བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 10:55:41     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

90642434459277989.jpg

                     འདི་དག་གི་སྐབས་སུ་བྱང་ཆུབ་ལམ་གྱི་རིམ་པ། ཟབ་ལམ་ཕྱག་རྒྱ་ཆེན་པོ། ཐབས་ཤེས་སྤྱོད་ཀྱི་ཉམས་ལེན་རྣམས་ལ་ཤིན་ཏུ་འགྲུས་པར་མཛད། ཕལ་ཆེར་ཟླ་གྲོགས་ཀྱང་མེད་པར་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བཞིན་དུ་རྫ་ཁྲོད་དང་གངས་ཁྲོད་དང་ནགས་ཁྲོད་སོགས་དབེན་གནས་བདག་མེད་རྣམས་སུ་གཅིག་པུར་བཞུགས་ནས་ཐུགས་དམ་ལ་ཆིག་སྒྲིལ་དུ་གཞོལ་བར་མཛད། དེའི་ནང་ནས་ཀྱང་གཅོད་ཀྱི་ཉམས་བཞེས་གཙོ་བོར་མཛད་པ་ནི་བླ་མ་ཉིད་ཀྱི་ཞལ་ནས། ད་གནས་དེ་དག་ཏུ་འགྲོ་བའི་ཚེ་གང་དང་གང་དུ་སླེབ་པ་དེའི་ཚེ་ཉལ་ས་གང་བྱུང་དུ་བྱེད་ཅིང་དགོང་མོ་གཅོད་ཡག་པོ་རེ་བཏང་ནས་ཉལ་སྡོད་ཀྱིན་ཡོད་ཅེས་གསུངས། དེ་ནི་མ་ཅིག་ལབ་སྒྲོན་གྱི་ཞལ་ནས། ཉལ་བས་ཆོག་པའི་ཆོས་ཤིག་ཡོད་དེ། ཁྱེད་བུ་སློབ་རྣམས་ཀྱིས་ཉལ་མི་ཤེས། དེས་ཀྱང་རྒན་མོ་ང་བློ་མ་བདེ། ཞེས་གསུངས་པ་ལྟར་ཚིག་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལས་ཐུགས་གཡོ་བ་མེད་པར་བཞུགས་ཀྱིན་ཡོད་པའི་བརྡ་ཙམ་ཞིག་བདག་ལ་ཐུགས་བརྩེ་བས་གསུངས་པ་ཡིན་ནམ་སྙམ་མོ། །འདི་སྐབས་སྔ་སོར་རྩྭ་རིར་འདྲིས་ཡོད་པའི་འོལ་ཁ་བ་འཕགས་པ་ཆོས་བཟང་ཞེས་བྱ་བས་སྐུ་ཚེ་རིལ་པོ་འོལ་ཁའི་སྒྲུབ་གནས་ཤིག་ཏུ་བཞུགས་དགོས་ཞབས་ཏོག་འོ་མི་བརྒྱལ་བ་སྒྲུབ་ཅེས་ནན་གྱིས་གསོལ་བ་བཏབ་ཀྱང་ཞལ་གྱིས་བཞེས་པ་མ་མཛད་དོ། །དེ་ནས་འཕྱོང་རྒྱས་སུ་ཕེབས་ནས་གནས་མཇལ་ཞིབ་ཏུ་མཛད་ཅིང་སྨོན་ལམ་བཏབ། གནས་གང་བྱུང་ངེས་མེད་དུ་བཞུགས་ནས་ཐུགས་དམ་ལས་གཡེལ་བ་མེད་པར་མཛད།

