བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 10:44:44     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 66732692925757264.jpg

                    དེ་ནས་ལམ་གྱི་རིམ་པའི་རྒྱབ་ཆོས་སམ་ཁུངས་མཐར་ཐུག་པ་བརྒྱད་སྟོང་པའི་ལུང་ཡང་ལེགས་པར་ཞུས། གཞན་ཡང་ཐོག་མའི་བློ་སྦྱོང༌།སྤྱན་སྔ་བའི་ལམ་རིམ་གཞན་ཕན་སྙིང་པོ། བསླབ་པ་ཀུན་ལས་བཏུས། སྤྱོད་འཇུག །བྱང་ས། མདོ་སྡེ་རྒྱན། ཚོམས། སྐྱེས་རབས་སོ་བཞི་པ། དབུ་མ་རྩ་བ་ཤེས་རབ། དཔེ་ཆོས་རིན་ཆེན་སྤུངས་པ་ལྕེ་སྒོམ་པས་སྡེབས་པ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྗེ་མི་ལའི་རྣམ་ཐར་མགུར་འབུམ། བློ་སྤྱོང་དཔལ་ཡེ་མ། རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ལམ་རིམ་ཆེ་བ། ལམ་རིམ་ཆུང་བ། རྗེའི་གསུང་ཐོར་བུ། རྣམ་བཤད་དགོངས་པ་རབ་གསལ། སྔགས་རིམ་ཆེན་མོ། རྗེ་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་རྣམ་བཤད་ཉི་མའི་འོད་ཟེར། རྗེ་བློ་བཟང་འཕྲིན་ལས་རང་ཉིད་ཀྱིས་མཛད་པའི་རྟེ ན་འབྲེལ་གྱི་ཆོས་སྐོར། དེས་མཛད་པའི་ལམ་རིམ་གྱི་ཁྲིད་གཞན་ཕན་སྙིང་པོ། རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་ལམ་གཙོའི་འགྲེལ་པ་དང་མཆན་བུ་གཉིས་སོགས་ཀྱི་ལུང་དང༌། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཆོས་བཀའ་དཔག་ཏུ་མེད་པ་གསན་ནོ། །དེ་ནས་བཀའ་གདམས་གོང་མའི་ལྐོག་ཆོས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་བློ་སྦྱོང་དོན་བདུན་མའི་སྐོར་རྣམས་གསན་པར་བཞེད་ནས་ནུ་མ་ཆོས་ལུང་དུ་ཕེབས་ནས་གྲུབ་པའི་དབང་ཕྱུག་ཆོས་རྒྱ་མཚོ་བ་ལ་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པའི་ཡིག་ཆའི་སྟེང་ནས་ལེགས་བར་གསན། གཞན་ཡང་བླ་མ་འདིའི་དྲུང་དུ་ཆོས་མང་དུ་གསན་ཏོ། །

                   དེ་ནས་རི་ཁྲོད་འཛིན་པའི་བཤེས་གཉེན་དམ་པ་བློ་བཟང་ཚེ་དབང་གི་ཞབས་དྲུང་དུ་རྒྱལ་བ་དབེན་ས་པའི་བཀའ་འབུམ་སོགས་ཆོས་མང་དུ་གསན་དེ་ནས་འདུལ་འཛིན་སྟོབས་ལྡན་རྒྱ་མཚོའི་དྲུང་དུ་བློ་སྦྱོང་ལེགས་བཤད་ཀུན་འདུས་སོགས་ཆོས་མང་དུ་གསན། དེ་ནས་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་གྱི་ཞབས་དྲུང་དུ་བཅུ་གཅིག་ཞལ་གྱི་དབང་ཆེན་སོགས་ཆོས་མང་དུ་གསན། དེ་ནས་བླ་མ་ཉིད་དགུང་ལོ་ཉི་ཤུ་རྩ་དགུ་ལ་བབ་པ་ན་དབེན་གནས་བྱང་ཆེན་དུ་དྲིན་ཅན་རྩ་བའི་བླ་མ་ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ཏེ། སྨྱུང་བར་གནས་པའི་སྡོམ་པའི་བཀའ་དྲིན་ཞུས་ཏེ་ས་ཕོ་སྟག་གི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བདུན་ལ་སྦྱོར་བ་དང༌། བརྒྱད་ལ་དངོས་བཞིའི་གསོ་སྦྱོང་གི་སྡོམ་པ་བཞེས་པ་མཛད་ཅིང༌། སྨྱུང་གནས་ཀྱི་ཆོ་ག་ཕྱག་ལེན་སོགས་མཐའ་དག་ཞིབ་པར་གསན་ནས། ཕྱིས་སྐུ་ན་མཐོན་པོར་གྱུར་པ་ན་ཡང་སྨྱུང་གནས་ལ་ཐུགས་བརྩོན་ཆེར་མཛད་ཀྱིན་ཡོད་པ་ནི། སྤྱིར་བསག་སྦྱངས་ལ་ཤིན་ཏུ་གལ་ཆེ་བ་ཡིན་པ་དང༌། ལྷག་པར་ཞབས་དྲུང་རིན་པོ་ཆེ་ནས་ཐོབ་པས་བྱིན་རླབས་ཀྱི་ཚན་ཀ་ཆེ་བ་ལ་དགོངས་པ་ཡིན་ནམ་སྙམ་མོ། །དེ་ནས་སྔར་ལྟར་གཞུང་ལུགས་རྣམས་ལ་སྦྱོང་བའི་མུ་ནས་ནང་དུ་ཉམས་ལེན་ལ་གཞོལ་བར་མཛད་ཅིང༌། ལྷག་པར་བདག་འཛིན་འདུལ་བའི་མན་ངག་ཤིན་ཏུ་ཟབ་པ་མ་ཅིག་གི་གཅོད་སྐོར་ལ་ཐུགས་བཞེད་ཆེ་བར་གྱུར་ཏེ། རྗེ་ཞལ་སྔ་ནས་བློ་བཟང་རིག་གྲོལ་ལ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་གཅོད་ཀྱི་གདམས་པ་གསན་ཞིང༌། བྱ་བཏང་འཕྲིན་ལས་ཆོས་འཕེལ་ལ་ཡང་ནམ་མཁའ་སྒོ་འབྱེ ད་ཀྱི་དབང་དང༌། གཅོད་ཀྱི་དམིགས་སྐོ ར་རྣམས་མཐར་ཕྱིན་པར་གསན་ནས་མངོན་ཆུང་གི་སྒོ་ནས་ཐུགས་ཉམས་སུ་བཞེས། བྱང་ཆུབ་ལམ་གྱི་རིམ་པ་དང་གཅོད་གཉིས་ཟུང་དུ་སྦྲེལ་ནས་ཉམས་ལེན་ལ་ཤིན་ཏུ་འགྲུས་པར་མཛད་པས་གཅོད་ཀྱི་ལྷོངས་མང་དུ་བྱུང་ཞིང༌། ལྷག་པར་དགོང་གཅིག་སྲོད་ཀྱི་ཆ་ལ་གཅོད་ཀྱི་དམིགས་སྐོར་ལ་གནད་དུ་བསྣུན་པའི་ཚེ་གློ་བུར་དུ་འབྲུག་སྒྲ་དྲག་པོ་བསྒྲོགས་ཤིང་ཐོག་ཉེ་སྐོར་དུ་བབས་པས་མི་དང་བོང་བུ་མང་པོ་བརྒྱལ་བ་དང༌། ལྷག་པར་གྲང་མོ་ཆེ་པའི་གྲ་པ་གཅིག་ཐོག་གཟེར་གྱིས་གཤེགས་པ་བྱུང་ཡང་ཉིད་ལ་ནི་གནོད་པ་གང་ཡང་མ་བྱུང་ཞེས་བླ་མ་ཉིད་ཀྱི་ཞལ་ལས་དངོས་སུ་ཐོས་སོ། །

                    དེ་ནས་མེ་ཕོ་ཁྱིའི་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་གྱི་ཉིན་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་ལྷར་བཅས་འགྲོ་བའི་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཁན་སློབ་སྦྲགས་མ་དང༌། ཁ་སྐོང་བའི་དགེ་འདུན་གྲངས་ཚང་བ་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་སོ། །བསྙེན་རྫོགས་བཞེས་ནས་དགེ་སློང་གི་བཅས་མཚམས་ཐམས་ཅད་ཕྲ་ཞིང་ཞིབ་པར་བསྲུང་བར་མཛད་དེ། ལྟུང་བ་སྡེ་ལྔ་སོ་སོའི་སྲུང་མཚམས་ལེགས་པར་ཟིན་པར་མཛད། འཚོ་བའི་ཡོ་བྱད་དང་མཁོ་བའི་ཡོ་བྱད་འཆང་ལུགས། བྱིན་ལེགས་བྱ་ཚུལ། ནུབ་ལྷག་གཅོད་པ། རུང་ཆུ་འདེབས་པ་སོགས་འདུལ་བའི་བཅས་མཚམས་ཕྲ་མོ་ཞིག་ཡན་ཆད་ཐམས་ཅད་ཕྱག་ལེན་ལ་ཅི་ཐེབས་མཛད་ཅིང༌། ཅུང་ཟད་འདས་ན་ཡང་དེ་མ་ཐག་ཕྱི