པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བཅུ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 20:20:15     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

222654797547263026.jpg

                     དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཕྱོགས་འདུས་དད་ལྡན་བགྲང་བ་འདས་པ་ལ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་བརྒྱུད་མར་སྩལ་ཞིང་རྒྱ་མཚོའི་གླིང་བར་ཚུན་ཆད་ནས་དད་ལྡན་དག་གིས་རྗེ་འདི་ཉིད་ལ་མཁོ་དགུའི་ཡོ་བྱད་ཐམས་ཅད་འབུལ་ཞིང་ཞལ་བལྟ་བ་དང༌། ཆོས་ཀྱི་བདུད་རྩི་འདོད་ནས་འདུས་པ་མཐའ་དག་གི་རེ་བ་སྐོང་བར་མཛད་ཅིང་ནམ་མཁའ་མཛོད་ལ་མངའ་བརྙེས་པས། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་དང༌། གོས་དར་སོགས་ཟང་ཟིང་གི་དངོས་པོ་རྣམས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང་འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་ལམ་རིམ་བླ་མ་བརྒྱུད་པའི་སྐུ་བརྙན་ཡོངས་སུ་རྫོགས་པའི་ལྷ་ཁང་དང་བཅས་པ་སོགས་སྐུ་རྟེན་དང༌། བཀའ་འགྱུར་རིན་པོ་ཆེ་གསེར་འབའ་ཞིག་གིས་བྲིས་པ་སོགས་གསུང་རྟེན་མཐའ་ཡས་པ་དང་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་བའི་ཕྱིར་དུ་དབྱེན་བསྡུམ་མཆོད་རྟེན་གསར་བཞེངས་སོགས་སྐུ་གསུང་ཐུགས་རྟེན་བགྲང་བ་ལས་འདས་པ་དང༌། རིས་མེད་པའི་དགེ་འདུན་གྱི་སྡེ་མཐའ་དག་ལ་བསྙེན་བཀུར་ནར་མར་མཛད།

                   དེ་ནས་ཅང་ཇུན་སོགས་རྒྱ་དམག་བགྲང་བ་ལས་འདས་པ་བོད་ཀྱི་ས་དང་ཉེ་བར་སླེབ་པ་གསན་པས་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མ་བཟོད་པར་རྗེ་ཉིད་རང་ཕེབས་བཞེད་ཀྱང་དེ་སྐབས་སྐུ་ཁམས་བསྙུན་པ་ཞིག་དང་ཐུག་པས་ཆིབས་བསྐྱོད་མ་ཐུབ་པར་ཕྱག་མཛོད་ཆེན་མོ་དངོས་པོའི་གནང་སྦྱིན་ཕོན་ཆེ་བ་དང་བཅས་གཏོང་བ་གནང་སྟེ་འཐབ་འཛིངས་སུ་མ་སོང་བར་མཐུན་སྦྱོར་ལུགས་ལེགས་ཤིག་དགོས་ཞེས་བཀའ་ངག་དང་ཕྱག་དམ་བཅས་གནང་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་ངན་པའི་མཐུ་བཟློག་ཏུ་མེད་པས་རྒྱ་དང་མཚོ་སྔོན་གྱི་དམག་དཔུང་ལྟོས་ཆེ་བ་ལྷ་སར་འབྱོར། ཇུན་སྒར་བ་རྣམས་གནམ་མཚོ་བརྒྱུད་ནས་ཕྱིར་ལོག །མཚོ་སྔོན་དཔོན་བསྟན་འཛིན་ཝང་སོགས་དཔོན་ཁག་མང་པོའི་མི་སྣ་༸གོང་ས་རིན་པོ་ཆེའི་མི་སྣ་སོགས་མི་སྣ་མང་པོས་རྗེ་འདི་ལྷ་ལྡན་དུ་ཆིབས་བསྐྱོད་དགོས་ཚུལ་ནན་བསྐྱེད་ཞུས་པར་དེ་སྐབས་སྐུ་གཟུགས་གཅོང་བར་ཡོད་ཀྱང་སྐྱེས་རབས་ཀུན་ཏུ་རྒྱལ་བ་ཡབ་སྲས་གཉིས་དམ་ཚིག་རྡོ་རྗེའི་ལུ་གུ་བརྒྱུད་དུ་འབྲེལ་བའི་རྟེན་འབྲེལ་དང༌། མི་མང་པོ་ཞིག་གི་སྲོག་སྐྱོབ་པ་ཞིག་ཡོང་ཐུབ་རེ་བཅས་ངལ་བ་ཁྱད་དུ་བསད་ནས་ལྷ་ལྡན་དུ་ཆིབས་བསྐྱོད་གནང༌། འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་ཞབས་འབྲིང་པ་ཅང་ཇུན་ཆེན་པོ་སོགས་སེར་སྐྱ་སྟོང་ཕྲག་མང་པོས་བསུས་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས། རྒྱལ་བ་ཡབ་སྲས་གཉིས་ཞལ་འཛོམ། ཅང་ཇུན་ཆེན་པོས་རྗེ་འདི་པ་ལ་དངུལ་སྲང་ལྔ་སྟོང་གིས་གཙོས་པའི་དངོས་འབུལ་ཚད་མེད་པ་མཛད་དེ་ཞབས་བརྟན་ཕུལ། དེ་ནས་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་དབུས་ཁུལ་གྱི་ཆོས་སྡེ་རྣམས་ཀྱི་བླ་མ་ལས་སྣེ་རྣམས་དང༌། གོང་མའི་མི་དྲག་ཅང་ཇུན་ཆེན་པོ། མཚོ་སྔོན་དཔོན་ཁག །རྒྱལ་བའི་ཡབ་རྗེ་སོགས་ཚང་མས་ཆོས་འཁོར་རྒྱ་ཆེར་བསྐོར་དགོས་པའི་གསོལ་བ་བཏབ་ཅིང༌། གོང་ས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེས་རྗེ་འདི་ལ་མདོ་སྔགས་ཀྱི་ཆོས་མཐའ་དག་གནང་དགོས་པ་དང༌། ལྷག་པར་དགེ་ཚུལ་གྱི་སྡོམ་པའི་མཁན་པོ་མཛད་དགོས་པའི་གསོལ་འདེབས་ཤུགས་དྲག་གནང༌། རྗེ་འདིས་ཀྱང་དགྱེས་བཞིན་དུ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་ཉི་འོད་འཁྱིལ་པར་གོང་ས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་དགེ་ཚུལ་གྱི་སྡོམ་པ་འབུལ་བ་གནང་ཞིང་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ།

                    དེ་ནས་གོང་ས་རིན་པོ་ཆེར་ལམ་རིམ་ཆེན་མོའི་ལུང་སོགས་ཆོས་བཀའ་རྣམས་རིམ་གྱིས་འབུལ་བའི་དབུ་ཚུགས་པར་མཛད། དེ་སྐབས་བཀའ་བློན་བཀྲ་ཤིས་རྩེ་པ་སོགས་བོད་ཀྱི་མི་དྲག་མང་པོར་རྒྱའི་བཀའ་བཀྱོན་ཕོག་པར་རྗེ་འདི་པས་སྲོག་སྐྱོབ་གནང་ཐུབ་རེས་རྩོལ་བ་ཆེན་པོ་མཛད་ཀྱང་ཐབས་གང་གིས་ཀྱང་བཟློག་མ་ཐུབ། དེའི་ཚེ་སྙིགས་མའི་ངང་ཚུལ་ཆེས་ཆེར་བདོ་བས་མཐོ་དམའི་འགྱུར་ལྡོག་མང་པོ་དང་སྐྱེ་བོ་ཕལ་མོ་ཆེ་སྡུག་བསྔལ་མཚོ་རྡོལ་བ་ལྟ་བུར་གཟིགས་ཤིང་བླ་ཆེན་དང་མི་ཆེན་གྱི་གོ་ས་ལའང་ཐུགས་ཡི་མུག་ནས། འདི་ལྟར་གསུངས་ཏེ། ཁོ་བོ་ནི་གོ་ས་གོག་པོའི་ཆེ་རློམ་འདི་ཤིན་ཏུ་ཡི་མུག་པས། སེམས་བློང་བློང་པོར་གྱུར། དེ་དག་གི་སྐབས་སུ་སྤྱིར་འཁོར་བའི་སྣང་ཚུལ་བཟོད་པར་དཀའ་ཞིང༌། སྒོས་དེང་སང་སྙིགས་མ་ལྔ་བདོའི་གདོན་གྱིས་གཟིར་བའི་འགྲོ་བ་རྣམས་དགྲ་གཉེན་དང་མཐོ་དམན་འགྱུར་ལྡོག་ཉོན་མོངས་པ་དུག་གསུམ་གྱི་ཆང་གིས་མྱོས་པས། ངན་འགྲོའི་གཡང་ས་འཇིགས་སུ་རུང་བར་དགའ་མགུའི་ཟློས་གར་བསྒྱུར་བའི་བླང་དོར་ཅི་ལོག་དང༌། འགའ་ཞིག་རྒུད་པའི་སྡུག་བསྔལ་གྱི་མེ་རབ་ཏུ་འབར་བའི་སྤྱོད་ཚུལ་ལ་ཡིད་ལྷག་པར་གདུང་བས་སྨྲས་པ། ན་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ། གསེར་ལྡན་ལྷུན་པོ་མཚན་དཔེའི་དཔལ་འབར་སྐུ། །ཚངས་དབྱངས་བསྒྲུན་མིན་དྲུག་ཅུའི་དབྱངས་སྙན་གསུང༌། །ཆོས་ཀུན་མཐའ་དག་གསལ་བར་གཟིགས་པའི་ཐུགས། །སྙིགས་དུས་འགྲོ་ལ་གཟིགས་ཤིག་ཤཱཀྱའི་ཏོག །ཡང་དག་ལུང་ལས་རྒྱ་མཚོ་ཆེའི། །སྟེང་གི་གཉའ་ཤིང་བུ་ག་རུ། །རུས་སྦལ་ལོང་བ་མགྲིན་ཆུད་ལས། །བདེ་འགྲོ་ཐོབ་པ་ཤིན་ཏུ་དཀོན། །ཐོབ་ཀྱང་སྐལ་དམན་བདག་ཅག་རྣམས། །ཆོས་མིན་མུན་པའི་ཕྱོགས་འདིར་སྐྱེས། །འདྲེན་མཆོག་ཐུབ་དབང་ཉི་མ་དེ། །ཙ་རི་མ་ནིའི་ཕག་ཏུ་གཤེགས། །རྒྱལ་བ་སྲས་བཅས་སྐྱེས་ཆེན་རྣམས། །རང་རང་ཞིང་དུ་བཏང་སྙོམས་ཤིང༌། །ལུང་རྟོགས་ཆོས་ཀྱི་སྒྲོན་མེ་ཡང༌། །བུད་ཤིང་ཟད་པའི་མེ་དང་འདྲ། །ཐར་མེད་འཁོར་བའི་རྒྱ་མཚོ་ཆེར། །ལས་ངན་དུག་གསུམ་རྦ་རླབས་འཁྲུགས། །བཟོད་དཀའི་སྡུག་བསྔལ་ཆུ་སྲིན་གྱིས། །ཡང་ཡང་གཙེས་པ་མ་ལགས་སམ། །མཐོ་རིས་བདག་པོའི་དཔལ་མངའ་བའི། །ཚངས་དབང་ཁྱབ་འཇུག་ལྷ་ཡི་གཙོ། །རང་དབང་མ་ཐོབ་དམྱལ་མེས་སྲེག །སྲིད་པའི་བདེ་ལ་ཡིད་བརྟན་གང༌། །བདེ་སྐྱིད་མཁོ་དགུའི་འབྱོར་ལྡན་པའི། །རིན་ཆེན་འཁོར་ལོས་བསྒྱུར་རྒྱལ་ཡང༌། །མ་ངེས་འཁོར་བའི་བྲན་དུ་ཁོལ། །གདེང་མེད་སྲིད་ལ་ཞེན་པ་འཁྲུལ། །ཚེ་སྟོད་གཉེན་ནི་དགྲ་ལྡང་ཞིང༌། །འདི་ནང་དགྲ་བོ་ཕྱི་མའི་གཉེན། །སྐད་ཅིག་ཙམ་གྱིས་འགྱུར་ལྡོག་མང༌། །ཡིད་བརྟན་མི་རུང་འཁོར་བའི་ཆོས། །སྙིང་གྲོགས་མཛའ་བཤེས་ཡིད་འོང་ཀུན། །ཡིད་ཙམ་བྲལ་བས་སྡུག་བསྔལ་ན། །གཏན་དུ་སོ་སོར་འབྲལ་བ་འདི། །ཀྱེ་མ་སེམས་ལ་ཤིན་ཏུ་གཅོང༌། །ངོ་ཚ་གཏམ་ངན་སྡིག་སྡུག་རྣམས། ཁྱད་བསད་སེར་སྣས་བསགས་པའི་ནོར། །ཏིལ་འབྲུ་ཙམ་ཡང་འཁྱེར་དབང་བྲལ། །སྒྲེན་མོར་འགྲོ་བ་སེམས་ལ་གཙེར། །ཚེ་ལྷག་ལས་རླུང་སྐྱེལ་མས་བདས། །འཆི་བདག་མུན་པའི་བསུ་མ་མགྱོགས། །འཇིགས་རུང་གཡང་ས་ཆེན་པོ་དེར། །འབྲོས་ཐབས་མེད་པའི་དུས་ལ་བབ། །སྔར་བསགས་ལས་ངན་འཆི་ཁར་འགྱོད། །དགེ་ལ་མ་འབད་ཡི་མུག་ཅིང༌། །ཉེས་ལྟུང་ཁུར་ལྕི་ལྟག་ཁྱེར་ནས། །གྲོགས་མེད་བར་དོའི་འཕྲང་དེར་འཚེར། །འཇིགས་རུང་འཆི་བདག་གཤིན་རྗེ་ཡིས། །བཟོད་དཀའི་བཙོན་ཁང་མེ་འབར་བར། །མནར་མེད་བསྲེགས་པའི་སྡུག་བསྔལ་ཡང༌། །ཐར་མེད་ཅི་བྱ་གཏོལ་མེད་གྱུར། །ཤི་ནས་མེད་དེ་མི་འགྲོ་བར། ཁམས་གསུམ་འཁོར་བ་འདིར་འཁྱམས་ཚེ། །བདེ་འགྲོ་ཐོབ་ཀྱང་སྡུག་བསྔལ་གྱི། །རང་བཞིན་དག་ལས་མ་འདས་ཤིང༌། །བསྟན་བཅོས་བཞི་བརྒྱ་པ་ཉིད་ལས། །མཁས་པ་རྣམས་ལ་མཐོ་རིས་ཀྱང༌། །དམྱལ་བ་དང་མཚུངས་འཇིགས་བསྐྱེད་འགྱུར། བདེ་བ་ནམ་ཡང་མེད་པར་གསུངས། །གཟོད་ནས་སྲིད་པའི་གཅོང་རོང་འདིར། ལས་ངན་སྐྱེ་རྒ་ན་འཆི་ཡིས། །མགལ་མེའི་འཁོར་ལོ་ལྟར་འཁོར་བས། །སྡུག་བསྔལ་ཤུགས་དྲག་བཟོད་ལགས་སམ། །འདུས་བྱས་མི་རྟག་སྟོན་ཀའི་སྤྲིན། རྩོད་དུས་མི་ཚེ་བར་སྣང་གློག །གཉེན་འཁོར་དགའ་འདུས་ཚོང་དུས་མགྲོན། །ནོར་རྫས་ལོངས་སྤྱོད་སྦྲང་རྩིར་མཚུངས། །སྐྱེ་བོ་ལོག་ལྟས་རྒྱུད་དཀྲུགས་ནས། །ཆགས་སྡང་ངན་སེམས་གཡོ་སྒྱུ་ཅན། །ཆོས་མིན་མི་དགེའི་ལས་ལ་སྤྱོད། །དམྱལ་བར་ལྟུང་བར་ཐེ་ཚོམ་མེད། །སྙིགས་དུས་རབ་བྱུང་བདུད་ཀྱིས་བརླམས། །བློ་ལོག་འདོད་པས་ཆོས་བསྐྱུངས་ནས། །རྒྱལ་པོ་སྟོབས་འབྱོར་དྲེགས་སོགས་ཀྱི། །ཕོ་ཉ་དག་ལ་མགུ་ཞིང་འཇུག །ཧོར་གྱི་ཆ་ལུགས་མདའ་མཚོན་ཐོགས། །སྡིག་རྔམས་གཏུམ་པོས་ཕྱོགས་ཀུན་མྱུལ། །ཤ་ཁྲག་ཆང་ལ་དགའ་མགུར་སྤྱོད། །སེམས་ཅན་སྡུག་བསྔལ་དག་ལ་བཀོད། །རིགས་དྲུག་བཟོད་དཀའི་སྡུག་བསྔལ་ཀུན། །མི་ལུས་རྟེན་ལ་རྫོགས་པར་གནས། །བདེ་སྐྱིད་འཛོམས་པའི་སེམས་ཅན་དང༌། །ཆོས་བྱེད་ཉིན་སྐར་ཙམ་དུ་དཀོན། །ད་ནི་འཁོར་བའི་ཆོས་ཉིད་ལ། །སྙིང་པོ་མེད་པར་རྟོགས་གྱུར་ནས། །གཏན་གྱི་མདུན་མ་བསྒྲུབ་རེ་རན། །རན་པར་མ་ཟད་ཤིན་ཏུ་འགྱངས། །འཁོར་བ་བཟོད་དཀའི་བཙོན་ར་འདྲར། །སྲིད་འབྱོར་འདོད་པའི་བློ་སྤངས་ནས། །ངོ་ཚ་ཁྲེལ་ཡོད་འཕགས་པའི་ནོར། །བསྟེན་ནས་ཐར་བར་བགྲོད་ཐབས་མཛོད། །ཉམ་ཐག་འགྲོ་ཀུན་བདག་གི་མས། །གྲངས་མེད་བརྩེ་བས་དྲིན་གྱིས་བསྐྱངས། །སྡུག་བསྔལ་ཟུག་རྔུས་རྟག་མནར་བ།བདག་འདྲས་ཕན་པ་བསྒྲུབ་དཀའ་བས། །བླ་མ་རྒྱལ་བ་སྲས་བཅས་རྣམས། །ཐུགས་བསྐྱེད་དམ་བཅའ་རྗེས་དགོངས་ལ། །ཆེར་སྙི གས་སྐྱབས་མེད་འགྲོ་རྣམས་ཀྱི། མགོན་སྐྱབས་མཛོད་ཅིག་བླ་མ་ལྷ། །ཞེས་གདུང་དབྱངས་ཀྱི་ཉམས་མགུར་མཛད་དོ། །

                   དེ་ནས་གོང་ས་རིན་པོ་ཆེར་ལམ་རིམ་ཆེན་མོའི་ལུང་གི་འཕྲོ། རྗེ་རིན་པོ་ཆེའི་བཀའ་འབུམ་ཐོར་བུ། བ་རི་བརྒྱ་རྩའི་རྗེས་གནང་ཡོངས་རྫོགས་སོ་སོའི་རྒྱ་གཞུང་གི་ལུང་སོགས་དབང་ལུང་མན་ངག་རྒྱ་ཆེར་འབུལ་བར་མཛད། དེ་ནས་སྐུ་ཁམས་བསྙེ ལ་གཞི་ཆེ་བས་ཕྱོགས་འདུས་ཀྱི་ཆོས་དོན་གཉེར་ཅན་རྣམས་ལ་ཆོས་འབྲེ ལ་ཕྲན་བུ་རེ་ལས་རྒྱ་ཆེར་གནང་མ་ཐུབ། དེ་ནས་གཙང་དུ་ཆིབས་བསྐྱོད་གནང་བར་བཞེད་དེ་གོང་ས་རིན་པོ་ཆེར་ལྕམ་སྲིང་གི་རྗེས་གནང་ཞིག་གནང༌། རྒྱལ་བ་ཙོང་ཁ་པའི་བསྟན་པ་འཛིན་ཅིང་སྤེལ་བའི་ཐུགས་བསྐྱེད་མཛད་པ་དང༌། གཙོ་བོར་བསླབ་ཁྲིམས་དག་པ་གཞིར་བཟུང་ནས་རེ་ཤིག་གསན་སྦྱོང་ལ་ཐུགས་བརྩོན་ཆེ་བ་སོགས