བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 10:37:47     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 25570356060775323.jpg

                    དེ་ནས་གཞུང་ལུགས་ཆེན་མོ་གཞན་རྣམས་ལའང་རིམ་གྱིས་སྦྱོང་བར་མཛད་དེ། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་རྣམས་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་རྗེ་བཙུན་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་དང༌། དེའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་གཉིས་སྦྱར་ནས་ཕར་ཕྱིན་གྱི་སྐོར་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་རྣམས་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་དང༌། དེའི་འགྲེལ་པ་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་དགོངས་པ་རབ་གསལ་ལ་བརྟེན་ནས་དབུ་མའི་སྐོར་དང༌། འདུལ་བ་ལུང་སྡེ་བཞིའི་གནད་རྣམས་བསྡུས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་མདོ་དང༌། དེའི་འགྲེལ་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་དང༌། ཆོས་རྗེ་བདེ་ལེགས་ཉི་མའི་འདུལ་བ་སོགས་ལ་བརྟེན་ནས་འདུལ་བའི་སྐོར་རྣམས་ལ་སྦྱངས་ཤིང་ལྷག་པར་ཟབ་མོ་དབུ་མའི་ལྟ་བ་འདི་མ་བཙལ་ན་མདོ་སྔགས་གཉིས་ཀའི་ལམ་གྱི་སྲོག་སྟོར་བར་འགྱུར་ཞིང༌། བཙལ་ཀྱང་ཤིན་ཏུ་རྟོགས་དཀའ་བ་ཡིན་པའི་ཚུལ་ལ་ཐུགས་ངེས་དྲག་པོ་འཁྲུངས་ཏེ་དགོངས་པ་རབ་གསལ་ལ་ཞིབ་ཏུ་སྦྱོང་བར་མཛད་ཅིང༌། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཤེར་ཕྱི ན་འཚོལ་བར་ཞུགས་པ་ཅི་འདྲ་བར་ཟབ་མོའི་ལྟ་བ་འདི་འཚོལ་བའི་ཕྱིར་དུ་མཁས་པ་དུ་མའི་ཞབས་ལ་གཏུགས་ཤིང༌། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་འདེབས་པ་དང༌། བསག་སྦྱང་ལ་འབད་པ་སོགས་རྗེ་བླ་མ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་ལྟར་གྱི་རྒྱུ་ཚོགས་ཀུན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་ནར་མར་མཛད་དོ། །འདུལ་བའི་སྐོར་ལའང་གཞུང་གི་ཚིག་རིས་དང་སྦྱོར་ངག་འགོད་ཤེས་པ་ཙམ་གྱིས་ཆོག་པ་མ་ཡིན་པར་རྒྱལ་བ་རང་ཉིད་ཀྱི་དགོངས་པ་བཞིན་དུ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་སྲུང་ཐབས། ཉམས་ན་ཕྱིར་བཅོས་ཐབས། དེ་དག་ལ་ཡང་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་ཇི་བཞིན་དུ་ངེས་པར་མཛད་ཅིང༌། དེ་ཡང་ལག་ལེན་ལ་སྦྱོར་བའི་ཐུགས་རྩིས་འབའ་ཞིག་མཛད་དོ། །

                    དེ་ལྟར་ཐུགས་སྦྱོང་མཛད་པའི་སྐབས་རྣམས་སུ་ཡང་ཐོས་བསམ་གྱི་སྐབས་ཡིན་ཟེར་ནས་བསླབ་ཁྲིམས་ཁྱད་དུ་བསད་ནས་རྩིང་སྤྱོད་བྱེད་པ་དེ་འདྲ་མ་ཡིན་པར། བསླབ་པའི་བཅས་མཚམས་སྲུང་བ་གཞིར་མཛད་ནས་ཆོས་གང་ཐོས་ཉོན་མོངས་པའི་གཉེན་པོར་འགྱུར་བ་ཞིག་དང༌། རེ་ཞིག་གཞུང་ལུགས་ཆེན་མོ་འདི་དག་ལ་སྦྱངས་ནས། མཐར་འདི་དག་གི་དོན་ལ་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་དགོངས་ནས་རྒྱུན་དུ་སྨོན་ལམ་དང༌། ལྷག་པར་དུས་བཟང་གི་སྐབས་རྣམས་སུ་ཆོས་མཐུན་གྱི་གྲོགས་འགའ་དང་བཅས་ཅི་འབྱོར་པའི་མཆོད་པ་བཟང་པོ་བཤམས་ཏེ་སྨོན་ལམ་ཆེར་འདེབས་པར་མཛད་ཅིང༌། གཙོ་བོར་ཚེ་མཇུག་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་གི་ཐུགས་སྨོན་རང་འདེབས་པར་མཛད། དེ་ནས་གཞུང་ལུགས་རྣམས་ལ་གསན་སྦྱོང་རགས་རིམ་གྲུབ་པ་ན། རྗེ་བླ་མས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ལྟར། ད་ནི་གཞུང་ཆེན་མོ་རྣམས་ལ་སྦྱངས་པའི་དོན་ཚེ་མཇུག་འདིར་སྒྲུབ་པ་རྣམ་པར་དག་པ་ཞིག་བྱེད་དགོངས་པ་ནར་མར་བྱུང་ཞིང་སྒྲུབ་པ་བྱེད་པ་ལ་མན་ངག་རྣམས་གསན་དགོས་པར་དགོངས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་མངའ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་གཞུང་ལུགས་གདམས་ངག་ཏུ་འཆར་བའི་མན་ངག་གི་གནད་རྣམས་འཚོལ་བ་ལ་ཞུགས་སོ། །དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞབས་དྲུང་དུ་རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས། སློབ་དཔོན་དཔའ་བོས་མཛད་པའི་འཁྲུངས་རབས་སོ་བཞི་པའི་གཟབ་བཤད། མཛོད་རྩ། འདུལ་བ་མདོ་རྩ་བ། ཚད་མ་རྣམ་འགྲེལ། འགྲེལ་པ་དོན་གསལ། དབུ་མ་ལ་འཇུག་པ། བྱམས་པས་དམ་བཅས་པའི་གཟུངས། སྣར་ཐང་བརྒྱ་རྩ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་རྗེ་རང་ཉིད་ཀྱིས་མཛད་པ། བཀའ་དྲིན་གསོལ་འདེབས། བཀྲ་ཤིས་ལྷུན་པོའི་པར་དུ་འཁོད་པའི་ཆོས་སྤྱོད་རབ་གསལ། རྗེ་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་གཏོར་མའི་སྐོར་རྣམས་ཕལ་ཆེར་བཅས་རིམ་གྱིས་གསན། ཡང་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆུང་བ། རྗེ་རིན་པོ་ཆེ་དང་བླ་མ་དབུ་མ་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གནང་བ་འཇམ་དབྱངས་ཆོས་སྐོར་ཞེས་གྲགས་པ་ཐུན་མོང་མ་ཡིན་པའི་ཟབ་ཆོས་རྣམས་རིམ་གྱིས་གསན་ཏོ། །

                    དེ་ནས་རྗེ་ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ་བའི་དྲུང་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་རྫོགས་པ་གསན་ཞིང་ཆོས་བཀའ་གཞན་ཡང་མང་དུ་གསན་ནོ། །དེ་ནས་སྣར་ཐང་བྱང་ཆེན་དུ་ཞབས་དྲུང་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་དྲུང་དུ་ཕེབས་ཏེ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ལ་གཏུགས་ཤིང༌། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་ཤིང་རྟ་ཆེན་པོ་གཉིས་ཀྱི་བཞེད་སྲོལ། དཔལ་ལྷ་ཅིག་དཱི་པཾ་ཀ་རའི་མན་ངག་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་མན་ངག་གི་ཆ་ལག་ཡོངས་སུ་རྫོགས་པ་གནང་དགོས་ཞེས་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་ཏེ་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་པ་ན་ཞབས་དྲུང་རིན་པོ་ཆེས་ཀྱང་གང་ཟག་དམ་པ་ཞིག་ཡིན་པར་དགོངས་ནས་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ། དངོས་གཞི། རྗེས་ཀྱི་དམིགས་སྐོ ར་ཐམས་ཅད་དཔལ་དབེན་ས་པ་ཆེན་པོའི་མན་ངག་གིས་བརྒྱན་ནས་ཟླ་སྦྲེལ་གྱི་བར་ལ་ཤིན་ཏུ་རྒྱས་པར་གནང༌། དེའི་ཚེ་དམིགས་སྐོ ར་རེ་རེ་ནས་ཚིག་བློ་ལ་བཟུང་ཞིང་དོན་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་སྒོ་ནས་དམིགས་རྣམ་སྐྱོང་བ་ལ་ཤིན་ཏུ་འགྲུས་པར་མཛད། ཐ་ན་བླ་མས་གནང་བའི་ཚིག་ཟུར་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་ཐུགས་ལ་བཟུང་སྟེ་ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་ཐམས་ཅད་རྣམ་པར་དག་ཅིང་མཚན་ཉིད་ཐམས་ཅད་ཚང་བ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་རྗེ་བཙུན་བྱམས་པ་མགོན་པོའི་དྲུང་དུ་ཐེག་པ་ཆེན་པོའི་ཆོས་གསན་པ་ཅི་འདྲ་བ་དེ་འདྲར་མཛད་པས། ཞབས་དྲུང་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་མཉེས་ཤིང་མན་ངག་གི་གནད་མཐའ་དག་དང༌། ཁྱད་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་མགོན་པོ་འཇམ་པའི་དབྱངས་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་སྟེ། དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་རྒྱལ་པའི་དགོངས་པའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་ཇི་ལྟར་རྙེས་པ་དེ་ཉིད་ཀྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་བར་མཛད་པས་དཀའ་དྲིན་ཟླ་མེད་དུ་གྱུར་ཅིང་རིགས་ཀྱི་ཅོད་པན་དུ་འཛིན་པར་མཛད་དོ། །

                   དེའི་ཚེ་བླ་མ་ཉིད་ཀྱི་ཐུགས་རབ་ཏུ་ཚིམས་ཤིང་རྒྱ་མཚོར་ཞུགས་པའི་དེད་དཔོན་གྱིས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟར། རིང་ནས་སྨོན་པའི་དོན་རྒྱལ་བའི་བསུང་རབ་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་བྱང་ཆུབ་ལམ་གྱི་རིམ་པའི་གནད་མཐའ་དག་ཐུགས་སུ་ཆུད། དེའི་ནང་ནས་ཀྱང༌། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་པ་ལྟར། ཤིན་ཏུ་རྟོགས་དཀའ་ཞིང་མ་རྟོགས་ན་མདོ་སྔགས་གང་གི་སྐབས་སུ་ཡང་ལམ་གྱི་སྲོག་མི་རྙེད་པ་སྔོན་དུས་ཀྱི་བཤེས་གཉེན་དམ་པ་རིག་གནས་རྒྱ་མཚོ་ལྟ་བུ་ལ་སྦྱངས་ཤིང༌། ཚེ་འདིའི་བུན་ལོང་བློས་བཏང་སྟེ་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད་པ་དུ་མས་ཀྱང་ཤིན་ཏུ་རྟོགས་དཀའ་བར་བྱུང་བ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྙིང་པོའི་དོན་སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བ། རྟེན་འབྱུང་སྟོང་པའི་དོན་དང་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཀུན་ནས་བསྔགས་པའི་གནས་ཟབ་མོ་དབུ་མའི་ལྟ་བ་ཕུ་ཐགས་ཆོད་པ་ཐུགས་ལ་འཁྲུངས་པས་ཐུགས་རབ་ཏུ་ཚིམས་ཤིང༌། བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་པ་དང་གུས་པ། ཉམ་ཆུང་རྨོངས་པའི་འགྲོ་ལ་བརྩེ་བ། སྟོན་པ་ཐུགས་རྗེ་ཅན་དེ་ལ་ཤེས་ནས་དད་པ་འཕེལ་བ། ཤིང་རྟ་ཆེན་པོ་སྤྱི་དང༌། ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་དྲན་ཏེ་གུས་པས་གསོལ་བ་འདེབས་པ་སོགས་ཉམས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་ཞིག་ཐུགས་ལ་སྤུངས་པ་བཞིན་དུ་འཁྲུངས་པར་གྱུར་ཏོ། །དོན་འདི་ལ་དགོངས་ནས་ཞབས་དྲུང་ལྷ་པ་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལ།སྐུ་མཐོང་བས་དད་པའི་སྤུ་ལོང་གཡོས། །གསུང་ཐོས་པས་ལྟ་ངན་བྲག་རི་འཇོམས། །ཐུགས་བརྩེ་བས་འགྲོ་ཀུན་བུ་བཞིན་གཟིགས། །སྐྱབས་ཀུན་འདུས་བློ་བཟང་འཕྲིན་ལས་རྒྱལ། །ཞེས་བསྟོད་པ་མཛད་དོ། །དེ་སྐབས་ལམ་རིམ་གྱི་བརྒྱུད་འདེབས་སུ་བཅུག་ཆོག་པའི་གསོལ་འདེབས་ཤིག་ཀྱང་ཞབས་དྲུང་རིན་པོ་ཆེ་རང་ཉིད་ནས་མཛད་པ་ཞིག་དགོས་ཚུལ་ཞུས་པར། བློ་བཟང་ཐུགས་རྗེའི་ཡེ་ཤེས་འོད་སྟོང་གིས། །གང་གི་བློ་གྲོས་པདྨོ་ཁ་ཕྱེ་ནས། །སྐལ་ལྡན་འཕྲིན་ལས་སྦྲང་རྩིའི་དགའ་སྟོན་ཅན། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ཞབས་དྲུང་རིན་པོ་ཆེ་ཉིད་ཀྱིས་མཛད་པ་ཡིན་ནོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།