ར་བཅོས་པའི་ཐབས་ལ་བརྩོན་པར་མཛད་དོ། །དེ་ལྟར་གཞུང་ལུགས་ཆེན་མོ་རྣམས་ལ་སྦྱངས་ཤིང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པར་མཛད་པས། ལམ་ཐུན་མོང་བའི་སྟེང་དུ་གསང་སྔགས་ཀྱི་ལམ་གྱི་བསྣོན་པ་བཏབ་ནས་ཚེ་གཅིག་ཉིད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པར་གཟིགས་ནས་གསང་སྔགས་ལ་འཇུག་འདོད་ཤུགས་དྲག་པོ་ཐུགས་ལ་འཁྲུངས་པ་ན། གསང་སྔགས་ཀྱི་ལམ་གྱི་རྩ་བ་དང་འཇུག་སྒོ་ནི་དབང་དང་དམ་ཚིག་ཡིན་པར་གཟིགས་ནས་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་ཞབས་དྲུང་དུ་དཔལ་གསང་བ་འདུས་པའི་དབང་བཞི་ཡོངས་སུ་རྫོགས་པ། འཁོར་ལོ་སྡོམ་པའི་དབང་བཞི་ཡོངས་སུ་རྫོགས་པ། རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ། མི་འཁྲུགས་པའི་དབང་ཆེན། ཚེ་དཔག་མེད་ལྷ་དགུའི་དབང་རྣམས་གསན་ཞིང༌། གཞན་ཡང་རྒྱུད་སྡེ་བཞིའི་ལྷ་མང་པོའི་རྗེས་གནང་དང་བཟླས་ལུང༌། སྒྲུབ་ཐབས་མང་པོའི་ལུང་བཅས་ཆོས་བཀའ་མཐའ་ཡས་པ་གསན་པས་ཞབས་དྲུང་རིན་པོ་ཆེ་དང༌། རྗེ་འདི་གཉིས་ནི་རྩ་བའི་བླ་མ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། །

                    དེ་ནས་རྗེ་ཞལ་སྔ་ནས་བློ་བཟང་རིག་གྲོལ་ལ་བདེ་མཆོག་གི་དབང་ཆེན། འཇིགས་བྱེད་ཀྱི་སྔགས་བཏུ། འཇམ་དབྱངས་ནག་པོའི་རྗེས་གནང༌། གདུགས་དཀར་གྱི་དབང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་དབང་དང་རྗེས་གནང་མང་དུ་གསན། ལྷག་པར་གསང་སྔགས་ཀྱི་ལམ་རིམ་པ་གཉིས་ཀྱི་དམར་ཁྲིད་གནང་དགོས་ཚུལ་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་གཉིས་ཀའི་ཟབ་ཁྲིད་རྒྱལ་བ་དབེན་ས་པ་ནས་བརྒྱུད་པའི་འཕོ་བ་ཤིན་ཏུ་ཟབ་པའི་ཁྲིད། ལམ་གྱི་ལུས་རྫོགས་པའི་བླ་མའི་རྣལ་འབྱོར་གྱི་ཟབ་ཁྲིད་རྣམས་ལེགས་པར་གསན་ཞིང་དམིགས་སྐོར་གྱི་གནད། ཐམས་ཅད་ལ་ཤིན་ཏུ་ཞིབ་པར་དཔྱད་ནས་གཅིག་པུར་སྒྲུབ་པ་མཛད་པའི་ཚེ་གཞན་ལ་འདྲི་མི་དགོས་པའི་གདེང་ཐོབ་པར་མཛད་དོ། །དེ་ནས་རྡོ་རྗེ་འཛིན་པ་ལྷུན་གྲུབ་རྒྱ་མཚོའི་ཞབས་དྲུང་དུ། འཇིགས་བྱེད་ཀྱི་དབང་ཆེན། འཇམ་དབྱངས་བཞད་པས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རྫོགས་གཉིས་ཀྱི་ལུང༌། དབྱངས་ཅན་མའི་སྒྲུབ་ཐབས། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆེན། འོད་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་སོགས་ཆོས་བཀའ་མཐའ་ཡས་པ་གསན་ཏོ། །དེ་ནས་བཤེས་གཉེན་དམ་པ་བློ་བཟང་ཚེ་དབང་གི་ཞབས་དྲུང་དུ་བདེ་མཆོག་བདེ་ཆེན་གསལ་བ། གསང་འདུས་ཡིག་ཆུང་ཉེར་གཅིག་མཁས་གྲུབ་རིན་པོ་ཆེའི་བཀའ་འབུམ་ཐོར་བུ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། བདེ་ཆེན་རོལ་མཚོ། མགོན་པོའི་བེའུ་ཡོངས་རྫོགས། སྐྱིད་ཤོད་བཀའ་འབུམ་གྲས་ནས་རྗེས་གནང་གི་སྐོར་ཁ་ཤས། སངས་རྒྱས་བཀའ་འབུམ། རྗེ་གོང་མའི་གསུང་འབུམ་བཀའ་རྒྱ་མའི་སྐོར། ཆོས་སྐྱོང་ཡོངས་རྫོགས་ཀྱི་བསྐང་གསོའི་སྐོར། མདོ་ཕྲན་ཁ་ཤས་བཅས་ཀྱི་ལུང༌། འཇིགས་བྱེ ད་ཀྱི་བསྐྱེད་རྫོགས་ཀྱི་སྐོར། གཅོད་གཞུང་གི་ཁྲིད། ལམ་རིམ་གྱི་ཁྲིད་དང་ལུང༌། བླ་མ་མཆོད་པའི་ཁྲིད། ཕྱག་ཆེན་གྱི་ཁྲིད། སྤྱོ ད་འཇུག་དར་ཊཱིཀ་གི་ལུང༌། སྟོང་མཐུན་བསྐལ་བཟང་མིག་འབྱེད་ཀྱི་ལུང༌། པོ་ཏོ་བའི་ཚིག་ལབ་རིང་མོའི་ལུང༌། བཅུད་ལེན་གྱི་སྐོར་རྣམ་གྲངས་མང་པོ་དང༌། སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་མང་པོའི་ལུང་དང་ལག་ཁྲིད་བཅས་ཆོས་བཀའ་མཐའ་ཡས་པ་གསན་ཏོ། །ཡང་སྒྲུབ་དབང་ཆོས་རྒྱ་མཚོའི་ཞབས་དྲུང་དུ་བཀའ་གདམས་བེའུ་བུམ་སྔོན་པོའི་ལུང༌། ཕྱག་ཆེན་གྱི་ཁྲིད། བློ་སྦྱོང་ལམ་རིམ་གྱི་སྐོར་སོགས་ཆོས་བཀའ་མཐའ་ཡས་པ་གསན། དེ་ནས་འདུལ་འཛིན་དཀོན་མཆོག་གི་ཞབས་དྲུང་དུ་ཕྱག་ཆེན་གྱི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། བློ་སྦྱོང་གི་དམར་ཁྲིད་སོགས་ཆོས་བཀའ་མང་དུ་གསན། དེ་ནས་དབེན་ས་ཆོས་ཀྱི་ཕོ་བྲང་དུ་རབ་འབྱམས་སྨྲ་བ་རྗེ་དྲུང་ལགས་ཀྱི་ཞབས་དྲུང་དུ་ཕེབས་ནས་ཆོས་འབྲེལ་ཞིག་མཛད། བྱ་བཏང་འཕྲིན་ལས་ཆོས་འཕེལ་གྱི་ཞབས་དྲུང་དུ་ཕེབས་ནས་རྒྱལ་སྲས་བཀའ་འབུམ། བཀའ་གདམས་ཐོར་བུ། གཞི་གསུམ་ཆོ་ག །དཔལ་གསང་བ་འདུས་པའི་རྩ་རྒྱུད་ཡོངས་རྫོགས། དཔལ་གསང་བ་འདུས་པའི་ཆོ་ག་ཆ་ལག་དང་བཅས་པ་ཚང་མ། མདོ་མང་གི་ནང་ནས་ལུང་རྒྱུན་མ་བཞུགས་པ་ཁ་ཤས་མ་གཏོགས་ཡོངས་རྫོགས་ཀྱི་ལུང་སོགས་མདོ་སྔགས་ཀྱི་ལུང་མཐའ་ཡས་པ་གསན་ཞིང༌། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་སྔོན་འགྲོའི་མན་ངག་ཞལ་ཤེས་དང་བཅས་པ། གཅོད་གཞུང་ཐར་འདོད་དེད་དཔོན་མའི་ཟབ་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ་ལེགས་པར་གསན་པས་བླ་མ་འདི་བཀའ་དྲིན་ཆེ་བ་ཞིག་ཏུ་མཛད་དོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།