པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བཅུ་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 20:27:08     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

296984669509180833.jpg

                     དེ་ནས་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་གོང་ས་རིན་པོ་ཆེ་ཐུགས་རྫོགས་བཞེས་པ་དང༌། དབང་ལུང་མན་ངག་མང་པོ་གསན་ཕྱིར་དབུས་ཕྱོགས་སུ་འབྱོན་དགོས་ཚུལ་ཞུས་པར་སྐུ་ན་མཐོ་ཞིང་སྐུ་གཟིགས་གཅོང་ཚུལ་ཆེ་ཡང་འཇམ་མགོན་བླ་མའི་བསྟན་རྒྱུན་ལ་དགོངས་ཏེ་ངལ་བ་ཁྱད་དུ་བསད་དེ་དབུས་ཕྱོགས་སུ་ཆིབས་ཁ་བསྐྱོད། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ལ་བསྙེན་པར་རྫོགས་པའི་སྡོམ་པ་ཕུལ་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་པོར་མངའ་གསོལ་མཛད། དེ་ནས་པོ་ཏ་ལའི་གཟིམ་ཆུང་བདེ་བ་ཅན་དུ་བཞུགས་ཏེ། རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོར་དཔལ་གསང་བ་འདུས་པ་མི་སྐྱོད་པ་ལྷ་སོ་གཉིས་ཀྱི་དབང་ཆེན་སྟ་གོན་དང་བཅས་བ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད་ཕྱུང་བ་ཟབ་བཤད་དང་བཅས་པ་དང༌། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པ་ལྷ་དྲུག་ཅུ་རེ་གཉིས་པའི་དབང་ཆེན་སྟ་གོན་དང་བཅས་པ་རྒྱས་པར་གནང༌། དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་རྗེ་འདི་པ་ལ་དད་གུས་ཆེན་པོས་རབ་ཏུ་ལོ་ཁ་ཤས་བཞུགས་ནས་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་ཞིག་གནང་བ་དང༌། མ་ཐ་ཟླ་བ་བཅུ་སྐོར་ཙམ་ཞིག་བཞུགས་ནས་དབང་ལུང་མན་ངག་དགོངས་དཔྱད་ཀྱིས་གང་དྲག་ཐུགས་རྗེས་གཟིགས་དགོས་ཚུལ་ནན་བསྐྱེད་ཞུ་བར་མཛད་པ་ན། རྗེ་འདིའི་རྒྱལ་བ་མཆོག་ལ་རང་གིས་གང་ཤེས་ཀྱི་མན་ངག་རྣམས་འབུལ་བར་ཅིས་ཀྱང་སྤྲོ་ཡང༌། ན་མཐོ་ཞིང་གཟུགས་གཞི་གཅོང་བ་བཅས་ད་ལམ་རེས་གཙང་དུ་ཕྱིན་ཆོག་པ་དགོས་ཞེས་ཞུ་བར་མཛད་དེ། མ་དག་པའི་གདུལ་བྱ་རྣམས་ཀྱི་སྣང་ངོར་སྐུ་གཟུགས་གཅོང་བས་བཞུགས་མ་ཐུབ་པ་ལྟ་བུར་སྣང་ཡང༌། དོན་དུ་ནི་མྱུར་དུ་དབུས་གཙང་དུས་གཟིར་གྱིས་དུས་འཁྲུག་ཆེན་པོ་དེ་འབྱུང་བར་མངོན་ཤེས་ཀྱིས་གཟིགས་ནས་བཞུགས་ཀྱང་དགོས་པ་མེད་པར་དགོངས་ཏེ་མྱུར་དུ་ཆིབས་ཁ་བསྐྱོད་པ་ཡིན་ཞེས་བླ་མ་དམ་པ་མང་པོ་གསུང་ངོ༌། །

