མཁྱེན་རབ་དབང་ཕྱུག་འཇམ་དབྱངས་ཆོས་འཕེལ་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 07:39:56     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།    ཀློག་ཐེངས།  

782176360658363621.jpg

                     མཁྱེན་རབ་དབང་ཕྱུག་འཇམ་དབྱངས་ཆོས་འཕེལ་ཞེས་བསྔགས་པ། རྗེ་ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ་ནི་སྲད་དུ་སྐུ་འཁྲུངས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་ཀྱི་མཐུ་བརྟས་པས་ཁྱིམ་གྱི་འདུ་འཛི་ལ་ཆགས་པ་མེད་པར་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་ལ་བསྟེན་ཅིང༌། ཐོག་མར་ཚད་མ་རྣམ་འགྲེལ་ལ་སྦྱངས་པ་ན་མཁྱེན་རབ་མཚུངས་པ་མེད་པས་རིང་པོར་མ་ཐོགས་པར་སྡེ་བདུན་མདོ་དང་བཅས་པའི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ། དེ་ནས་ཕར་ཕྱིན་དང༌། དབུ་མ་དང༌། འདུལ་བ་དང་མཛོད་རྣམས་ལ་རིམ་བཞིན་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དམ་བཅའ་བཞག་སྟེ་སྔར་བརྗོད་པའི་གཞུང་ཆེན་མོ་དེ་རྣམས་ལ་གྲྭ་སྐོར་མཛད། དེ་ནས་དྲུང་པ་ཡབ་སྲས་དང༌། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་སོགས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་མཁས་གྲུབ་མང་པོ་ལས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་མང་དུ་གསན་ཞིང༌། ཁྱད་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་གཉིས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་ཁྲིད་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ཞལ་ཤེས་དང་བཅས་པ་གསན་ནས་ཉམས་སུ་བླངས་ཏེ་མྱོང་བ་ཐོན་པར་མཛད།

                    དེ་ནས་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་ཆེན་པོར་གྱུར་པ་ན་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་བཀས་ཐོས་བསམ་གླིང་གི་གདན་སར་ཕེབས་ཏེ་སྡེ་སྣོད་འཛིན་པ་སྟོང་ཕྲག་བརྒལ་བ་ལ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་རྒྱ་ཆེར་འཆད་པར་མཛད། དེ་ནས་སྔགས་ཁང་གི་གདན་སར་ཕེབས་ཏེ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་པ་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོ་ལ་འགྲེལ་པ་བཞི་སྦྲགས་དང༌། འཁོར་ལོ་བདེ་མཆོག་གི་རྒྱུད་འགྲེལ་པ་དང་བཅས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་སོགས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་ཅིང༌། དེ་དག་གི་བར་བར་དུ་སྐལ་བ་དང་ལྡན་པ་མང་པོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་སྩལ་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། མཐར་སྔགས་ཁང་གི་གདན་སའི་ཐོག་ཉིད་དུ་ཞིང་གཤེགས། དེའི་ཚེ་ཐུགས་དམ་ལ་རྒྱུན་རིང་བཞུགས་ཤིང་སྐུ་གཟུགས་ཀྱང་འོད་ཀྱི་རང་བཞིན་ཅན་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ་ཐུགས་དམ་ལས་བཞེངས་པའི་ཚེ་སྤུར་དར་ཁ་གང་ལ་འཐུམས་པ་ཞིག་བྱུང༌། གདུང་ཞུགས་ལ་ཕུལ་བའི་ཚེ་གདུང་ལ་རྗེ་བཙུན་སྒྲོལ་མ་རང་བྱོན་དུ་ཕེབས་པ་སོགས་ངོ་མཚར་ཡ་མཚན་ཆེ་བའི་མཚན་མ་མང་དུ་བྱུང་བ་ཞིག་གོ །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདི་ལ་གསོལ་བ་འདེབས་ཤིང༌། འདིའི་རྣམ་ཐར་ལྟར་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པར་བྱས་ལ་གཞུང་ལུགས་གདམས་པར་འཆར་བའི་ཉམས་ལེན་ལ་འབད་དེ་རང་རྒྱུད་བཏུལ་ནས་སྐལ་བ་དང་ལྡན་པ་གཞན་དག་ལའང་ཕན་ཐོགས་པ་ཞིག་བྱའོ།། །།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།