པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བཅུ་གཅིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-27 20:14:46     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

168526773371505757.jpg

                     དེ་ནས་བཀྲ་ཤིས་ལྷུན་པོའི་སྔགས་གྲྭ་པ་རྣམས་ལ་ཆོས་སྐྱོང་ཡོངས་རྫོགས་ཀྱི་རྗེས་གནང་སོགས་ཆོས་བཀའ་མཐའ་ཡས་པ་གནང་ཞིང་ཚོགས་ཆེན་ལ་ཀུན་རིག་རྣམ་པར་སྣང་མཛད་དང་ཚེ་དཔག་མེད་ལྷ་དགུའི་དབང་ཡང་གནང༌། དེ་ནས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་དམན་པའི་ལས་ཀྱི་མཐུ་གྲུབ་པས་སྡེ་སྲིད་རིན་པོ་ཆེ་དང་རྒྱལ་པོ་ལྷ་སངས་ཐུགས་མ་མཐུན་པས་དུས་གཟིར་ཏེ་བོད་སོག་གི་དམག་འཁྲུག་ཆེན་པོ་བྱུང་བ་ན་༸གོང་ས་རིན་པོ་ཆེས་རྗེ་འདི་པ་ལ་ཆིངས་མཛད་དགོས་ཚུལ་གསོལ་བ་བཞིན་རྗེ་འདི་པས་ངལ་བ་ཁྱད་དུ་བསད་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྐྱོད་ཀྱང་གཞུང་སའི་བཀས་རེ་ཤིག་ཕབས་སྟབས་མ་བདེ་བར་ལམ་བར་དུ་རྒྱུན་རིང་བཞུགས་དགོས་བྱུང༌། རྗེས་སོར་ཕེབས་ཆོག་པ་བྱུང་ནས་ཕེབས་ཀྱང་སྡེ་སྲིད་རིན་པོ་ཆེ་སྟོད་ལུང་སྣང་རྩེར་རྐྱེན་དབང་དུ་སོང་བས་བྱ་ཐབས་མ་བྱུང་ཞིང༌། དེ་དག་གི་ཚེ་འཁོར་བའི་ངང་ཚུལ་ལ་ཐུགས་སྐྱོ་བས་གསུང་མགུར་འདི་ལྟར་མཛད་དེ།

                   ན་མོ་གུ་རུ་ལོ་ཀེ་ཤྭ་རྭ་ཡ། ཕ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །དྲིན་འཁོར་མེད་བློ་བཟང་རྒྱ་མཚོའི་སྡེ། །མགོན་ཁྱོད་ཀྱིས་གདུལ་བའི་ཞིང་འདི་ན། །དུས་འགྱུར་བའི་ངང་ཚུལ་འདི་འདྲར་སྣང༌། །སྤྱིར་དེང་སང་མི་རྣམས་དམུ་རྒོད་ཅིང༌། །སྒོས་ལོག་སྤྱོད་ངན་པ་དར་དུས་འདིར། །རྗེ་བུ་རམ་ཤིང་བསྟན་བདག་གཏད་ནས། །ཕ་ཁྱོད་ཉིད་རང་ཞིའི་བདེར་གཟིམས་སམ། །མ་འགྲོ་བ་དུཿཁས་གཟིར་སྐབས་འདིར། །རྗེ་ཁྱོད་ཀྱི་ཐུགས་རྗེས་མི་སྐྱོབ་ན། །བོད་གངས་ཅན་ཡོངས་ཀྱི་མགོན་པོ་ཞེས། །མཚན་གྲགས་པས་ཁྱབ་པ་དགོས་པ་ཅི། །འོན་གྱུར་ཀྱང་སྐྱོན་བྲལ་ཡོན་ཏན་གཏེར། །མགོན་ཁྱོད་ཀྱི་འཕྲིན་ལས་བསམ་མི་ཁྱབ། །དུས་སྙིགས་མའི་ལོག་སྤྱོད་ངང་ཚུལ་ལ། །བདག་སྐྱོ་བས་གདུང་ཡུས་ཙམ་དུ་ཟད། །བོད་གངས་ཅན་ལྗོངས་གནས་འགྲོ་བ་ཀུན། །ཉོན་མེ་འོད་ཞེན་པའི་ཕྱེ་མ་ལེབ། །དུས་དང་པོར་བསྲུངས་དུས་མ་ཐུབ་ན། །མཐར་མེ་དོང་ལྷུང་ནས་ཅི་བྱར་ཡོད། །རྗེ་རྒྱལ་བས་བདེ་བའི་ཐབས་བསྟན་པ། །དུས་དང་པོ་ཉིད་ནས་མི་སྤྱོད་ན། །ལས་ངན་པའི་འབྲས་བུ་རང་སྨིན་དུས། །རྗེ་སངས་རྒྱས་ཀྱིས་ཀྱང་སྐྱོབ་པར་དཀའ། །ཡུལ་ཁ་བ་ཅན་གྱི་ལྗོངས་འདི་ན། །རང་ཆེ་བར་རློམ་ཞིང་ཀུན་གྱིས་བཀུར། །མཐར་དབང་མེད་གཤེགས་ཚུལ་འདི་ལྟོས་ལ། །ཀུན་དམན་ཆ་བཟུང་ལ་གནོད་སེམས་སྤོ ངས། །ནོར་ལོངས་སྤྱོད་འདོད་དགུའི་གཏེར་ལྡན་ཡང༌། །མཐར་ཏིལ་འབྲུ་ཙམ་དང་རང་ལུས་ཀྱང༌། །བདག་བྱ་བའི་དབང་མེད་ཚུལ་ལྟོས་ལ། །ལུས་ལོངས་སྤྱོད་ཀུན་ལ་སྙིང་པོ་ལོངས། །རྟེན་ལན་ཅིག་རྙེད་པ་མི་ཡི་ལུས། །འདི་མྱུར་འཇིག་རྩྭ་རྩེའི་མེ་དང་མཚུངས། །ཚེ་འདི་ཡི་བྱ་བྱེད་ཀུན་བོར་ལ། །དུས་རྟག་ཏུ་མི་རྟག་འཆི་བ་སོམས། །ལུས་རྗེས་སུ་འབྲང་བའི་གྲིབ་མ་བཞིན། །ཤི་རྗེས་སུ་དཀར་ནག་ལས་འབྲང་བས། །སྡིག་མི་དགེ་བཅུ་པོ་རབ་སྤོངས་ལ། །ཆོས་དགེ་བ་རྣམ་བཅུ་འབད་པས་སྒྲུབས། །ཚེ་འདི་ཡི་དགྲ་འདུལ་གཉེན་སྐྱོང་ཕྱིར། །ཉིན་མཚན་དུ་ངལ་བ་བརྒྱས་བསྒྲུབས་ཀྱང༌། །མཐར་མི་བཟད་དམྱལ་བའི་བཙོན་དོང་དུ། །བཙོ་བསྲེག་སོགས་སྡུག་བསྔལ་དཔག་མེད་མྱོང༌། །ཚེ་འདི་ཡི་ལུས་སེམས་དུབ་ཀྱང་བླའི། །དགྲ་བདག་འཛིན་གྱི་འགོང་པོ་འདི་ཐུལ་ན། །དུས་གཏན་གྱི་བདེ་བ་ཀུན་འབྱུང་བས། །ད་རང་སེམས་འདུལ་ཐབས་ཁོ་ནར་འབུངས། །ཡོངས་འཁོར་མཚོར་འཁྱམས་པའི་འགྲོ་བ་ཀུན། །དྲིན་ཆེ་བའི་ཕ་མ་ཤ་སྟག་ཡིན། །དོན་དེ་ཕྱིར་ཆགས་ཤིང་སྡང་བ་འཁྲུལ། །བྱམས་སྙིང་རྗེས་ཀུན་ལ་ཁྱབ་པར་མཛོད། །སྔོན་ཐོག་མ་མེད་ནས་ད་ལྟའི་བར། །བློ་འཁྲུལ་པ་འདི་ཡིས་བསླད་པའི་མཐུས། །ཀུན་གཏན་སྡུག་ཕུང་པོ་འདི་འདྲར་སྦྱར། །ད་རྒྱལ་སྲས་སྤྱོད་ཀུན་སྤྱད་ན་ལེགས། །མི་བདག་ལ་གཏད་སོ་མ་མཆིས་ཀྱང༌། །རྗེ་རྒྱལ་བས་གདམས་དོན་མདོར་བསྡུས་ཡིན། །ཚུལ་འདི་ཙམ་འབད་པས་བསྒྲུབས་ན་ཡང༌། །རང་གཞན་ཀུན་བདེ་བའི་དཔལ་ལ་སྦྱོར། །དུས་ད་ལྟར་རང་དབང་ཡོད་སྐབས་འདིར། །ཚེ་འདི་ཕྱི་འདམ་ཀ་མ་ལོག་པར། །ཆོས་དགེ་བ་བཅུ་ལ་འབུངས་ཤིག་ཅེས། །མི་ཁོ་བས་ཀུན་ལ་གྲོས་སུ་འདེབས། །སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །མཁྱེན་རབ་ཀྱི་ལྷ་ལམ་ཁྱོན་ཡངས་ལས། །བརྩེ་ཆེན་གྱི་བྱིན་རླབས་ཆར་ཕོབས་ལ། །གདུག་རྩུབ་ཀྱི་མེ་ཆེན་ཞི་བར་མཛོད། །རྗེ་རྒྱལ་བ་སྲས་བཅས་ཐུགས་བསྐྱེད་སྨོན། །ཅི་བཏབ་ཀུན་དེང་དུས་འབྱོ ར་གྱུར་ཏེ། །བརྟན་གཡོ་ཡི་སྡིག་འབྲས་ཀུན་ཞི་ནས། །ཆོས་དགེ་བཅུའི་དཔལ་འབྱོར་རྒྱས་གྱུར་ཅིག །ཅེས་སོ། །དེ་ནས་ལོ་ཤས་ཀྱི་རིང་ལ་བཀྲ་ཤིས་ལྷུན་པོ་ཉིད་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ཕྱོགས་འདུས་ཀྱི་འགྲོ་བ་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་བསྐྲུན་པར་མཛད། དེ་ནས་བར་སྐབས་ཤིག་རྒྱལ་པོ་ལྷ་སངས་ཁང་གིས་གདན་དྲངས་ཏེ་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ལ་དགེ་བསྙེན་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་རྣམས་དཀྱུས་གཅིག་ལ་འབུལ་བར་མཛད། ཕོ་བྲང་དུ་ཕེབས་ནས་དབང་ལུང་མན་ངག་མཐའ་ཡས་པ་རིམ་པར་འབུལ་བར་མཛད།

                   གཞན་ཡང་སེ་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་དབུས་ཕྱོགས་ཀྱི་ཆོས་དོན་གཉེར་བ་རྣམས་ལ་དབང་ལུང་མན་ངག་མཐའ་ཡས་པ་དང༌། རབ་བྱུང་བསྙེན་རྫོགས་བགྲང་བ་ལས་འདས་པ་སྩལ། ལྷག་པར་ཞབས་དྲུང་ལྷ་པའི་སྐུ་སྐྱེ་བློ་བཟང་འཕྲིན་ལས་ལ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད། ལམ་གཙོའི་ཁྲིད། བླ་མ་མཆོད་པའི་