བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 11:04:45     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

144830942193100754.jpg 

                    གནས་དེར་བཞུགས་རིང་ཞེན་ལོག་སྐྱོ་ཤས་དྲག་པོས་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་ཞིང་དག་པའི་གཟིགས་སྣང་མང་དུ་བྱུང་ཡོད་ཚོད་འདུག་ཀྱང་ཐམས་ཅད་གསལ་བར་མི་གསུང་ངོ༌། །དེ་ནས་རྟ་ནག་ཆོས་སྡིངས་སུ་ཕེབས། དེ་ན་གནས་དབེན་ལ་ཆུ་ཤིང་མཛོམ་ཞིང་འབྲས་བུའི་ཤིང་མང་པོ་ཡོད་པ། བྲག་ཕུག་བཙན་ཞིང་སུས་ཀྱང་གླགས་རྙེད་མི་ནུས་པ་ཞིག་ཡོད་པ་དེར་བཞུགས་ནས་སྒྲུབ་པ་ལ་བརྩོན་པར་མཛད། གསོལ་ཆས་རྣམས་ནི་ཐོས་བསམ་གླིང་ཞལ་སྔ་ནས་ཀྱིས་རྟ་ནག་གཞིས་ཀ་ནས་ཕྱག་མ་ཐོགས་པར་ཕུལ། དེ་ནས་རེ་ཤིག་ནས་རྟ་ནག་ཁུལ་གྱི་མི་རྣམས་ཀྱིས་དག་སྣང་ཆེ་ཆེར་བྱས་པ་ན། ད་འདིར་ཡང་ཡུན་རིང་ན་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་ཉེར་ཆེ་དགོངས་གནས་སྤོ་བར་བཞེད་ནས་བྱ་བྲལ་སྒྲུབ་སྡེར་བྱོན། དོན་གཉེར་ཅན་ཁ་ཤས་ལ་ཕྱག་ཆེན་གྱི་ཁྲིད་སོགས་ཆོས་བཀའ་ཅི་རིགས་ཀྱང་གནང༌། དེར་འགའ་ཞིག་གིས་ཕྱག་ཆེན་གསོལ་འདེབས་ལ་འཇུག་རྒྱུའི་གསོལ་འདེབས་ཤིག་དགོས་ཚུལ་ཞུས་པ་ལྟར། ལམ་སྙན་བརྒྱུད་ཟབ་མོའི་སྙིང་པོའི་དོན། །ཡུལ་ཕྱོགས་མེད་གནས་སུ་ལེགས་བསྐྱངས་པ། །བྱ་བྲལ་བློ་བཟང་རྣམ་རྒྱལ་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་གནས་དེར་མཛད་དོ། །དེ་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་སྲས་ཐོགས་མེད་པའི་སྒྲུབ་གནས་དངུལ་ཆུ་ཆོས་རྫོང་དུ་ཕེབས། གནས་དེ་རྒྱལ་སྲས་རིན་པོ་ཆེས་བྱི ན་གྱིས་བརླབས་པའི་གནས་བག་ཕེབས་ཤིང་བྱིན་ཆགས་པ་ཞིག་འདུག་པར། གནས་འདིར་སྔོན་རྒྱལ་སྲས་རིན་པོ་ཆེས་ལོ་མང་པོའི་བར་དུ་སྐུ་མཚམས་ལ་བཞུགས་ནས་སྒྲུབ་པ་མཛད་པས་ཉམས་རྟོགས་གོང་འཕེལ་དུ་གྱུར་པ་དེ་བཞིན་དུ། བདག་གིས་ཀྱང་གནས་འདིར་གཡེང་བ་ཐམས་ཅད་སྤངས་ཏེ་ལོ་ཁ་ཤས་ཀྱི་རིང་ལ་སྒྲུབ་པ་ལ་བརྩོན་པར་བྱའོ་སྙམ་དུ་སྒྲུབ་པའི་དམ་བཅའ་བརྟན་པར་མཛད་ནས་སྐུ་མཚམས་ལ་བཞུགས་སོ། །གནས་དེར་ལོ་གསུམ་ཙམ་གྱི་རིང་ལ་ཐུགས་དམ་ཤིན་ཏུ་འཕེལ་བར་བྱུང་ཞིང༌། གཅོད་ཀྱི་ལྷོངས་སོགས་ཀྱང་མང་དུ་བྱུང་བའི་ལོ་རྒྱུས་སྣང་ངོ༌། །

