བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 07:50:38     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

 25437045219596990.jpg

                    ཐུབ་པའི་དགོངས་དོན་ཟབ་དང་རྒྱ་ཆེའི་གཞུང༌། །བློ་གསལ་སྐལ་བཟང་གདུལ་བྱར་རྣམ་ཀུན་ཏུ། །སྤེལ་མཛད་རྒྱལ་བ་དགྱེས་པའི་ལམ་བཟང་ལ། །འགོད་མཁས་བཤེས་གཉེན་བཟང་པོར་གསོལ་བ་འདེབས། །ཞེས་བསྔགས་པ། བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་ནི། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་ལྷོ་ཕྱོགས་སུ་དཔག་ཚད་གཅིག་ལྷག་ཙམ་གྱི་ས་ན་ལྕགས་ལུང་པ་ཞེས་བྱ་བ། ཕུ་ན་རྩྭ་རི་ཕུན་སུམ་ཚོགས་པ་ལ་འབྲོག་སྡེ་དང༌། མདའ་ན་ས་གཞི་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བའི་ཞིང་པ་མི་ཁྱིམ་མང་དུ་ཡོད་པ། སྔོན་བྱོན་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ། ལྷག་པར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཕྱོགས་དེར་ཕེབས་ནས་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་པ་སོགས་དགེ་མཚན་དུ་མས་བརྒྱན་པའི་སའི་ཐིག་ལེ་དེའི་ཕུ་ན་བཅུ་ས་ཁང་དམར་ཤར་བ་ཞེས་བྱ་བའི་ཁྱིམ་དུ་ཡབ་མགོན་པོ་ཚེ་རྒྱལ་ཞེས་བྱ་བ་དང༌། ཡུམ་སྲས་མོ་ལེགས་ཞེས་གྲགས་པ་གཉིས་ཀྱི་སྲས་སུ་བསམ་བཞིན་དུ་སྐྱེ་བ་བཞེས་ཏེ་ལྕགས་ཕོ་ཁྱིའི་ལོར་ཁྱེའུ་དབུ་གདུགས་ལྟར་ཟླུམ་ཞིང་སྤྱི་གཙུག་མཐོ་བ། དཔྲལ་བའི་དབྱེ ས་ཆེ་ཞིང་ཤངས་ཀྱི་གཟེངས་མཐོ་བ། སྤྱན་དཀྱུས་རིང་ཞིང་མཆུ་སྒྲོས་པདྨའི་འདབ་མ་ཇི་ལྟ་བ། པགས་པའི་མདོག་ནི་དཀར་ལ་དམར་བའི་མདངས་ཆགས་པ་འགྲོ་བ་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས་སོ། །འདི་སྐབས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞིང་གཤེགས་ནས་ལོ་དགུ་དང༌། རྗེ་བཙུན་བློ་བཟང་ཡེ་ཤེས་འཁྲུངས་ནས་ལོ་བརྒྱད་སོང་བའི་སྐབས་དེ་ཡིན་ནོ།

