བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 10:51:10     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 77996044631369659.jpg

                    དེ་ལྟར་བླ་མ་བདག་ཉིད་ཆེན་པོ་འདི་ཐོས་པ་རྒྱ་མཚོའི་གཏེར་དུ་གྱུར་ནས་དོན་གཉེར་ཅན་གྱི་བློ་གསལ་བ་མང་པོ་ལའང་རྩི་ཤག་གཏོང་བ་དང་རིགས་ལམ་སློབ་པ་སོགས་ཀྱང་མཛད་དགོས་པ་བྱུང་ཞིང༌། དེ་དག་གི་ཚེ་ཐུགས་བསམ་ལ་འདི་ལྟ་བུ་དག་འཁྲུངས་པར་གྱུར་ཏེ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་དབེན་པར་སྒྲུབ་པ་སྙིང་པོར་བྱེད་པ་ལ་རྒྱ་ཆེར་བསྔགས་ཤིང༌། སྔོན་བྱོན་དམ་པ་ཐམས་ཅད་ཀྱིས་ཀྱང་ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ་སྒྲུབ་པ་མཛད་པ་ཤ་སྟག་ཡིན་པས། བདག་ཀྱང་ཐོས་པའི་དོན་རྣམས་ལ་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་མ་བྱུང་ན་ཐོས་པ་ཙམ་གྱིས་ཉོན་མོངས་འཇོམས་མི་ནུས་ཤིང༌། གོང་མའི་ཡོན་ཏན་ཁྱད་པར་ཅན་རྣམས་མི་ཐོབ་པས་དལ་འབྱོར་གྱི་རྟེན་བཟང་པོ་འདི་འདྲ་ཐོབ་ནས་སྙིང་པོ་མ་ལོན་པར་ཤི་ན་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ་དོན་མ་གྲུབ་པར་སྟོར་བ་དང་ཁྱད་མེད་པས་ཤིན་ཏུ་ཕངས་སོ་སྙམ་དུ་ངེས་འབྱུང་དྲག་པོས་བསྐུལ་ནས་ཚེ་འདི་བློས་བཏང་སྟེ་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་པའི་ཐུགས་འདུན་ནར་མར་ཡོད་པའི་ཐོག །དེ་སྐབས་ཐོས་བསམ་གླིང་ཞལ་སྔ་ནས་དམ་ཆོས་རྒྱལ་མཚན་ཟུར་བཞུགས་མཛད་ནས། རྗེ་ཞལ་སྔ་ནས་དཔལ་ལྡན་ཡེ་ཤེས་ཁྲི་ཐོག་ན་ཕེབས་ཡོད་པ་དེས་ཐུགས་གཙིགས་ཤིན་ཏུ་ཆེ་བས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་ཤིང༌། ལྷག་པར་བླ་མ་འདི་ལུགས་གཉིས་ཀ་ལ་མཁྱེན་པ་ཆེ་ཞིང་ཐུགས་ཀྱི་གཏིང་དཔགས་པར་དཀའ་བ་ཞིག་ཡོད་པའི་སྟབས་ཀྱིས། རྗེ་ཞལ་སྔ་ནས་ཀྱིས་ལུགས་གཉིས་ཀྱི་བྱ་བྱེད་གང་ལའང་ཡང་ཡང་བོད་པར་མཛད་པས་ཐུགས་དམ་ལ་གནོད་པར་གྱུར་ནས་ཐུགས་ཤིན་ཏུ་སུན་པར་བྱུང་ཞིང༌། དེའི་ཁར་མི་ཆོས་ཀྱི་སྐུ་མཆེད་དང་སྐུ་ཚ་རྣམས་ཀྱང་ཡང་ཡང་ཤིང་འཚོང་ལ་ཡོང་པས་ཐུགས་གཏིང་ནས་སུན་ཏེ། ཀྱེ་མ་བདག་རབ་ཏུ་བྱུང་ནས་ཁྱིམ་པ་དང་བསྲེ་བསླད་འདི་ལྟར་ཆེ་བ་ནི་ཤིན་ཏུ་མ་ལེགས་པས། ད་ནི་ངེས་པར་ཡུལ་ཐག་རིང་ཞིག་ཏུ་འགྲོ་བར་བྱའོ་སྙམ་དུ་དགོངས་ནས་དབུས་ཕྱོགས་སུ་འབྱོན་པའི་ཟླ་གྲོགས་བཙལ་ཞིང༌། ཉིད་ཀྱི་ཞབས་ཕྱི་དྲུང་རམ་པ་བློ་བཟང་རབ་བརྟན་ལ་ཡོ་བྱད་རྣམས་འབོགས་པ་དང་འདི་ལྟར་གྱིས་ཞལ་ཏ་ཡང་གནང༌། སོག་བཙུན་དགེ་ཕྲུག་མང་དུ་ཡོད་པ་རྣམས་ལ་ཡང་སོ་སོར་ཞལ་ཏ་གནང་ནས་རྗེ་ཞལ་སྔ་ནས་དཔལ་ལྡན་ཡེ་ཤེས་ལ་དགོངས་པ་ནན་གྱིས་ཞུས་ཏེ་ཚེ་འདི་སྣང་གི་གཉེན་ཉེ་གྲོགས་གྲྭ་སློབ་མཆེད་གྲོགས་ནོར་ལོངས་སྤྱོད་རང་ཡུལ་གྲྭ་ས་དང་བཅས་པ་གང་ལ་ཡང་ཆགས་ཞེན་མེད་པར་ཟླ་གྲོགས་ཇོ་སྟན་པ་ཞིག་དང་བསྡེབས་ནས་དབུས་ཕྱོགས་ལ་ཕེབས་སོ། །རིམ་གྱིས་བྱོན་པས་ཆོས་འཁོར་ལྷ་སར་ཕེབས་ཏེ་ཇོ་བོ་ཤཱཀྱ་མུ་ནེ་དང་འཕགས་མཆོག་རང་བྱུང་ལྔ་ལྡན་སོགས་མཇལ་ནས་ཅི་འབྱོར་པའི་མཆོད་པ་ཕུལ་ཏེ་སྨོན་ལམ་མང་དུ་འདེབས་པར་མཛད་ཅིང་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཐུགས་བསྐྱེད་ཀྱང་མཛད་སྣང་ངོ༌། །དེ་མཐུན་ར་མོ་ཆེའི་ཇོ་བོར་ཡང་ཕྱག་དང་སྐོར་བ་སྨོན་ལམ་སོགས་མང་དུ་མཛད། གནས་ཆེན་པོ་ཏ་ལར་ཕེབས་ནས་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞལ་མཇལ་ཞིང༌། མཆོད་མཇལ་ཡང་ཞིབ་ཏུ་མཛད།

                  དེ་ནས་གྲུབ་པའི་གནས་མཆོག་ཕ་བོང་ཁར་ཕེབས་ནས་གནས་འབྲེལ་མཛད་ཅིང་དེའི་བླ་མ་ལ་ཆོས་འབྲེལ་ཞིག་ཀྱང་ཞུ་བར་མཛད། དེ་ནས་བཀྲ་ཤིས་ཆོས་གླིང་དུ་ཕེབས་ནས་གནས་འབྲེལ་དང་ཆོས་འབྲེལ་སོགས་མཛད། དེ་ནས་ཕུར་བུ་ལྕོག་ཏུ་ཕེབས་ནས་རྗེ་གྲུབ་པའི་དབང་ཕྱུག་དགེ་ལེགས་རྒྱ་མཚོའི་ཞལ་དཀྱིལ་མཇལ་ཞིང་བྱིན་རླབས་ཞུས། དམ་པའི་ཆོས་མང་དུ་གནང་དགོས་པའི་གསོལ་བ་བཏབ་པའི་ཚེ། དགྱེས་བཞིན་ཞལ་གྱིས་བཞེས་