                    དེ་དག་གི་ཚེ་འཚོ་ཆས་ཧ་ཅང་བཀྲེན་པར་གྱུར་ཏེ་རྩམ་བསོད་མཛད་པ་ན། འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་གྲྭ་པ་དག་སྣང་ཆེ་ཆེ་འདྲས་བསླབ་བྱ་བྱས་པ་ལྟར་དགེ་བསྐོས་ལ་གནང་བ་ཞུས་ནས་འདུ་ཁང་གི་སྒོ་ཁང་དུ་བཞུགས་ནས་ཚོགས་པ་ལ་རྩམ་བསོད་མཛད་པའི་ཚེ། དེ་གའི་དགེ་འདུན་རྣམས་འབྱོར་པ་ཆེ་བ་དང༌། དམ་པ་འདིའི་སྐུ་མཐོང་བ་ཙམ་གྱི་ཐམས་ཅད་དང་བ་སྐྱེས་པ་བཅས་ཚོགས་པ་ཕལ་མོ་ཆེས་རང་རང་གི་རྩམ་སྣོད་རྣམས་ཁ་ཕྱེ་ནས་དམ་པ་འདིའི་ན་བཟའི་སྟེང་དུ་བླུགས་པ་ན་ཚོགས་པའི་ཕྱེད་ཙམ་མ་སོང་བར་རྩམ་ཁུར་ལོངས་པ་བྱུང་བས་སློང་འཕྲོ་བཤོལ་ཏེ་གང་བྱུང་བ་རྣམས་ཁྱེར་ནས་དབེན་གནས་ཤིག་ཏུ་ཕེབས་ཏེ་རེ་ཞིག་མཐུན་རྐྱེན་ཚང་བའི་ངོས་ནས་སྒྲུབ་པ་ལ་བརྩོན་པར་མཛད། དེ་ནས་རི་བོ་བདེ་ཆེན་ན་ཆོས་རྗེ་ངག་དབང་དཔལ་འབྱོར་ཞེས་བྱ་བའི་བཤེས་གཉེན་དམ་པ་ཞིག་བཞུགས་ཡོད་པ་དེའི་དྲུང་དུ་ཕེབས་ནས་མ་ཎི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་དང༌། ཐུགས་རྗེ་ཆེན་པོའི་རྗེས་གནང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་དངོས་སུ་གནང་བའི་སྤྱན་རས་གཟིགས་ཀྱི་རྗེས་གནང༌། ཆག་ལོ་ཙཱ་བ་ནས་བརྒྱུད་པའི་ཕག་དཀར་གྱི་རྗེས་གནང༌། ཛམ་ནག་གི་རྗེས་གནང༌། ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང༌། གོང་ས་ལྔ་པ་ཆེན་པོའི་གསུང་མང་པོའི་ལུང༌། ལྷོ་བྲག་གྲུབ་ཆེན་གྱི་བཀའ་འབུམ་གྱི་ལུང་དང༌། དེ་ནས་འབྱུང་བའི་དབང་རྗེས་གནང་ཁ་ཤས་བཅས་གསན། དེ་ནས་རི་བོ་བདེ་ཆེན་པའི་གྲྭ་པ་ཕལ་མོ་ཆེས་དག་སྣང་ཆེན་པོ་མཛད་ཅིང་དམ་པ་འདིའི་སྐུའི་དབྱིབས་གསུང་གི་གདངས་མཛད་སྤྱོད་རྣམས་གཞན་དང་མི་འདྲ་བ་མཐོང་བའི་རྐྱེན་གྱིས་འདི་ནི་གང་ཟག་རང་དགའ་བ་ཞིག་མིན་པ་འདུག་ཅེས་གླེང་ཞིང་གྲགས་ཆེ་བར་བྱུང་ནས། དེ་གའི་དབུ་མཛད་སོགས་ཀྱིས་ནང་དུ་བོས་ནས་བདག་རྐྱེན་བཟང་པོ་མཛད་ཅིང༌། ཁྱོད་རང་དགའ་བ་ཞིག་མིན་པ་འདུག་ཡུལ་ཕྱོགས་གང་ནས་ཡིན། གྲྭ་ས་གང་དུ་བཞུགས། སློབ་གཉེར་ཅི་འདྲ་བྱས་ཞེས་ཞིབ་ཏུ་དྲིས་པས། བླ་མ་ཉིད་ངེས་འབྱུང་ཤུགས་དྲག་པའི་སྟོབས་ཀྱིས་རང་གི་ཡོན་ཏན་མི་བརྗོད་པར་མ་ཟད་གྲྭ་ས་འདི་ནས་ཡིན་པ་ཡང་གསལ་བ་རང་མ་གསུངས་པར་བདག་གཙང་གི་གཞིས་དགོན་ཞིག་ནས་ཡོང་བའི་སྦྲང་འཁྱམས་པ་ཞིག་ཡིན་ཞེས་གསུང་བར་མཛད།

                    འགའ་ཞིག་གིས་ད་དུང་ཞིབ་ཏུ་དྲིས་པ་ན་སྣར་ཐང་ལྟ་བུ་ནས་ཡིན་རྒྱུའི་ཁུལ་མཛད་ནས་སྤྲང་རྫུ་རང་མཛད་ཀྱང༌། ཕྱོགས་གང་ནས་བལྟས་ཀྱང་ཐ་མལ་པ་ཞིག་མིན་པར་འདུག་ཅེས་ཀུན་གྱིས་གླེང༌། དེ་ནས་རེ་ཞིག་ན་ཞབས་ལ་བསྙུང་གཞི་ཞིག་བྱུང་བ་དེ་ཇེ་ངན་ཇེ་ངན་ལ་སོང་སྟེ་སྐུ་ལ་བསྙུང་གཞི་ཚབས་ཆེ་བར་བྱུང་བའི་ཚེ། རི་བོ་བདེ་ཆེན་ན་སྨན་པ་མཁས་པ་ཞིག་འདུག་པ་དེ་ཕྱག་རྩ་སྟོན་པར་མཛད་པས་སྨན་པ་དེས་རིང་ཞིག་བརྟགས་ནས་ལག་པ་ཐལ་མོ་སྦྱར་ཏེ། ཉིད་རང་དགའ་བ་ཞིག་མིན་པར་འདུག་པས་ང་ལ་གསལ་བར་ཤོད་དགོས་ཞེས་ནན་གྱིས་ཞུས་ཀྱང་སྤྲང་འཁྱམས་པ་ཞིག་ཡིན་ཚུལ་ལས་གསལ་བར་གསུང་མ་ཉན། དེ་ནས་སྨན་པ་དེས་ཉིད་སྤྲང་འཁྱམས་པ་རང་ཞིག་མིན་པ་འདུག་གྲྭ་ས་ཆེན་པོ་ཞིག་གི་བླ་མའམ། སྤྱི་མིའམ་མཐོང་ཆེ་བ་ཞིག་ངེས་པར་ཡིན་པར་འདུག །བསྙུན་གཞི་འདི་ཡང་གྲྭ་ས་དེ་གའི་ཆོས་སྲུང་འཕྲུལ་དུ་འདུག་པས། ད་ཉིད་རང་ལོག་ཐེགས་ན་ལེགས་པ་འདུག་ཅེས་ཤིན་ཏུ་གསལ་བར་ལུང་བསྟན་པ་ཞིག་བྱུང་འདུག་པས། སྨན་པ་དེ་ཡང་རང་དགའ་ཞིག་མིན་ནམ་སྙམ་མོ། །སྨན་པ་དེས་དམ་པ་འདི་ཉིད་ལ་བྱང་ཆུབ་ཀྱི་སེམས་རྩ་ཡོད་པར་ཤེས་ནས་ཆབ་རྟགས་བཞགས་པའང་སྨན་པ་དེས་འཐུངས་ཞེས་ཐོས་སོ། །དེ་ནས་བླ་མ་ཉིད་ཀྱི་ཐུགས་ལ་ཡང་ནད་འདི་མི་ཡོང་ཙམ་ལ་རྨི་ལམ་དུ་དཔལ་ལྡན་ལྷ་མོའི་འཚུབ་ཀྱི་རྣམ་པ་ཞིག་ཀྱང་བྱུང༌། སྔ་སོར་རྗེ་ཞལ་སྔ་ནས་ཀྱི་དགོངས་པ་གཏིང་ནས་ཁྲོལ་བ་རང་ཞིག་མེད་པ་དེ་གའི་རྐྱེན་གྱིས་སྨན་པས་ཟེར་བའང་ཡིན་པ་སྲིད་སྙམ་དུ་དགོངས་ནས་གཙང་ཕྱོགས་ལ་འབྱོན་པའི་ཐུགས་བསམ་བཏང་བ་ན་བསྙུན་གཞི་དེ་ཡང་རིམ་གྱིས་དྭངས་པར་གྱུར། དེ་ནས་རིམ་གྱིས་བྱོན་ཏེ་གཙང་དབུས་ཀྱི་མཚམས་ན་ཛ་མ་ཁ་རག་ཅེས་བྱ་བའི་གནས་ཆེན་ཞིག་ཡོད་པ་དེ་ལ་ཕེབས་ཏེ། སྒྲུབ་གནས་རྣམས་མཇལ་བས་གནས་ལ་ཐུགས་སྤྲོ་བར་གྱུར་ཏེ་ཕུག་པ་ཞིག་ཏུ་བཞུགས་ནས་སྒྲུབ་པ་ལ་བརྩོན་པར་མཛད།