                    དེ་འདྲ་བའི་གཞོན་ནུ་དེ་ནི་སྔོན་ཡུན་རིང་པོ་ནས་ལམ་ལ་གོམས་པའི་བག་ཆགས་སད་པས་བྱིས་པའི་རྒུད་པ་མཐའ་དག་ལས་འདས་ཤིང་དམ་པའི་ཆོས་འཚོལ་བ་ལྷུར་ལེན་པའི་ངང་ཚུལ་ཅན་ཞིག་བྱུང་སྟེ། ཁྱིམ་གྱི་གནས་ལ་མངོན་པར་མི་དགའ་བར་ཁྱིམ་ན་གནས་པ་ནི་བྱ་བ་ངན་པ་སྣ་ཚོགས་ཀྱིས་བྲེལ་ནས་དགེ་བའི་བསམ་པ་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་རྣམས་རིམ་གྱིས་འགྲིབ་པར་བྱེད་པ། ཚོང་དང་ཞིང་ལས་སོགས་ལས་ངན་པ་སྣ་ཚོགས་པ་དང༌། དེ་དག་གི་ཆེད་དུ་ཕན་ཚུན་འཐབ་པ་དང་རྩོད་པ་སོགས་བཟོད་པར་དཀའ་བའི་སྡུག་བསྔལ་དུ་མས་ལུས་སེམས་ཀུན་ནས་གདུང་བར་བྱེད་པ། འདོད་པ་སྦྱོར་བ་ནི་དུག་སྦྲུལ་ནག་པོའི་གདེངས་ཀའི་གྲིབ་བསིལ་ལྟར་མནོག་ཆུང་ཞིང་ཉེན་ཆེ་བ། མདོར་ན་ཉེས་པ་དུ་མའི་འབྱུང་ཁུངས་སུ་གྱུར་ལ། རབ་ཏུ་བྱུང་བ་ནི་ཉེས་པ་ཐམས་ཅད་ལས་ལྡོག་ཅིང་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེ ན་ས་གཞི་ལྟ་བུ། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྔགས་པའི་གནས་ཡིན་པར་མཁྱེན་ནས་རབ་ཏུ་འབྱུང་འདོད་གཏིང་ནས་ཡོད་པའི་ཁར། རྒྱལ་པོ་དགའ་ལྡན་ཚེ་དབང་གི་ཆོས་ཚབ་བཙུན་ཆུང་ཁ་ཤས་འཇུག་རྩིས་ཀྱིས་བརྟགས་པ་ན། དམ་པ་འདི་ཉིད་གཞོན་ནུ་བློ་གྲོས་གསལ་ཞིང་རིགས་རུས་བཙུན་པ་སོགས་གང་ཅིར་འོས་པར་གཟིགས་ནས། འདི་ཉིད་དང་གཞན་ཡང་བཙུན་ཆུང་ཁ་ཤས་བཅས་ཆོས་ཚབ་ཏུ་འཇུག་པར་མཛད་པའི་རྐྱེན་གྱིས་ཉེ་བར་བསྐུལ་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ནས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་མགོན་པོ་འོད་དཔག་མེད་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་དྲུང་དུ་ཕེབས། དེ་སྐབས་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱིས་བསྙེན་རྫོགས་བཞེས་མ་གྲུབ་པས་མཁན་པོའི་བྱ་བ་མི་མཛད་པས་ཐོས་བསམ་གླིང་གི་བླ་མ་རྗེ་ཞལ་སྔ་ནས་གྲུབ་ཆེན་བློ་བཟང་བྱམས་པ་ལས་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ནོད་པར་མཛད་དེ། མཚན་བློ་བཟང་རྣམ་རྒྱལ་ཞེས་འདོགས་པར་མཛད་དོ། །དེ་ནས་ཐུགས་བསམ་འདི་ལྟ་བུ་དག་འཁྲུངས་ཏེ་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ནོ། །དེ་ཡང་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། སྒོམ་རྣམ་དག་བྱེད་པ་ལ་བསམ་པས་ངེས་ཤེས་འདྲེན་པ་སྔོན་དུ་འགྲོ་དགོས། དེ་ལ་ཐོས་པ་མ་ནོར་བ་ཞིག་བྱེད་དགོས། དེ་ཡང་གང་བྱུང་བྱུང་ལ་ཐོས་པ་བྱས་པས་མི་ཆོག་པས། རྒྱལ་བའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་དབང་དུ་གྱུར་པ་ཀླུ་སྒྲུབ་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་གཞུང་ལ་མཁས་པ་བསྟེན་ནས་སྦྱང་དགོས་པར་དགོངས་ནས་ཐོག་མར་རིགས་པའི་གཞུང་ལུགས་རྣམས་ལ་གསན་སྦྱོང་མཛད་པ་ལ་ཞུགས་ཤིང༌། རྗེ་ཞལ་སྔ་ནས་གྲུབ་ཆེན་བློ་བཟང་བྱམས་པ་དང༌། ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ་སོགས་ཀྱི་ཞབས་ལ་གཏུགས་ནས། ཐོག་མར་ཆོས་སྤྱོད་རྣམས་འཛིན་པ་དང༌། རིགས་པའི་སྒོ་འབྱེད་མཚན་མཚོན་རྟགས་གསལ་རྩི་ལུགས་ཐལ་འགྱུར་འཕེན་ལུགས་སོགས་ལ་སྦྱོང་བ་སྦྲགས་ནས་མཛད།

                   དེ་ནས་རྟགས་གསལ་འཕེན་ལུགས་ཀྱི་གནད་མཁྱེན་ཅིང་རིགས་གཞུང་ལ་བློ་ཁ་བྱེ་བར་གྱུར་པ་ན། རིགས་འབྲིང་དུ་ཕེབས་ཏེ་འཇམ་དབྱངས་དགེ་འདུན་བློ་བཟང་གི་ཡིག་ཆ་ལ་བརྟེན་ནས་ཚད་མ་རྣམ་འགྲེལ་གྱི་ལེའུ་བཞིའི་མཐའ་དཔྱོད་སྤྱི་དོན་དང་བཅས་པ་ཐུགས་ལ་བཟུང་ཞིང་བགྲོས་གླེང་ལ་བརྩོན་པར་མཛད་པས། རིང་པོར་མ་ཐོགས་པ་གཞུང་གི་ལུས་རྣམ་གཞག གཞུང་སྔ་ཕྱིའི་མཚམས་སྦྱོར་སོ་སོའི་འཕྲོས་དོན་སོགས་རྟོག་གེ་ཚིག་དོན་མཐའ་དག་ལ་བློ་གྲོས་རབ་ཏུ་རྒྱས་པར་གྱུར་ཏེ། ཕྱི་ནང་གི་གྲུབ་མཐའི་ཁྱད་པར་རྣམས་དྲི་མ་མེད་པའི་རིགས་པས་ལེགས་པར་ཕྱེ་ནས། ཕྱི་རོལ་པའི་གྲུབ་མཐའ་རྣམས་ནི་ལོང་བ་ལག་ནོམ་བྱེད་པ་དང་འདྲ་བར་རྨོངས་པ་འབའ་ཞིག་གི་དབང་དུ་སོང་བ་དང༌། རྒན་པོ་གཡོ་ཅན་གྱིས་ལག་པ་སྟོང་པས་བྱིས་པ་སླུ་བར་བྱེད་པ་ལྟར་ཐར་འདོད་རྣམས་སླུ་བར་བྱེད་པ་ཁོ་ན་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་གཏིང་ཐག་པ་ནས་ཡིད་ཆེས་བསྐྱེད་པའི་ཐབས་སྒྲུབ་ངག་ཡང་དག་དང་རྟགས་སྦྱོར་ཡང་དག་གཉིས་ཀྱི་སྒོ་ནས་རང་དང་སྣོད་ལྡན་རྣམས་ལ་ངེས་ཤེས་སྐྱེད་པར་བྱེད་ཅིང༌། ལོག་པར་སྨྲ་བ་རྣམས་ནི་སུན་འབྱིན་པའི་ཐལ་ངག་གི་སྒོ་ནས་ཚར་གཅོད་པར་མཛད་པའི་དྲི་མེད་རིགས་པའི་ང་རོ་སྒྲོག་པ་ལ་ནམ་ཡང་ཞུམ་པ་མེད་པར་གྱུར་ཏོ། །

                   དེ་ནས་རྣམ་འགྲེལ་གྱི་མཐའ་གཅོད་རྣམས་ལ་ཤིན་ཏུ་མཁས་པར་གྱུར་པ་ན་རིགས་ཆེན་དུ་ཕེབས་ཏེ། ཚད་མ་རྣམ་འགྲེལ་དང༌། རྣམ་བཤད་ཐར་ལམ་གསལ་བྱེད་གཉིས་རྩ་འགྲེལ་སྦྲགས་ནས་ཐུགས་འཛིན་མཛད་ཅིང༌། དོན་གྱི་གནད་རྣམས་ལ་གོ་བ་འཚོལ་བ་ལ་ཤིན་ཏུ་འགྲུས་པར་མཛད་དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ལམ་གྱི་གནད་རྣམས་རིགས་པའི་ལམ་ནས་རྙེད་པ་ཞིག་མ་བྱུང་ན། ལུང་ཙམ་སྐྱབས་སུ་བཟུང་སྟེ་མོས་བློ་བྱས་ཀྱང་གཏིང་ནས་ངེས་པ་འདྲོངས་པའི་ཐབས་མི་འདུག་ཅིང༌། ངེས་པ་དེ་ལྟར་དུ་སྐྱེ་བ་ཡང་གཞུང་ལུགས་འདི་ཉིད་ལ་རག་ལས་པར་དགོངས་ནས་ཚིག་ཙམ་དང་དོན་གྱི་འོལ་སྤྱི་ཙམ་གྱིས་ཚིམ་པ་མ་ཡིན་པར། ཡབ་རྗེ་ཐམས་ཅད་མཁྱེན་པའི་བཀའ་ལྟར་ཐེག་པ་གསུམ་གྱི་ལམ་གྱི་གནད་ཐམས་ཅད་རིགས་པའི་ལམ་ནས་རྙེད་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་ཐུགས་བརྩོན་ཤིན་ཏུ་ཆེ་བར་མཛད་དོ། །དེ་ནས་རྣམ་འགྲེལ་གྱི་དཀའ་རྣམས་ཐུགས་ལ་ཆུད་པར་གྱུར་པའི་ཚེ། དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དམ་བཅའ་ཡང་ཡང་འཇོག་པར་མཛད་ཅིང༌། ཁྱད་པར་དཀྱིལ་ཁང་ནས་མངའ་རིས་པ་མཁས་པར་གྲགས་པ་ཞིག་དང༌། སྤྱི་སྐྱུར་གྱི་བགྲོ་གླེང་ལ་བཞེངས་ཏེ། རྗེ་ཞལ་སྔ་ནས་རྣམས་ཀྱིས་དབུ་མཛད་མཁས་མང་རྒྱ་མཚོ་ལྟ་བུའི་དབུས་སུ་བདག་ཉིད་ཆེན་པོ་ཕྱོགས་གླང་ཆོས་གྲགས་མུ་སྟེགས་ཀྱི་རྒོལ་བ་འཇོམས་ཕྱིར་ཞུགས་པ་བཞིན་དུ་དྲི་མ་མེད་པའི་རིགས་པའི་ང་རོ་དང་འབེལ་བའི་གཏམ་གྱིས་མཁས་པ་མཐའ་དག་དགྱེས་པར་མཛད་ཅིང་སྙན་གྲགས་ཀྱིས་གླིང་ཁྱབ་པར་གྱུར་ཏོ།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།