                   དེ་ནས་རྒྱ་བོད་ཧོར་གསུམ་གྱི་གདུལ་བྱ་བགྲང་བ་ལས་འདས་པ་ལ་ཞལ་གྱི་དཀྱིལ་འཁོར་བསྟན་ནས་ཐུགས་སྙིང་རྗེས་བརླན་པའི་སྤྱན་གྱིས་གཟིགས་པ་ཙམ་གྱིས་མཆོག་དམན་མཐའ་དག་ལ་ས་བོན་འདེབས་པར་མཛད་དེ་རིམ་གྱིས་བཀྲ་ཤིས་ལྷུན་པོར་ཕེབས་སྙུག་མར་གནས་པ་དང་ཕྱོགས་ནས་འདུས་པའི་དད་ལྡན་བགྲང་བ་ལས་འདས་པ་ལ་རབ་བྱུང་བསྙེན་རྫོགས་བརྒྱུད་མར་གནང་བ་སོགས་བསྟན་པའི་སྲོག་ཤིང་འཛིན་པར་མཛད་དེ། ཚུལ་འདི་ལ་ནི་རྗེ་རང་ཉིད་ཀྱི་ཞལ་ནས། ས་གླང་ནས་འདི་ལོ་ཡན་བདག་ཉིད་ཀྱིས་སོ་སོ་ཐར་པའི་སྡོམ་པ་དོན་དུ་གཉེར་བ་རྣམས་ཀྱི་བཞེད་དོན་ལེགས་པར་བསྒྲུབས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཞབས་འདེབས་དག་འགྲོ་བ་ལ་ཕན་བདེ་བླ་ན་མ་མཆིས་པ་བགྱིས་པ་ཡིན་ཏེ། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཀུན་གྱི་གཞི་རྩའམ་འབྱུང་གནས་ཡིན་པར་བཀའ་དང་དགོངས་འགྲེལ་དུ་མ་ནས་གསུངས་པ་བཞིན། མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིང་ལུགས་འཛིན་པ་འཕགས་བོད་ཀྱི་མཁས་བཙུན་བཟང་པོ་རིམ་བྱོན་རྣམས་ཀྱིས་མཁན་སློབ་ཀྱི་བྱ་བ་མཛད་ནས་ཐུབ་བསྟན་གངས་ལ་ཉི་མ་ཤར་བ་བཞིན་གསལ་བར་མཛད། གདུལ་བྱ་རྣམས་ཕན་པ་དང་བདེ་བའི་ལམ་བཟང་པོར་འགོད་པར་གནང་བ་དེ་དག་ལ་བདག་ཉིད་ཀྱི་སྨོན་པ་དང་འཇུག་པའི་བསམ་པས་ཀུན་ནས་བསླངས་ཏེ་བསིལ་ལྗོངས་འདིས་མཚོན་པའི་ཡུལ་ཕྱོགས་ཕལ་མོ་ཆེ་མཐའ་དག་ནས་ངེས་འབྱུང་གི་བསམ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་གཞུང་ཅིང༌། དེ་ལ་རིམ་གྱིས་སློབ་འདོད་མཆོག་དམན་བར་མའི་ཚོགས་སྟོང་ཕྲག་དུ་མ་བགྲང་བར་རྙེད་བཀུར་སྙན་གྲགས་ཀྱིས་མ་བསླད་པར། བདག་ཅག་གིས་མཁན་སློབ་ཀྱི་བྱ་བ་ལ་འབད་ནས། མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྲི་ཞུ་དང༌། གདུལ་བྱ་རྣམས་ལ་ཕན་བདེ་འབྱུང་བའི་བྱ་བ་ལ་བརྩོན་པ་བགྱིས་པ་དེ་དག་ནི་བདག་ཉིད་ཀྱི་བྱ་བ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ་སྙམ་མོ་ཞེས་གསུངས་ཤིང༌།

                  དེ་མཐུན་ཉམས་མགུར་ཚིགས་བཅད་དུ་མཛད་པའང་འདི་ལྟར། སྭ་སྟི་པྲ་ཛབྷྱ། ཁམས་གསུམ་འགྲོ་བའི་སྡུག་བསྔལ་བཟོད་དཀའ་བ། །བརྩེ་བས་གྲངས་མེད་ཚོགས་གཉིས་ཡོངས་རྫོགས་པས། །ལྷར་བཅས་སྐྱེ་དགུའི་འདྲེན་པ་བླ་ན་མེད། །རྣམ་འདྲེན་གཞན་གྱིས་བསྒྲུན་མིན་ཚུལ་ཁྲིམས་གཏེར། །མ་འདྲིས་ཡིད་ཅན་ཀུན་ལ་མ་ལྟར་བརྩེ། །གསལ་འགྲིབ་སྤངས་པའི་དམ་བཅའ་སྲོ ག་གི་ཤིང༌། །སྲིད་ཞིའི་སྙིང་པོར་སྐྱེས་པའི་ལྗོན་པའི་རྩ། །རབ་བརྟན་ཟས་གཙང་སྲས་དེ་གཙུག་ན་རྒྱལ། །གང་གི་མགུལ་ནས་བདེན་པ་གསུངས་པ་ཡི། །རབ་འབྱམས་མདོ་རྒྱུད་རྒྱ་མཚོའི་གཞུང་ལུགས་ལས། །མངོན་མཐོ་ངེས་ལེགས་རྨད་བྱུང་ངོ་མཚར་བའི། །ལེགས་ཚོགས་ཀུན་འབྱུང་ལྷག་པའི་ཚུལ་ཁྲིམས་བསྔགས། །ངལ་བ་ཁྱད་བསད་ཕྱོགས་ཀུན་ནས། །ཐུབ་བསྟན་སྒོར་ཞུགས་དོན་གཉེར་གྱི། །སྐལ་ལྡན་ཡིད་ཀྱི་ཀེ་ལ་ཤ། །ཚངས་སྤྱོད་ཚུལ་ཁྲིམས་བདུད་རྩིས་བཀང༌། །དེ་དག་སྐལ་བཟང་གདུལ་བྱའི་ཚོགས། །ཐུབ་པའི་བསྟན་པའི་སྒོར་ཞུགས་ནས། ཁྲིམས་ལྡན་ངུར་སྨྲིག་རྒྱལ་མཚན་མཛེས། །བག་ཡོད་བསྒྲུབ་ལ་བརྩོན་པར་སྨོན། །ངེས་འབྱུང་བསླབ་པ་མ་ལ་ཡའི། །ཚུལ་གནས་སྡོམ་པའི་ཙན་དན་དྲིས། །ལྔ་བདོའི་འགྲོ་བའི་ཚ་གདུང་བཅིལ། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་བཞིན། །ཐུབ་པས་དགག་སྒྲུབ་གནང་གསུམ་གྱི། །བཅས་མཚམས་གཡག་རྔ་ལྟར་བསྲུང་ཞིང༌། །རྣམ་དག་ཁྲིམས་དང་རབ་ལྡན་པས། །ཀུན་གྱིས་བསྔགས་འོས་བླ་ན་མེད། །རྒྱལ་བསྟན་སྙིང་པོ་སོ་ཐར་གྱི། །ཚངས་སྤྱོད་བརྟུལ་ཞུགས་དང་ལྡན་པའི། །ངུར་སྨྲིག་འཆང་བས་གསེར་ལྡན་མ། །ཏིལ་གྱི་གང་བུ་ལྟར་གང་ཤོག །བདག་ནི་ཚེ་རབས་ཀུན་ཏུ་ཡང༌། །ལུས་སྲོ ག་དག་ལ་མི་བལྟ་བར། །ཉི་མའི་གཉེན་གྱི་ལུགས་བཟང་རྣམས། །འཛིན་སྐྱོང་སྤེལ་བའི་མཆོག་འགྱུར་ཤོག །ཅེས་སོ།

                   དེ་ནས་མེ་མོ་ལུག་གི་ལོར་བསྟན་པའི་གེགས་དང་ལྗོངས་འདིའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་དམན་པའི་ལས་ཀྱི་མཐུས་དུས་གཟིར་བྱུང་སྟེ་ལོ་ངོ་གཉིས་ཙམ་གཤིན་རྗེའི་འཇིག་རྟེན་མི་ཡུལ་དུ་འཕོས་པ་ལྟར་མཆོག་དམན་མཐའ་དག་སྡུག་བསྔལ་གྱིས་གཟིར་ཞིང་དགེ་འདུན་རྣམས་ཀྱི་བཤད་སྒྲུབ་ཉམས་ཚབས་ཆེ་བར་བྱུང་བར་རྗེ་འདི་པས་ནོར་ལོངས་སྤྱོད་གང་ལའང་ཕངས་པ་མེད་པར་ཆིངས་སྒྲིག་སོགས་མཛད་ཀྱང་ཐབས་མ་ཐོན། དེ་ནས་གོང་མའི་སྐུ་ཚབ་ཨ་ལི་ཨམ་པ་སོགས་འབྱོར་ནས་གོང་མ་ཆེན་པོའི་བཀས་ལྷ་ལྡན་དུ་ཕེབས་དགོས་ཚུལ་ནན་ཆེ་བྱུང་ཡང་རྗེ་འདི་པས་སྐུ་ན་མཐོ་ཞིང་སྐུ་གཟུགས་ཤིན་ཏུ་གཅོང་བ་བཅས་ད་ལམ་གོང་མའི་བཀའ་ཉན་པར་ཕྱག་མཛོད་བཏང་ཆོག་པ་དགོས་ཚུལ་ཞུ་བ་མཛད་ཀྱང་གོང་མའི་བཀའ་ལ་བསྒྱུར་བཀོད་མི་ཡོང་གསུང་ནས་མ་གསན་པར་རྗེ་འདི་དབུས་སུ་ཆིབས་བསྐྱོད་གནང་དགོས་བྱུང༌། དེ་ནས་པོ་ཏ་ལར་ཕེབས་ནས་རྒྱལ་བ་ཡབ་སྲས་ཞལ་འཛོམ། རྗེ་འདིས་གཟིམ་ཆུང་བདེ་བ་ཅན་དུ་བཞུགས། དེ་དུས་གོང་མའི་བཀས་གཙང་ཕྱོགས་ཀྱི་ས་རིགས་ཚང་མ་མཆོད་གཞིས་སུ་གནང་བ་ཡིན་ཚུལ་