                    དེའི་ཚེ་ཡུལ་ཕྱོགས་དེའི་མི་རྣམས་སྔར་འདྲིས་ཤེས་གང་ཡང་མེད་པའི་སྟབས་ཀྱིས་འཚོ་བ་འབུལ་མི་མ་བྱུང་ཞིང་གྲོང་དུ་བསོད་སྙོམས་ལ་ཡང་མ་ཕེབས་པས་འཚོ་ཆས་ཤིན་ཏུ་བཀྲེན་པར་གྱུར་ཏེ། ཟས་རླུང་འཛིན་ཙམ་ལ་བརྟེན་པའི་དཀའ་ཐུབ་དྲག་པོའི་སྒོ་ནས་སྒྲུབ་པ་ལ་ཤིན་ཏུ་བརྩོན་པར་མཛད་དོ། །འཚོ་ཆས་ཤིན་ཏུ་བཀྲེན་པའི་སྟོབས་ཀྱིས་སྐུ་ལུས་ཉམས་ཤིང་སྐྱ་བོ་བསེང་བསེང་པོར་གྱུར་ཀྱང་ནང་དུ་ཉམས་ལེན་གྱི་འཆར་སྒོ་ཆེས་ཆེར་འཕེལ་བས་ཐུགས་ལ་དགའ་བདེ་རྒྱས་པར་གྱུར་ཅིང༌། སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལྟར་དབེན་པའི་རི་སུལ་དུ་དཀའ་ཐུབ་ལ་གནས་ཏེ་ལམ་ཆ་ཚང་ལ་སྒྲུབ་པ་སྙིང་པོར་བྱར་ཡོད་པ་འདི་འདྲ་ནི། རྒྱལ་བ་དབེན་ས་པ་ཆེན་པོས། སྔོན་དུས་ཀྱི་མི་ལ་རས་པ་དང༌། །ད་དུས་ཀྱི་བློ་བཟང་དོན་གྲུབ་ལ། །འཕྲལ་ཆས་ཀྱི་ཟས་གོས་མ་གཏོགས་པ། །ནོར་དངོས་པོའི་འཛིན་པས་དགོས་པ་མེད། །ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ། །དེ་འདྲ་བའི་སྤྱོད་ལ་ལེགས་གནས་ནས། །ཆགས་སྡང་སྤངས་པའི་དབེན་གནས་སུ། །དལ་འབྱོར་ལ་སྙིང་པོ་ལེན་པར་ཤོག །ཅེས་གསུངས་པ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལོན་པ་ཡིན་པས་ཤིན་ཏུ་སྐལ་བ་བཟང་སྙམ་དུ་ཐུགས་ལ་སྤྲོ་བ་འཕེལ་བར་གྱུར། དོན་འདི་ལ་བླ་མ་ཉིད་ཀྱི་ཞལ་ནས། ང་ཁ་རག་ཏུ་སྡོད་རིང་དགུན་ཐོག་ཅིག་ལ་རྩམ་པ་ཐང་ཁུག་གང་མིན་པ་སྟེར་མཁན་མ་བྱུང༌། ཇ་ཤིན་ཏུ་སླ་བ་ཕོར་རེ་ཕོར་དོ་རེ་དང་ཕྱེ་རླུང་འཛིན་ཙམ་རེ་ཟོས་ཤིང༌། ཇ་ལ་མར་འདེབས་རྒྱུ་མེད་ཤའི་ཚིལ་བུ་ཅུང་ཟད་རེ་བཏབ་ནས་འཐུངས། འཚོ་བ་ཤིན་ཏུ་བཀྲེ ན་ཡང་ལུས་བདེ་ཞིང་དགེ་སྦྱོར་འཕེལ་བ་བྱུང་ཞེས་ཞལ་ལས་དངོས་སུ་ཐོས་སོ། །དེ་ནས་དབེན་ས་པ་ཆེན་པོ་དང་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སོགས་ཀྱིས་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས་པའི་གནས་ཆེན་བྲག་རྒྱ་རྡོ་རྗེའི་ཕོ་བྲང་དུ་ཕེབས་ནས་རྒྱལ་བ་གཡུང་གི་སྒྲུབ་ཕུག་ཏུ་ལམ་ཐུན་མོང་བ་དང༌། ཐུན་མོང་མིན་པ་གསང་སྔགས་བླ་ན་མེད་པའི་ལམ་རིམ་པ་གཉིས་ལ་ཐུན་བཞིའི་རྣལ་འབྱོར་མཛད་ཅིང་བཞུགས་སོ། །