ནས་གཅོད་སྟན་ཐོག་གཅིག་མའི་ཟབ་ཁྲིད་དང་དཔའ་བོ་གཡུལ་འཇུག་མའི་ཁྲིད་གནང་བ་ལེགས་པར་གསན། གཞན་ཡང་འཕོ་བའི་རྣམ་གྲངས་མང་པོ་དང་བཅུད་ལེན་གྱི་སྐོར། བླ་མའི་རྣལ་འབྱོར་སོགས་ཆོས་མང་དུ་གསན། དེ་ནས་མཁར་རྡོར་ཕེབས་ནས་རྗེ་བཟོད་པ་རྒྱ་མཚོ་མཇལ་ཞིང་ཆོས་འབྲེལ་ཡང་ཁ་ཤས་གསན། དེ་གར་ཟླ་བ་ལྷག་ཙམ་བཞུགས་ནས་སྒྲུབ་པ་ལ་བརྩོན་པར་མཛད་ཅིང༌། གཙོ་ཆེར་དེར་བཞུགས་རིང་བཅུད་ལེན་སྦྱོང་བར་མཛད་དོ། །དེ་ནས་རིམ་གྱིས་ཡེར་པ་དང་གསང་སྔགས་མཁར་སོགས་ལམ་བར་གྱི་གནས་རྣམས་མཇལ་ཞིང་རི་བོ་དགེ་ལྡན་དུ་ཕེབས་ནས་གསེར་གདུང་རིན་པོ་ཆེའི་སྐུ་མདུན་དུ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་ཕུལ་ཏེ་འདི་ཕྱིར་དགེ་བའི་སྨོན་ལམ་ཁོ་ཐག་ཆོད་པ་འདེབས་པར་མཛད་ཅིང་ཞབས་སྐོར་ཡང་མང་དུ་གནང༌། དེ་ནས་རིམ་གྱིས་བཀའ་གདམས་གོང་མའི་གནས་རྣམས་མཇལ་ཞིང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་ཕུལ་ནས་སྨོན་ལམ་འདེབས་པར་མཛད་ཅིང་ཞབས་སྐོར་ཡང་མང་དུ་གནང༌། གནས་དེ་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་ཤིན་ཏུ་བག་ཕེབས་ཤིང་ཉམས་དགའ་བ་དང༌། ཇོ་བོ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཡིན་པ་དང༌། རྗེ་ཐམས་ཅད་མཁྱེན་པས་ཀྱང་བྱིན་གྱིས་བརླབས་པའི་གནས་ཡིན་པས་གནས་དེར་སྒྲུབ་པ་མཛད་པ་ལ་ཐུགས་སྤྲོ་བར་གྱུར་ནས་རྭ་སྒྲེང་ཡང་དགོན་གྱི་བྲག་སེང་གེའི་ཞོལ་ཞེས་བྱ་བ་སྔོན་རྗེ་ཐམས་ཅད་མཁྱེན་པས་ཡུན་རིང་བཞུགས་ཤིང་ལམ་རིམ་ཆེན་མོ་རྩོམ་པ་སོགས་མཛད་པའི་གནས་བྱིན་རླབས་ཅན་དེར་ཐུགས་ཕབ་ནས་གཅིག་པུ་གཉིས་སུ་མེད་པར་སྒྲུབ་པ་ལ་བརྩོན་པར་བཞུགས་སོ། །