                    དེ་ནས་རེ་ཤིག་ན་ཐོས་བསམ་གླིང་ནས་ཞལ་སྔ་ནས་དཔལ་ལྡན་ཡེ་ཤེས་ཀྱིས་བང་ཕྱིན་པ་ཞིག་ཆེད་མངགས་གནང་བར་ད་ལམ་བང་ཕྱིན་པ་འདི་པ་དང་མཉམ་དུ་ཐོས་བསམ་གླིང་དུ་ཕེབས་དགོས་པའི་བཀའ་ཤོག་ནན་ཆེན་ཕེབས་པར། བང་མི་དེ་ལ་ཁྱོད་རང་དེ་རིང་ལོག་སོང༌། ང་སང་ཉིན་ཡོང་ཞེས་བཀའ་གནང་ཞིང་ཕེབས་རྩིས་མཛད་པར་བང་མི་ཐོན་འཕྲལ་ཐུགས་བསམ་ཞིག་མཛད་པས་མི་ལེགས་པར་དགོངས་ཏེ། བང་མི་རི་སྐེད་ཙམ་དུ་སླེབ་པ་ཡར་བོད་པར་མཛད་ནས་རྗེ་ཞལ་སྔ་ནས་ལ་ད་རེས་སྐུ་མདུན་དུ་བཅར་ཐུབ་པ་མི་འདུག་པས་དགོངས་པ་མི་ཁྲེལ་བ་དང༌། ཐུགས་དམ་གྱི་སྐྱབས་འཇུག་མཁྱེན་མཁྱེན་ཞུ་བ་སོགས་ཞུ་ཡིག་དང་ངག་མ་ནན་ཆེན་ཞུས་ཏེ་བང་མི་གཏོང་བར་མཛད། དེ་ནི་ཞལ་སྔ་ནས་དཔལ་ལྡན་ཡེ་ཤེས་ཇུན་སྒར་དུ་ཕེབས་རྒྱུ་དང་བླ་མ་ཉིད་ཐོས་བསམ་གླིང་དུ་སྐུ་ཚབ་ཏུ་འཇོག་པ་མཛད་རྩིས་ཡིན་པ་དེ་ཐུགས་མཁྱེན་གྱིས་མཁྱེན་པར་ངེས་སོ། །དེ་ལྟར་ན་དམ་པ་འདི་ཉིད་ནི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ལྟ་བུའི་གྲྭ་ཚང་གི་གདན་ས་ཕུལ་ཡང་ཐུགས་དགྱེས་པ་མེད་ན་བསྙེན་བཀུར་ངན་ངོན་ཙམ་ལ་ཆགས་པའི་གོ་སྐབས་ག་ལ་ཡོད། དེའི་ཕྱིར་རྗེ་བཙུན་མི་ལ་དང་མཛད་པ་མཚུངས་སོ་ཞེས་གྲགས་པའང་དོན་དང་མཐུན་པའོ། །དེ་ནས་དངུལ་ཆུའི་རི་ཁྲོད་པ་རྣམས་དང༌། བཞད་བཀྲ་ཤིས་དགེ་འཕེལ་གྱི་བླ་མ་སོགས་དོན་གཉེར་ཅན་ཁ་ཤས་ལ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། གཞན་ཡང་ཆོས་བཀའ་ཅི་རིགས་གནང༌། བཞད་ཁུལ་གྱི་མི་སྡེ་རྣམས་ཀྱིས་ཀྱང་དད་གུས་ཆེར་བྱས་ཤིང་འཚོ་བའི་མཐུན་རྐྱེན་འབུལ་བའང་མང་དུ་བྱུང་བ་ན། ད་ནི་གནས་འདིར་ཡང་ཡུན་རིང་ན་འདོད་ཡོན་གྱི་དབང་དུ་འགྲོ་བར་འདུག་ཅིང༌། དེ་ལྟར་ན་དགེ་སྦྱོར་གྱི་བར་ཆད་དུ་འགྱུར་ཉེན་ཆེ་བས་ཡུལ་གཞན་ཞིག་ཏུ་འགྲོ་བར་བྱའོ་སྙམ་དུ་དགོངས་ནས་ཞབས་འབྲིང་པ་དགེ་སློང་ཚུལ་ཁྲིམས་དང་མཉམ་དུ་ཕྱོ གས་དེའི་དབེན་གནས་སྣ་ཚོགས་ལ་ངེས་མེད་དུ་ཕེབས་ཤིང༌། དེའི་ཚེ་བླ་མ་ཉིད་སྐྱོ་ཤས་ཤུགས་དྲག་པས་ཆོས་མཐུན་གྱི་འཚོ་བ་གང་བྱུང་མཛད་ཅིང༌། བསོད་སྙོམས་སྤྱོད་པའི་ཚེ་ཡང༌། རྗེ་མི་ལའི་རྣམ་ཐར་ལྟར་ཐོག་མར་སྒོ་གང་ཕྲད་དུ་སློང་ཞིང་བསོད་སྙོམས་ཕུལ་ན་གང་སྦྱིན་པ་དེས་ཆོག་ཤེས་པ་དང༌། མ་ཕུལ་ཀྱང་ཡིད་མི་བདེ་བ་མེད་ཅིང་ཡུན་རིང་མི་བཞུགས་པར་ཕེབས་པས་ཞབས་འབྲིང་པ་དགེ་སློང་ཚུལ་ཁྲིམས་འཚོ་བས་ཉོན་མོངས་ནས་འཁྲུལ་པ་བསྐྱེད་པའང་བྱུང་ཞེས་ཐོས་སོ། །དེ་དག་གི་དུས་ཀྱི་ཚེ་དམ་པ་འདི་ཉིད་ཆོས་བརྒྱད་འགོ་སྙོམས་པ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་བློ་སྦྱོང་གི་སྐོར་ལ་ཉམས་བཞེས་མཛད་པ་ལ་འཆད་ཁ་བའི་གསུང་རྣམས་ཤིན་ཏུ་གལ་ཆེ་བར་དགོངས་ནས། འཆད་ཁ་བའི་བློ་སྦྱོང་གཅིག་དང་ལྔ་པ་ཞེས་བྱ་བ། མཐུན་རྐྱེན་སྣ་གཅིག་ཀྱང་མེད་པའི་ནང་དུ་ཕུན་སུམ་ཚོགས་པའི་ཡང་རྩེ་རྙེད་པ་གཅིག་དང་བར་ཆད་སྤྲིན་འཐིབས་པ་ལྟ་བུའི་ནང་དུ་གནོད་པ་གཅིག་ཀྱང་མེད་པ་གཅིག་དང༌། སྡུག་བསྔལ་རི་རྡིབ་པ་ལྟ་བུའི་ནང་དུ་བདེ་བ་ཆེན་པོ་རྙེད་པ་གཅིག་དང༌། དགྲ་འདྲེ་ཉེ་རྒས་ཀྱི་གྲིབ་སོ་ལྟ་བུའི་ནང་དུ་དགེ་བའི་བཤེས་གཉེན་གྱི་ཉི་མ་ཤར་བ་གཅིག་དང༌། ཉོན་མོངས་བསྐལ་པའི་མེ་ལྟ་བུའི་ནང་སངས་རྒྱས་ཀྱི་ཆོས་ཚང་བ་གཅིག་སྟེ་ལྔའོ། །ཞེས་གསུངས་པ་འདི་ཐུགས་ལ་བཟུང་ཞིང༌། དེའི་ནང་ན་ཉམས་ལེན་གྱི་གནད་མང་པོ་ཡོད་པར་དགོངས་ནས། རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལ་བློ་སྦྱོང་འདིའི་འགྲེལ་པ་མན་ངག་གི་གནད་རྣམས་གསལ་བར་སྟོན་པ་ཞིག་དགོས་ཞེས་ནན་གྱིས་གསོལ་བ་བཏབ་པས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་དགྱེས་བཞིན་ཞལ་གྱིས་བཞེས་ནས།

                    ན་མོ་གུ་རུ་བཛྲ་དྷ་རཱ་ཡ། སྐུ་མཚན་བཟང་རྨད་བྱུང་ལོངས་སྤྱོད་རྫོགས། །ཞེས་པ་ནས། རྗེ་བཀའ་གདམས་གོང་མའི་དགོངས་པའི་དོན། །ཕྱོགས་ཀུན་ཏུ་དར་རྒྱས་བཀྲ་ཤིས་ཤོག །ཅེས་པའི་ཤློ་ཀ་ཉི་ཤུ་རྩ་གཉིས་ཡོད་པ་ཚིག་སྦྱོར་ཕུན་སུམ་ཚོགས་པ་རྐྱེན་ངན་ལམ་དུ་འཁྱེར་བའི་མན་ངག་གི་གནད་རྣམས་གསལ་བར་སྟོན་པ་སྔོན་མེད་པའི་ལེགས་བཤད་འདི་མཛད་དོ། །དེ་ནས་བླ་མ་ཉིད་འདྲིས་ཤེས་མེད་པའི་ས་ཡུལ་ཐག་རིང་ཞིག་ཏུ་ཕེབས་ནས་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་མཛད་བཞེད་ནར་མར་ཡོད་པའི་ཁར་ཆོས་འཕེལ་ཇའི་སང་སོགས་ཀྱིས་ཀྱང་བླ་མ་འདི་ཉིད་གཞན་དང་མི་འདྲ་བ་ཡོད་ཚུལ་ཐོས་ནས་ཨོ་རོད་ཀྱི་ཡུལ་དུ་གདན་འདྲེན་འདོད་ཡོད་པའང་གསན་པས་ཉེ་བར་བསྐུལ་ཏེ་ད་ནི་མྱུར་དུ་ཐག་རིང་ཞིག་ལ་མ་ཕྱིན་ན་སྡེ་དགོན་གོག་པོ་ཞིག་གི་བདག་གཟུང་བྱེད་དགོས་པའམ། རྒྱལ་པོའི་མཆོད་གནས་བྱ་བ་མིང་སྙན་ཡང་དོན་བཟང་བཙོན་ཞིག་བྱེད་མི་དགོས་པའི་ངེས་པ་ཡང་མི་འདུག་པས་སུས་ཀྱང་མཐོང་ཚོར་མེད་པའི་ཡུལ་ཞིག་ཏུ་འཕྲལ་དུ་འགྲོ་དགོས་པ་འདུག །དེ་ཡང་སངས་རྒྱས་དངོས་ཀྱི་བཤེས་གཉེན་འདི་ལྟ་བུ་བཞུགས་བཞིན་དུ་མ་ཞུས་པར་འགྲོ་བའང་མི་ལེགས་པས་སྐྱབས་མགོན་ཆེན་པོ་ཉིད་ལ་ཞུས་ནས་བཀའ་གནང་བ་ལྟར་བྱེད་དོ་སྙམ་དུ་དགོངས་ནས་ཞུ་ཡིག་གསུང་བརྟག་གི་ཚུལ་དུ་ཕུལ་བ། བདག་ཚེ་འདིའི་རྙེད་བཀུར་སྙན་གྲགས་རྣམ་གཡེང་གང་གི་ཡང་དབང་དུ་མ་སོང་བར་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་འདོད་ལགས་པས་ས་ཕྱོགས་གང་དུ་ཕྱིན་པ་ལེགས་ཞེས་ཞུས་པ་ན། སྟོད་ཕྱོགས་སུ་ལེགས་པའི་བཀའ་ཕེབས། དེ་ནས་ལྕགས་སུ་ཕེབས་ནས་ལོ་ཙཱ་བ་ལྷ་བཙུན་བློ་བཟང་འབྱུང་གནས་ལ་འདོད་ཆོས་མང་དུ་སྩལ་ཞིང༌། སླར་སྐྱིད་གྲོང་ཕྱོགས་སུ་འཛོམ་པའི་ཞལ་དན་མཛད། དེ་ནས་བླ་མ་ཉིད་དགུང་ལོ་ལྔ་བཅུ་ལ་ཕེབས་པ་ས་མོ་ཕག་གི་ལོ་ཉེ་གནས་དྲུང་རམ་པ་དང་བཅས་སྟོད་ཕྱོགས་སུ་ཕེབས་སོ། །

                    དེ་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་ལ་ཆོས་འཕེལ་ཇའི་སང་སོགས་མི་ཆེན་དང༌། སྡེ་དགོན་མང་པོ་ནས་དམ་པ་འདི་ཉིད་བླ་མར་གནང་དགོས་ཚུལ་ཀྱང༌། སྔར་ནས་དེ་རིགས་མི་དགོས་པའི་སྙན་འབུལ་ཞུས་ཟིན་པ་དང༌། ཐག་རིང་དུ་ཕེབས་པའི་གྲགས་པ་དེས་ཀྱང་རྐྱེན་བྱས་ནས། ཁོང་གར་ཡོད་མི་ཤེས་པས་དེ་འདྲ་ག་ལ་ཡོང་ཞེས་སྐུ་ཞབས་རྩེ་ཤོད་གཉིས་ཀ་ནས་གནང་བར་མ་མཛད་ཅིང༌། ཕྱིས་ཀྱང་དེ་རིགས་མང་དུ་བྱུང་ཡང་གནང་བར་མ་མཛད་དོ། །དེ་ནས་དིང་རི་ནས་པུ་སེ་ལ་འཛེགས་ཏེ་རྣལ་འབྱོར་དབང་ཕྱུག་མི་ལ་རས་པའི་སྒྲུབ་གནས་ཞིང་སྐྱོང་གི་མཁའ་འགྲོ་འདུ་བའི་གནས་ཆེན་དབེན་གནས་བྲིན་གྱི་ཆུ་དབར་ལ་ཕེབས་སོ། །དེ་ནས་རྗེ་བཙུན་མི་ལ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པའི་གནས་འདྲ་ལྕེ་ཕུག །སྤྲོ་བདེ་བཀྲ་ཤིས་སྒང༌། འགྲོ་ཕན་གླིང་སོགས་ཞིབ་ཏུ་མཇལ་ཞིང་སྨོན་ལམ་མཛད། དེ་ནས་དབེན་གནས་ཀྱི་རྩེ་མོ་ལ་ཕེབས་ཏེ་གཙོ་ཆེར་བྲག་དམར་མཆོང་ལུང་རིང་དུ་བཞུགས་ནས་སྒྲུབ་པ་མཛད།

                    སྐབས་འགར་སྤོ་མཐོ་ནམ་མཁའ་རྫོང༌། ཁུ་བྱུག་དབེན་པ་རྫོང༌། སྐྱིད་ཕུག་ཉི་མ་རྫོང་སོགས་རྗེ་བཙུན་རིན་པོ་ཆེས་བཞུགས་པའི་གནས་དེ་དང་དེ་དག་ཏུ་ཕེབས་ནས་ཐུན་བཞིའི་རྣལ་འབྱོར་དང༌། ཐུན་མཚམས་ཀྱི་ཉམས་ལེན་རྣམས་ལ་བརྩོན་པར་མཛད་པས་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བར་གྱུར། ཆུ་དབར་ཆོས་སྡེ་དེ་གོང་ས་ལྔ་པ་ཆེན་པོའི་བཀའ་དྲིན་གྱིས་ལོངས་སྤྱོད་འཛོམ་ཞིང་དབང་ཤེད་ཤིན་ཏུ་ཆེ་བ་ཞིག་ཡིན་འདུག་ཀྱང༌། དམ་པ་འདི་ཉིད་ལ་ནི་སྐུ་མཐོང་བ་ཙམ་གྱིས་དད་གུས་ཆེན་པོ་བྱས་ཤིང་ཆོས་འབྲེལ་དང་བྱིན་རླབས་ཞུ་བ་མང་དུ་བྱུང༌། དེ་སྐབས་སྔགས་རམ་པ་ཡེ་ཤེས་སྐལ་ལྡན་སོགས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་སྒྲུབ་པ་སྙིང་པོར་མཛད་འདོད་པ་གསུམ་ཙམ་ཞིག་བྱོན་པ། སྔར་ནས་བླ་མ་འདི་ཉིད་ཀྱི་མཚན་མ་ཐོས་ཀྱང་ཞལ་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོས་ནས་ཆོས་ཀྱི་བཀའ་དྲིན་གནང་དགོས་པར་གསོལ་བ་བཏབ་པས། བླ་མ་ཉིད་ཀྱང་ཐུགས་ཤིན་ཏུ་དགྱེས་པ་བྱུང༌། དེ་ནས་ཡེ་ཤེས་གྲགས་པ་གྲོགས་མཆེད་གཉིས་ཀྱང་སྐུ་མདུན་དུ་སླེབ་ནས་ཆོས་ཀྱི་བཀའ་དྲིན་དང་ལྷག་པར་བསྙེན་རྫོགས་ཀྱི་བཀའ་དྲིན་ཞུས་པ་ན་དགྱེས་བཞིན་ཞལ་གྱིས་བཞེས། དེ་ནས་ཟ་ཁ་ལུང་གི་རྒྱན་ཕུག་ཏུ་བཞུགས་ཤིང༌། བསྙེད་རྫོགས་དང་རབ་བྱུང་མང་དུ་གནང༌། དེ་ནས་རྒྱུད་སྟོད་པ་གསུམ་གྱིས་གཙོ་བོ་བྱས་དད་འདུས་ཁ་ཤས་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད། བློ་སྦྱོང་གི་ཁྲིད་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད། ཕྱག་ཆེན་གྱི་ཁྲིད་སོགས་ཁྲིད་དང་ལུང་མང་དུ་སྩལ་ཏོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།