                  འདི་དུས་གསོལ་ཆས་རྣམས་ནི་རྗེ་ཞལ་སྔ་ནས་ཀྱིས་ཐོས་བསམ་གླིང་ནས་ཕུལ་ཞིང༌། དགེ་སློང་ཚུལ་ཁྲིམས་ཀྱིས་ཟླ་རེའི་གསོལ་ཆས་འབུལ་བ་སོགས་ཀྱི་ཞབས་ཕྱི་བགྱིས་སོ། །དེ་ལྟར་ཐུགས་དམ་ཐུན་བཞིའི་རྣལ་འབྱོར་ལ་ཆུ་བོའི་རྒྱུན་བཞིན་དུ་འབད་པས་ངེས་འབྱུང༌། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ། ལམ་རིམ་པ་གཉིས་ཀྱི་གནད་རྣམས་ལ་རྒྱལ་བ་དགྱེས་པའི་ཉམས་རྟོགས་རྨད་དུ་བྱུང་བ་མཐའ་ཡས་པ་འཁྲུངས་སོ། །དེ་ཡང་བླ་མ་ཉིད་ཀྱི་གསུང་ཚད་མ་དཔང་པོར་གྱུར་པ་ལས་ཤེས་ཏེ། དེའི་ཚེ་ཉམས་རྟོགས་གོང་འཕེལ་དུ་གྱུར་པའི་ཉམས་མགུར་བསམ་ལས་འདས་པ་ཡོད་ཚོད་འདུག་ཀྱང་ཐམས་ཅད་ཡི་གེར་འཁོད་པ་མ་བྱུང་ཞིང༌། ཐུགས་བརྩེ་བས་དགོངས་ཏེ་ཅུང་ཟད་ཅིག་ཡི་གེར་འགོད་པར་མཛད་པ་ནི་འདི་ལྟར། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དུས་གསུམ་གྱི་སངས་རྒྱས་དབེན་ས་པ། །གསུམ་ལྡན་གྱི་བློ་བཟང་ཡེ་ཤེས་ཞབས། །གུས་ལྡན་གྱི་བུ་ལ་བརྩེར་དགོངས་ལ། །བྱིན་རླབས་ཀྱི་ཆར་རྒྱུན་དབབ་ཏུ་གསོལ། །ལུས་སེམས་གཉིས་བདེ་བའི་ངང་ཉིད་ནས། །ཕྱོགས་མེད་ཀྱི་རྒྱལ་ཁམས་མྱུལ་མྱུལ་བའི། །གུ་ཡངས་ཀྱི་སྤྲང་པོ་ཡིན་པ་ང༌། །ཉམས་དགའ་བའི་གླུ་དབྱངས་འདི་བཞིན་ལེན། །དལ་འབྱོར་གྱི་མི་ལུས་ཐོབ་ངོས་ནས། །སངས་རྒྱས་ལས་ལྷག་པའི་རྗེ་དང་མཇལ། །ཉམས་ལེན་ལ་འབད་འབུང་བྱེད་བྱེད་པའི། །མི་ལུས་དོན་ལྡན་ངའི་སྐྱིད་པ། །སྐྱེ་ས་ཡི་ཕ་ཡུལ་བོར་ངོས་ནས། །ཉེ་འབྲེལ་ལ་ཞེན་ཆགས་མི་བྱེ ད་པར། །རང་མགོ་ནི་རང་གིས་འདོན་འདོན་པའི། །ཕོ་རྒོ ད་ཀྱི་རྣལ་འབྱོ ར་ངའི་སྐྱིད་པ། །གར་སྐྱིད་ལ་ཕ་ཡུལ་བྱས་ངེས་ནས། །སུ་བྱམས་ལ་ཕ་མར་བལྟས་གྱུར་ཏེ། །ཕྱོགས་མེད་དུ་དག་སྣང་སྦྱོང་སྦྱོང་བའི། །གུ་ཡངས་ཀྱི་སྤྲང་པོ་ངའི་སྐྱིད་པ། །བདག་འཛིན་གྱི་དགོན་པ་བོར་ངོས་ནས། །མི་ངན་ལ་ངོ་སྲུང་མི་བྱེ ད་པར། །རང་དབང་ནི་རང་གིས་བཟུང་བཟུང་བའི། །དཔོན་མེད་དང་གཡོག་མེད་ངའི་སྐྱིད་པ། །ཡོ་བྱད་ཀྱི་སོག་རུན་བོར་ངོས་ནས། །འགྲོ་དུས་སུ་འཁུར་པོ་མི་འཁུར་བར། །སྒོ་རྩམ་ལ་ཟད་ལེན་བྱེད་བྱེད་པའི། །སྤྲང་པོ་ཡི་ཁྱུ་རྒྱན་ངའི་སྐྱིད་པ། །མདོ་རྒྱུད་ལ་ཐོས་བསམ་བྱས་ངོས་ནས། །ཕན་མེད་ཀྱི་ཁ་བཤད་མི་བྱེད་པར། །ཉམས་ལེན་ལ་མཐིལ་ཐོན་བྱེ ད་བྱེ ད་པའི། །ཕོ་གྲུང་གི་རྣལ་འབྱོར་ངའི་སྐྱིད་པ། །སྒྱུ་ལུས་ལ་གཅེས་འཛིན་བོར་ངོས་ནས། །གར་ཤི་ལ་འགྱོད་མེད་བྱས་གྱུར་ཏེ། །ན་རྒ་དང་ཤི་སྐྱིད་བྱེད་བྱེད་པའི། །ཐག་ཆོད་དང་བློ་བདེ་ངའི་སྐྱིད་པ། །འདི་འདྲ་ཡི་སྐྱིད་པ་མི་བྱེད་པར། །ཚེ་འདིའི་བདེ་བ་ལ་སྲིད་གྱུར་པའི། །སྙིགས་དུས་སྐྱ་སེར་གྱི་སྐྱེ་བོའི་ཚོགས། །སྙིང་མེད་ཡང་ན་ནི་སྨྱོན་པ་རང༌། །དེང་སང་འཇིག་རྟེན་གྱི་ཁམས་འདི་ན། །རང་རེ་སྤྲང་པོ་ལས་སྐྱིད་པ་མི་འདུག །སྐྱིད་པའི་སྐྱིད་གླུ་ཞིག་བླངས་གྱུར་ནས། །རྒྱལ་ཁམས་གང་བཟང་ལ་ཆས་འགྲོ་ཨང་། །ཧ་ཧ། ཞེས་པ་དང་གྲུབ་པའི་གནས་མཆོག་ཁྱད་པར་ཅན་དེ་ཉིད་ལ་བསྟོད་པའི་ཉམས་མགུར་འདི་ལྟར་ཡང་མཛད་དེ།

                    ནང་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་པས། །ཕྱི་ལྷ་འདྲེ་སྡེ་བརྒྱད་ཟིལ་གྱིས་མནོན། །ལྷ་དམ་ཅན་གཤེན་རྗེ་བྲན་དུ་འཁོལ། །རྗེ་གཡང་སྟོན་རྡོ་རྗེ་དཔལ་ལ་འདུད། །མགོན་དེ་ཡིས་བྱི ན་གྱིས་བརླབས་གྱུར་པའི། །བྲག་རྒྱ་བོ་རྡོ་རྗེའི་ཕོ་བྲང་ཞེས། །སྔོན་དམ་པ་དུ་མས་ཆེར་བསྔགས་པའི། །གནས་འདི་ལ་བདག་གིས་ཅུང་ཟད་བསྟོད། །རི་མཐོ་ཞིང་བརྗིད་ཆགས་ལྷུན་པོ་འདྲ། །དེའི་ཤར་གྱི་མཐོན་པོའི་ངོས་དག་ན། །ཆོས་ཕུང་པོ་གྲངས་མེད་བརྩེགས་འདྲ་བའི། །བྲག་རྒྱ་ཆེར་མཐོ་ལ་ཤིན་ཏུ་མཛེས། །དེའི་སྟེང་དུ་མརྒད་མདོག་ཅན་གྱི། །དར་བཟང་པོའི་གུར་འདྲ་སྤང་གིས་བརྒྱན། །བྲག་དེ་ཡི་མཐོན་པོའི་དབུས་དག་ན། །བྲག་བླ་གབ་འདྲ་བའི་བྲག་སྐྱིབས་སུ། །རྡོ་དཀར་པོའི་གཡམ་སྤྱིལ་ཕུབ་པ་ནི། །རང་ཤོང་ཙམ་དུ་མ་བཀོད་པས་མཛེས། །དེའི་སྟེང་དང་གཡས་གཡོན་ངོས་དག་ན། །བྱ་རྒོད་པོའི་ཚང་གི་ཚོགས་རྣམས་ཀུན། །བློ་ཆགས་སྡང་བྲལ་བའི་ཁྱིམ་མཚེས་ཚུལ། །མདུན་མཐོན་པོའི་མཁའ་དབྱིངས་དབུས་དག་ན། །དུས་རྒྱུན་ཆད་མེད་པར་ལྡིང་སྐོར་བྱེ ད། །བྲག་དེ་ཡི་མདུན་གྱི་ས་ཕྱོགས་ལ། །ཤིང་ལྗོན་པ་སྣ་ཚོགས་འཁྲིགས་པ་ཡི། །ལྷའི་དགའ་ཚལ་ལྟ་བུའི་ནགས་ཀྱིས་མཛེས། །ནགས་དེ་ལ་འཁོར་བའི་བྱ་བྱེའུ་ནི། །དབྱིབས་འདབ་གཤོག་མི་གཅིག་དུ་མའི་ཚོགས། །གནས་དེ་རུ་བཞུགས་པའི་རྣལ་འབྱོར་ལ། །ཡིད་མོས་པའི་གླུ་དབྱངས་དི་རི་རི། །རི་དེ་ཡི་གཡས་གཡོན་མདུན་དག་ན། །དྲིས་དཔག་ཚད་ཁོར་ཡུག་ཁྱབ་པ་ཡི། །རིགས་མི་གཅིག་བསང་སྣ་དུ་མ་འཁྲིགས། །ནགས་ཚང་ཚིང་དེ་ཡི་ཁྲོད་དག་ན། ཁོང་གཉིས་སྐྱེས་ལྷ་བྱ་གོང་མོའི་ཚོགས། །ངག་སྙན་པའི་གླུ་དབྱངས་ཀྱུར་རུ་རུ། །གནས་དེ་ཡི་མདུན་གྱི་ཕྱོགས་དག་ན། །རྗེ་གཡུང་སྟོན་ཆེན་པོའི་སྒྲུབ་ཆུའི་རྒྱུན། །ནད་ཚ་གྲང་ཀུན་ལ་སྙོམས་པ་ཡི། །ལྷའི་བདུད་རྩི་ལྟ་བུའི་ཆབ་ཀྱི་རྒྱུན། །དུས་དབྱར་དགུན་སྐྱེ་བྲི་མི་བྱེད་པར། །གནས་དེ་ལ་ཡོད་ཆབ་འབུལ་བའི་ཚུལ། །དུས་རྒྱུན་ཆད་མེད་པར་ཁྲོལ་ལོ་ལོ། །གཡས་ཕྱོགས་ནས་མརྒད་མདོག་ཅན་གྱི། །དར་བཟང་པོའི་ཡོལ་བས་བསྐོར་འདྲ་བའི། །སྤང་ངོས་འཇམ་མཐོ་བས་ལེགས་པར་བསྐོ ར། །དེའི་ངོས་ལ་རི་དྭགས་དུ་མའི་ཚོགས། །ཉམས་དགའ་བའི་བང་རྩལ་ཤ་ར་ར། །གཡོན་ཕྱོགས་ནས་གཙང་ཆབ་སྔོན་མོ་ནི། །གནས་དེ་ལ་ཡོན་ཆབ་འབུལ་བའི་ཚུལ། །མདུན་ཕྱོགས་ནས་གཡས་ལ་འཁོར་རོ་རོ། །ཤར་ཕྱོགས་ཀྱི་མདུན་གྱི་ཡུལ་ཕྱོགས་ན། །ཐང་ཆེན་པོ་དཔག་ཚད་དུ་མའི་བར། །དབྱིབས་ཟླུམ་པོ་གསེར་གྱི་མཎྜལ་འདྲ། །དེའི་དབུས་ཀྱི་ལྟེ་བའི་ངོས་དག་ན། །གནས་ཆེན་པོ་གཙང་གི་ཕུང་པོ་རི། །དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ནི། ཁྱིམ་ཆེ་ཆུང་མི་འདྲ་དུ་མ་ནི། །གླིང་བཞི་དང་གླིང་ཕྲན་བརྒྱད་ཀྱི་ཚུལ། །ཐང་དེ་ཡི་མཐའ་དབུས་བར་བར་ན། །གཡུ་བཟང་པོ་ལ་སོགས་རིན་ཆེན་ལྔས། །སྤྲས་འདྲ་བའི་ནེའུ་གསིང་སྔོན་པོ་དང༌། །སའི་ཁ་དོག་སྔོ་དམར་སེར་པོ་སོགས། །མདངས་མ་འདྲེས་རང་རང་སོ་སོར་གསལ། །སྔོན་ཀུན་བཟང་སྨོན་ལམ་མཐུས་གྲུབ་པའི། །དབུས་ལྷུན་པོ་གླིང་བཞི་ཉི་ཟླ་དང༌། །ནོར་རིན་ཆེན་བདུན་སོགས་ལྷ་མི་ཡི། །དཔལ་ཕུན་ཚོགས་མ་ལུས་ཚང་གྱུར་པའི། །ངོ་མཚར་བའི་མཎྜལ་བཟང་པོ་འདི། ། གནས་འདི་རུ་བཞུགས་པའི་མཆོག་གསུམ་ལ། །དུས་བསྐལ་བརྒྱའི་བར་དུ་ཕུལ་ནས་གདའ། །ཨེ་མ་རང་བྱུང་གི་མཎྜལ་བཟང་པོ་འདི། །བདག་འདྲ་ཡི་སྤྲང་པོས་བློས་བསླངས་ཏེ། །དབེན་ས་པའི་བཀའ་རྒྱུད་མ་ལུས་དང༌། །བློ་བཟང་གི་ཡེ་ཤེས་མཆོག་ལ་འབུལ། །ཡིད་འོང་གི་གནས་མཆོག་འདི་ཉིད་དུ། །ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པའི། །འགལ་རྐྱེན་ལ་ཟུར་འགྲོས་མི་བྱེ ད་པར། །གང་འདོད་དུ་ཉལ་ནུས་བདག་ལ་སྩོལ། །སྤྲོས་བཅས་ཀྱི་བྱ་བ་མི་མང་བར། །སྤྲོས་མེད་ཀྱི་མལ་བདེ་གུ་ཡངས་སུ། ཉིན་མཚན་ལ་ངོ་ཤེས་མི་བྱེད་པར། །གང་འདོད་དུ་ཉམ་ནུས་བདག་ལ་སྩོལ། །གནས་ལུགས་ཀྱི་ངང་དུ་ཉལ་དུས་སུ། །འཁོར་འདས་ལ་རེ་དོགས་མི་བྱེད་པར། །མཐའ་བྲལ་གྱི་དབྱིངས་སུ་དབྱེར་མེད་པའི། །རོ་གཅིག་གི་ལམ་བཟང་བདག་ལ་སྩོལ། །ཀུན་བཟང་གི་མཛེས་མའི་ལང་ཚོ་དང༌། །རང་སེམས་ཀྱི་ཁྱེའུ་དབྱེ ར་མེད་དང༌། །འགྲོ་ཀུན་རྣམས་བརྩེ་བས་སྐྱོང་ནུས་པའི། །ཐབས་ཤེས་ཀྱི་ལམ་བཟང་བདག་ལ་སྩོལ། །རང་མལ་ནས་ལངས་པའི་གནས་སྐབས་དེར། །ཕྱི་ནང་གི་ཆོས་རྣམས་མ་ལུས་པ། །རྨི་ལམ་དང་སྒྱུ་མ་ངེས་ནུས་པའི། །གྲུབ་ཐོབ་ཀྱི་ལམ་བཟང་བདག་ལ་སྩོལ། །འཁོར་བ་འདི་མ་སྟོང་བར་དག་ཏུ། །སྐྱེ་འཆི་སོགས་འགྱུར་ལྡོ ག་མི་བྱེད་པའི། །འཇིག་མེད་ཀྱི་ལུས་སེམས་ངང་ཉིད་ནས། །འགྲོ་ཀུན་རྣམས་སྒྲོལ་ནུས་བདག་ལ་སྩོལ། །ཕ་རྒན་གྱི་ལམ་བཟང་བདག་ལ་སྩོལ། །བཀའ་རྒྱུད་ཀྱི་ལམ་བཟང་བདག་ལ་སྩོལ། །དབེན་པའི་ལམ་བཟང་བདག་ལ་སྩོལ། །སྤྲང་པོ་ཡི་སེམས་ལ་ཐག་ཆོད་སྩོལ། །ཅེས་གནས་བསྟོད་དང་ཐུགས་དམ་གྱི་ཉམས་རྟོགས་མཐོན་པོར་གྱུར་པའི་གསུང་མགུར་འདི་དག་ཕྱི་མའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བས་ཕྱག་བྲིས་སུ་འགོད་པར་མཛད་དོ། ། 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།