བཀའ་བསྒྱུར་བར་རྗེ་འདིས་བདག་ནི་ན་རྒས་ཤིང་གཟུགས་གཞི་གཅོང་བ་བཅས་མཆོད་གཞིས་མང་པོའི་ཁ་འཛིན་མི་ལྕོགས་ཤིང་མཆོད་གཞིས་རྙིང་པ་རྣམས་ཀྱིས་དགེ་འདུན་གྱི་ཕོགས་ཇ་ཚུལ་འདང་ཙམ་བྱུང་ཕྱིན་ས་རིགས་གསར་པའི་རིགས་མི་ཞུ་ཞེས་ནན་ཆེར་ཞུ་བར་མཛད་ཀྱང་༸གོང་མ་ཆེན་པོའི་བཀའ་གཅོག་རྒྱུ་མི་ཡོང་ཞིང༌། ལྷག་པར་ཁྱེད་ཕོངས་ནས་ཕུལ་བ་མིན་བསྟན་པ་དང་སེམས་ཅན་ལ་ཕན་ཆེ་བར་དགོངས་ནས་ཕུལ་བ་ཡིན་གསུང་བས་མཛད་ཐབས་མ་བྱུང་བར། དེ་ལྟ་ན་གོང་མ་ཆེན་པོའི་བཀའ་མ་བཅག་ཙམ་དུ་ས་ཆ་ཁ་ཤས་ཤིག་ཞུས་ཆོག་པ་དགོས་ཞེས་ལྷ་ངམ་ཕུན་གསུམ་བཞེས་པར་མཛད།

                  ཚུལ་འདི་ཡང་རྗེ་འདིའི་རྣམ་ཐར་ཐུན་མོང་པ་ཞིག་སྟེ། དེང་སང་ཆོས་བྱེད་ཕལ་ཆེར་ཚེ་འདིའི་རྙེད་བཀུར་སྙན་གྲགས་འབའ་ཞིག་འཚོལ་ཞིང་ལྷག་པར་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པར་བྱས་པ་དང༌། བླ་མའི་གདན་ཁྲི་འཛིན་པ་ཕལ་ཆེར་ཡང་རྙེད་བཀུར་ངན་ངོན་རེ་ཡང་བློས་མི་ཐོངས་པར་དགོན་པ་ཆུང་ངུ་རེ་དང་ས་ཆ་ཕྲན་བུ་རེ་ལ་ཡང་ཅི་ཐོབ་བྱེད་པའི་ངང་ཚུལ་འདི་ལ་དཔགས་ན་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་ཐམས་ཅད་མཁྱེན་པ་འདི་ནི་ནོར་འཛིན་ཡངས་པའི་ཁྱོན་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་གོང་མ་བདག་པོ་ཆེན་པོ་ལྟ་བུས་བསྙེན་བཀུར་བའང་དང་དུ་མི་བཞེས་ཤིང་ས་ཆེན་པོའི་ཁྱོན་ལ་དབང་བསྒྱུར་བའི་དཔལ་ཕུལ་ཡང་དགྱེས་པ་མེད་ཅིང་ཚུལ་དེས་ལྷག་པར་འཇིགས་ཤིང་སྐྲག་པ་དང་སྐྱོ་ཞིང་ཡིད་འབྱུང་བར་མཛད་ནས་དགེ་འདུན་གྱི་སྡེ་གནས་པའི་རྟེན་ཙམ་ལས་རང་དོན་དུ་གསེར་སེ་བ་གང་དང༌། ས་རོལ་གང་ཙམ་ཡང་མི་བཞེས་པར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོས་འགྲོ་བའི་སྡུག་བསྔལ་ཞི་བ་དང་རྒྱལ་བའི་བསྟན་པ་འཕེལ་བ་འབའ་ཞིག་ཐུགས་ལ་བརྣགས་ཏེ་སྒོ་གསུམ་གྱི་བྱ་བ་ཅི་མཛད་ཐམས་ཅད་བསྟན་པ་དང་སེམས་ཅན་ཁོ་ནའི་དོན་དུ་མཛད་པ་འདི་འདྲ་བ་ནི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ལན་ཅིག་མིན་པར་བསྔགས་པའི་གནས་ཡིན་ཞིང༌། སྔོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཞིང་འདིར་བྱོན་ནས་མཛད་པ་དེ་ལྟར་དུ་མཛད་པ་དུས་མཐའ་འདིར་བདག་གི་དྲིན་ཅན་རྩ་བའི་བླ་མ་འདིས་ཕྱག་ལེན་དུ་ཐེབས་པར་མཛད་པ་ཡིན་པས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་པའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།