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་འཁྱོངས་པ་ཞིག་མཛད་དགོས་སོ་ཞེས་ཞལ་ཏ་ཞིབ་རྒྱས་སུ་གནང་སྟེ་གཙང་དུ་ཆིབས་ཁ་བསྐྱོད། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཚོགས་ཆེན་དང་སྤོང་བ་པའི་སྡེ་དང་བཅས་པ་ལ་ཕྱག་དབང་གནང་ཞིང་ཆོས་ཀྱི་བདུད་རྩི་རིམ་པར་སྩལ། དེ་ནས་རྗེ་ཉིད་དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་ཆུ་ཡོས་ཟླ་བ་དྲུག་པའི་ཚེས་བཅུ་ལ་ཚོགས་ཆེན་དགེ་བསྐོས་ཆེན་མོ་དཀའ་ཆེན་དོན་གྲུབ་རྒྱ་མཚོས་འདུས་པ་རྒྱ་མཚོའི་ཚོགས་ལ་དབང་ཆེན་ཞིག་དང༌། གཞན་ཡང་ཆོས་བཀའ་གང་ཟབ་དགོངས་དཔྱད་ཀྱིས་ཐུགས་རྗེས་གཟིགས་དགོས་ཚུལ་ཞུས་པར་སྔ་སོར་ཚོགས་ཆེན་ལ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་ལེགས་པར་ཕུལ་བ་ཡིན་ཡང༌། གཤིན་རྗེ་གཤེད་དམར་ནག་གཉིས་ཀྱི་དབང་ཆེན་དེང་སང་རྒྱུན་དཀོན་ཞིང༌། ལྷག་པར་ཡོངས་འཛིན་བསོད་ནམས་གྲགས་པའི་ཞལ་ཆེམས་སུ་ཡང་སླར་ཚོགས་ཆེན་ལ་གཤེན་རྗེ་གཤེད་དམར་ནག་གཉིས་ཀྱི་དབང་ཆེན་ཞིག་གནང་ཐུབ་པ་མཛད་དགོས་ཞེས་གསུངས་བྱུང་བ་བཅས་བླ་མའི་དགོངས་པ་རྫོགས་པ་དང༌། འཇམ་མགོན་བླ་མའི་བསྟན་རྒྱུན་ལ་ཕན་རེས་ད་ལམ་གཤེན་རྗེ་དམར་ནག་གཉིས་ཀྱི་དབང་ཆེན་ཞིག་བྱེད་ཅེས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་ཚེས་བཅུའི་ཉིན་གཤེད་དམར་གྱི་དབང་གི་སྟ་གོན་དང༌། ཚེས་བཅུ་གཅིག་ལ་དབང་དངོས་གཞི། ཚེས་བཅུ་བདུན་ལ་གཤིན་རྗེ་གཤེད་དགྲ་ནག་གི་དབང་གི་སྟ་གོན་དང༌། ཚེས་བཅོ་བརྒྱད་ལ་དབང་དངོས་གཞི་དགེ་འདུན་གསུམ་སྟོང་བརྒལ་བ་ལ་དགྱེས་བཞིན་དུ་སྩལ། དེ་ནས་རིམ་གྱིས་ས་ཆེན་པོའི་ཁྱོན་མཐའ་དག་ན་གནས་པའི་དད་པ་ཅན་རྗེ་འདིའི་ཞལ་གྱི་དཀྱིལ་འཁོར་བལྟ་བ་དང༌། གསུང་གི་བདུད་རྩི་ཐོབ་པར་འདོད་པ་དང༌། ལྷག་པར་རབ་བྱུང་བསྙེན་རྫོགས་འདོད་པ་རྣམས་ལ་བརྒྱུད་མར་སྩལ་ཞིང༌། བར་སྐབས་ཤིག་རྒྱལ་བ་འཕགས་པ་ལྷར་དགེ་ཚུལ་གྱི་སྡོམ་པ་དང༌། འཇིགས་བྱེད་ཀྱི་དབང་ཆེན་སོགས་ཆོས་བཀའ་མང་དུ་སྩལ། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།