                    དེའི་ཚེ་འཚོ་ཆས་ཤིན་ཏུ་བཀྲེན་པ་ཡོད་ཀྱང་ནང་དུ་ཉམས་ལེན་ལ་བོགས་ཤིན་ཏུ་ཆེ་བ་བྱུང་སྟེ། དེ་ཡང་བླ་མ་ཉིད་ཀྱི་ཞལ་ནས། དེ་སྐབས་ང་ལ་ཡོ་བྱད་གཞན་ཤིན་ཏུ་དཀོན་པ་ཡོད་ཀྱང༌། སྐུ་ཞབས་རིན་པོ་ཆེ་ནས་གསོལ་རས་སུ་གནང་བའི་བཟང་ཇ་ཅུང་ཟད་ཅིག་ཡོད་པར་ཇ་དང་ཚྭ་གཉིས་མང་ཉུང་མཉམ་པར་བཏགས་ནས་སྐོལ་བ་ཕོར་པ་གང་རེ་དོ་རེ་འཐུང་གིན་ཡོད་པ་ཡིན་ཏེ་ཤིན་ཏུ་ཞིམ་པ་རིག་པ་དྭངས་ཤིང་དགེ་སྦྱོར་ལ་ཡང་སྐྱེད་ཆེ་བར་བྱུང༌། དེ་བླ་མའི་བྱིན་རླབས་ཤིག་གིས་ཡིན་པ་འདྲ་ཞེས་གསུངས་སོ། །དེ་ནས་གནས་དེར་ཡུན་རིང་སོང་བ་ན་བཞུགས་ལུགས་དང་མཛད་པ་བཟང་པོ་གཞན་དང་མ་འདྲ་བའི་སྟབས་ཀྱིས་ཡང་དགོན་རི་ཁྲོད་དུ་བཞུགས་པ་རྣམས་ཀྱིས་དད་གུས་ཆེན་པོ་བྱས་ཤིང༌། རིམ་གྱིས་རྭ་སྒྲེང་ཕྱོགས་ཀྱི་བྱང་འབྲོག་རྣམས་ཀྱིས་དད་གུས་ཆེན་པོས་འཚོ་བའི་མཐུན་རྐྱེན་འབུལ་མི་ཡང་མང་དུ་བྱུང་བ་ན་ཐུགས་ལ་ད་ཕྱོགས་འདིར་ཡང་ཡུན་རིང་ན་འདོད་ཡོན་གྱི་དབང་དུ་འགྲོ་བ་འདུག་ཅིང༌། དེ་ལྟར་ན་རང་ཡུལ་གྲྭ་ས་དང་བཅས་པ་བློས་བཏང་ནས་གཞན་གྱི་ཡུལ་དུ་རྣམ་གཡེང་འཕེལ་བ་ནི། མཁས་གྲུབ་རིན་པོ་ཆེས། རང་ཡུལ་ཉེ་དུ་ལོངས་སྤྱོད་ཀུན་བོར་ནས། །རྩེ་གཅིག་དམ་ཆོས་སྒྲུབ་པར་དམ་བཅས་ཏེ། །གཞན་གྱི་ཡུལ་དུ་རྣམ་གཡེང་འདུ་འཛི་ཡིས། །དལ་འབྱོ ར་དོན་མེད་བྱེ ད་པ་སྨྱོན་པ་ཡིན། །ཞེས་གསུངས་པ་ལྟར། ཤིན་ཏུ་མི་ལེགས་པས་ད་ནི་དབེན་གནས་གཞན་ཞིག་ཏུ་འགྲོ་དགོས་སྙམ་དུ་དགོས་པ་ན། རྩྭ་རིར་འབྱོ ན་པར་བཞེད་ནས་ཟླ་གྲོགས་སྲད་པ་བློ་བཟང་ནོར་བུ་དང་བསྡེབས་ནས་རྩྭ་རིའི་གནས་ལ་ཕེབས། རིམ་གྱིས་ཀོང་པོའི་ཡུལ་ལ་བསོད་སྙོམས་མཛད་ཅིང་རྩྭ་རིར་བྱོན་ནས་གནས་མཇལ་དང་སྨོན་ལམ་མཛད། དེའི་ཚེ་ཡུལ་དེའི་མི་རྣམས་མཐུན་བསྡེབས་ཀྱིས་གནས་མཇལ་དུ་ཡོང་ནས་གནས་རྣམས་སུ་གླུ་གཞས་ཀྱི་མཆོད་པ་བྱེད་པའི་སྲོལ་ཡོད་འདུག་པ། དེ་སྐབས་བླ་མ་ཉིད་གཅོད་ཀྱི་ཉམས་ལེན་ལ་ཤིན་ཏུ་འགྲུས་པར་མཛད་པའི་སྐབས་ཡིན་པས་གནས་རྣམས་སུ་གཅོད་ཀྱི་ཉམས་ལེན་མཛད་ཅིང་ཉམས་དབྱངས་མང་པོ་འཐེན་པར་མཛད་པའི་ཚེ། གསུང་ཚངས་པའི་དབྱངས་ལྟར་སྙན་ཞིང་གང་གི་རྣ་བའི་ལམ་དུ་སོང་བ་ཐམས་ཅད་ཡིད་གཏིང་ནས་འགྱུར་བ་ཞིག་ཡོད་པའི་སྟོབས་ཀྱིས། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་གསུང་གི་གདངས་ཐོས་པའི་མོད་ལ་གཙང་པ་དགེ་སློང་གི་མགུར་མ་ཉན་དུ་འགྲོ་ཞེས་རང་རང་གི་གླུ་དང་གཞས་བྱེད་འཕྲོ་བཏང་སྟེ་བླ་མ་ཉིད་ཀྱི་ཉེ་སྐོར་དུ་ཐམས་ཅད་འདུས་པ་ཡང་བྱུང་འདུག་གོ །

