྲངས་གྱུར་ན། །འཇོག་དུས་སུ་བློ་ཐག་ཆོད་པས་བདེ། །རྗེས་ཐོབ་ཏུ་བྱ་བ་གང་བྱེད་ཚེ། །ཐ་མལ་གྱི་སྣང་ཞེན་སྤངས་གྱུར་ནས། །མཉམ་བཞག་གི་རྒྱ་ཡིས་བཅིངས་གྱུར་ན། །སྡིག་ལྟུང་རྣམས་རང་ཤུགས་འགགས་པས་བདེ། །དགེ་ཕྱོགས་རྣམས་བསྔོ་བས་རྒྱས་འདེབས་ཚེ། །རང་དོན་གྱི་བསམ་པ་སྤངས་གྱུར་ནས། །གཞན་དོན་དང་བདེན་མེད་རྩིས་ཟིན་ན། །ཆོས་གཟུགས་ཀྱི་རྒྱུ་རུ་འགྱུར་བས་བདེ། །བདེ་བདེ་ཡི་གླུ་དབྱངས་རིང་མོ་འདི། །མཁས་འདོད་ཀྱིས་བརྩམས་པ་མ་ཡིན་ཡང༌། །གྲོགས་མཆོག་གི་བློ་ངོ་མ་བཟོད་པར། །མེ་ཏོག་གི་མདངས་ཅན་གནས་སུ་སྦྱར། །འདི་དོན་བཞིན་ཉམས་ལེན་བྱས་པའི་ངང༌། །རྒྱལ་ཁམས་སུ་ལོ་གསུམ་འགྲིམས་གྱུར་ནས། །བན་རྒན་གྱི་སྒྱུ་ལུས་བལྟ་བའི་ཕྱི ར། །མཇལ་འཛོམ་གྱི་སྨོན་ལམ་ཡང་དག་ཐོབ། །ཅེས་སོ། །

                                                                                                                         རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།