                  གནས་གཟིགས་ལ་འབྱོན་པའི་ལམ་འཕྲང་ཞིག་ཏུ་འབྲས་སྤུངས་ཀྱི་གྲྭ་པ་མཚན་ཉིད་ལ་མཁས་པར་གྲགས་པ་འབྱོར་པ་ཅན་ཞིག་བྲག་འཕྲང་ཞིག་ལ་གཡང་དུ་ལྷུང་བར་ཕྱོགས་པ་ན། མི་འདི་དང་འདི་ལ་ངའི་ནོར་འདི་ཡོད་དོ་ཞེས་ནོར་ལ་ཆགས་པའི་ཆོ་ངེ་ཆེན་པོ་འདོན་པ་ཞིག་གཟིགས་པས། སྤྱིར་འཁོར་བའི་ཆོས་གང་ལའང་སྙིང་པོ་མེད་པ་དང༌། ལྷག་པར་ཟང་ཟིང་གི་ནོར་ལ་ཆགས་པ་ནི་འདི་ལྟར་ཕུང་བར་བྱེད་པའོ་སྙམ་དུ་ཐུགས་ལ་སྐྱོ་ཤས་ཤིན་ཏུ་ཆེ་བ་འཁྲུངས་ཤིང༌། དེས་རྐྱེན་བྱས་ནས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་སོགས་ཉམས་རྟོགས་རྣམས་ཆེས་ཆེར་འཕེལ་བར་གྱུར། དུས་ཕྱིས་ཀྱང་དེ་སྐབས་གྲྭ་པ་དེའི་ངང་ཚུལ་མཐོང་བ་དེ་ལས་སེམས་ལ་ཕན་པ་མ་བྱུང་ཞེས་ཡང་ཡང་གསུང་ངོ༌། །རྩྭ་རིའི་གནས་གཟིགས་གྲུབ་ནས་རིམ་གྱིས་འོལ་ཁ་དང་འཕྱོང་རྒྱས་ཕྱོགས་སུ་བྱོན་ནས། ཡབ་རྗེ་ཐམས་ཅད་མཁྱེན་པ་འཁོར་དག་པ་རྣམ་བརྒྱད་དང་བཅས་པས་ཕྱོགས་དེར་ཞབས་ཀྱིས་བཅགས་ནས་སྒྲུབ་པ་མཛད་པ་དང༌། རྗེ་བླ་མས་རྗེ་བཙུན་འཇམ་དབྱངས་ལ་སོགས་པ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ་དང༌།ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པའི་གནས་དེ་དང་དེ་དག་ཏུ་རིམ་གྱིས་ཕེབས་ཏེ་མཎྜལ་ཕུལ་ནས་སྨོན་ལམ་མང་དུ་འདེབས་པར་མཛད། ལྷག་པར་རྫིང་ཕྱིའི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་སྨོན་ལམ་ཤུགས་དྲག་ཏུ་འདེབས་པར་མཛད། 

                                                                                                                           རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།