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད་དང་བླ་བརྒྱུད་གསོལ་འདེབས་ཀྱི་ལུང༌། རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ནང་གི་ཁོང་སྐྲན་འདོན་པའི་སྐྱུག་སྨན་སོགས་ཆོས་བཀའ་མཐའ་ཡས་པ་སྩལ་ཏེ་ཞབས་དྲུང་ལྷ་པའི་སྤྲུལ་སྐུ་འདི་རྗེ་རྒྱལ་བ་གཉིས་པའི་བསྟན་པར་ཕན་རེ་ཆེ་བས་སྔ་ཕྱི་ལན་མང་པོར་གཟིམ་ཆུང་དུ་གཅིག་པུ་ལ་རྗེ་བླ་མའི་སྙན་བརྒྱུད་ཀྱི་གདམས་པ་མང་དུ་སྩོལ་བར་མཛད་དོ། །དེ་ནས་ཡང་བོད་ཁམས་འདིར་སེམས་ཅན་སྤྱི་མཐུན་གྱི་ལས་ངན་པའི་མཐུས་དུས་གཟིང་ཆེ་བར་བྱུང་སྟེ་ཇུན་སྒར་ནས་རྒྱལ་པོ་ཧོང་ཐཱ་ཇིས་དམག་དཔུང་ཆེན་པོ་བཏང་སྟེ་རྒྱལ་པོ་ལྷ་སངས་བོད་དམག་དང་བཅས་པ་རྣམས་དང་འདམ་དུ་འཁྲུག་གཟིང་བྱས་ཚེ་རྗེ་འདི་པས་ཐུགས་སྙིང་རྗེ་ཆེན་པོས་མ་བཟོད་པར་ངལ་བ་ཁྱད་དུ་བསད་ནས་འདམ་དུ་ཆིབས་ཁ་བསྒྱུར་ཏེ་ཟང་ཟིང་གི་དངོས་པོ་ཕངས་མེད་བཏང་ནས་ཆིངས་བསྒྲིགས་མཛད་ཀྱང་མ་འདུམས་པར་ཇུན་སྒར་གྱི་དམག་སྟོང་ཕྲག་བཞི་ཙམ་ལྷ་སར་ཤོར། བོད་དམག་རྣམས་འཐོར་ཏེ་བྲོས། རྒྱལ་པོ་ལྷ་བཟང་དཔོན་གཡོག་རྣམས་ཀྱིས་པོ་ཏ་ལ་བཟུང་སྟེ་བཞུགས་པའི་ཚེ་རྗེ་འདིས་ལྷ་ས་བླ་བྲང་དུ་བཞུགས་ནས་ཇུན་སྒར་གྱི་དམག་དཔོན་རྣམས་སྐུ་མདུན་དུ་བོད་པར་མཛད་དེ་རྒྱལ་པོ་ལྷ་སངས་འཁོར་བཅས་ལ་སྲོག་སྐྱོན་མེད་པར་ངེད་ལ་གནང་དགོས། རྒྱལ་པོ་ཧོང་ཐཱ་ཇི་ལ་ངེད་རང་གིས་ཞུས་ཆོག་ཅེས་དངོས་པོ་སྦམ་ཆེ་བ་གནང་སྟེ་ཞུ་བ་མཛད་ཀྱང་རྒྱལ་པོ་ལྷ་སངས་རང་ཇུན་སྒར་གྱི་དམག་དཔོན་ཚེ་རིང་དོན་གྲུབ་ཀྱི་གདོང་དུ་བྱུང་ན་ངེད་རང་ངོས་ཀྱི་རྒྱུ་མཚན་ཞིབ་སེད་བྱས་ནས་བླ་མའི་བཀའ་བཞིན་ཞུས་ཆོག །དེ་མིན་བྱ་ཐབས་མེད། ལར་ནི་རྒྱལ་པོ་ཧོང་ཐཱ་ཇིས་མི་ནོར་མང་པོ་འདི་བལྟོས་པ་མེད་པར་ངེད་ཚོ་དམག་ལ་བཏང་བ་འདི་རྒྱལ་པོ་ཧོང་ཐཱ་ཇི་རང་ལ་རང་འདོད་གང་ཡང་མེད། བོད་ཀྱི་མི་ངན་འགའ་ཞིག་གིས་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་གནོད་པ་ཆེན་པོ་བྱས་པ་ཐུགས་ཀྱིས་མ་བཟོད་ནས་རྒྱལ་བའི་བསྟན་པ་ཁོ་ནའི་ཆེད་དུ་ངེད་ཚོ་བཏང་བ་ཡིན། ལྷ་སངས་ཁང་རང་ལ་དེ་ཙམ་གྱི་སྐྱོན་མེད་ཟེར་ཞིང་ད་དུང་རྒྱལ་པོའི་སྐུ་སྲོག་སྐྱོབ་ཐུབ་པ་ཞིག་ཡོང་རེས་ཕན་སྐོར་སྣ་ཚོགས་མཛད་ཅིང་ལྷ་ལྡན་རང་དུ་བཞུགས་ཀྱང་རྒྱལ་པོ་ལྷ་སངས་ཀྱིས་པོ་ཏ་ལ་ནས་འཐོན་ཏེ་འཐབ་འཛིང་དུ་ཕེབས་པ་ཇུན་སྒར་གྱི་དམག་མིས་རྒྱལ་པོ་ངོ་མ་ཤེས་པར་རྐྱེན་དབང་དུ་སོང་བས་མཛད་ཐབས་མ་བྱུང༌། ད་དུང་བོད་ཀྱི་མི་དྲག་མང་པོ་ལ་ཧོང་ཐཱ་ཇིའི་བཀའ་བཀྱོན་ཡོད་སྐད་གསན་པས་དེ་རིགས་ལ་སྲོག་སྐྱོབ་འདྲ་ཐུབ་པ་ཡོངས་རེས་རེ་ཤིག་ལྷ་ལྡན་རང་དུ་བཞུགས་རྩིས་མཛད་ཀྱང་ཇུན་སྒར་གྱི་དམག་དཔོན་རྣམས་ནས་འདིར་མ་བཞུགས་པར་གཙང་ལ་འཕྲལ་དུ་ཆིབས་བསྐྱོད་མཛོད་ཅེས་ཞུ་ནན་ཆེ་བས་མཛད་ཐབས་གང་ཡང་མ་བྱུང་བར་གཙང་ལ་ཆིབས་བསྐྱོད་གནང༌། དེ་སྐབས་བདེ་བ་འདོད་ཀྱང་བླང་དོར་གོ་ལོག་སྟེ་སྡུག་བསྔལ་གྱི་རྒྱུ་ལ་རྔམ་ཞིང་འཇུག་པ་མང་པོ་དང༌། འགའ་ཞིག་དབང་མེད་དུ་སྡུག་བསྔལ་དྲག་པོས་མནར་ཏེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་སྙིགས་མའི་སྐྱེ་བོ་རྣམས་ཀྱི་ངང་ཚུལ་ལ་ཐུགས་སྐྱོ་ནས་སྐྱོ་ཤས་ཀྱི་ཉམས་མགུར་འདི་ལྟར་མཛད་དེ།

                   ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདྲེན་པ་ཀུན་གྱི་མཆོག་གྱུར་ཟས་གཙང་སྲས། །རྒྱལ་བའི་རྒྱལ་ཚབ་འཇམ་མགོན་ཙོང་ཁ་པ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆི། །རྟེན་རྙེད་པར་དཀའ་བ་དལ་འབྱོ ར་ལུས། །འདི་ཐོབ་ནས་གཏན་མདུན་མི་སྒྲུབ་པར། །ནོར་རིན་ཆེན་བཞག་ནས་མཆིང་བུ་ལེན། །རྟེ ན་སྟོང་ལོག་བྱེ ད་ལ་བརྩེ་བས་གཟིགས། །མཐོ་ལྷ་ལམ་ཡངས་པའི་ཆུ་འཛིན་ལྟར། །དུས་དེང་སང་སྐྱེ་བོའི་དར་རྒུད་དང༌། །ཡིད་གྱ་གྱུ་མང་པོའི་འགྱུར་ལྡོག་རྣམས། །འདི་མཐོང་ཡང་ངེས་འབྱུང་བློ་དང་བྲལ། །ཡིད་བརྟན་དུ་མེད་པའི་སྲིད་འབྱོར་ལ། །དུས་རྟག་ཏུ་འདོད་སྲེད་ཞགས་པས་བཅིངས། །འདི་སྦྲང་མས་བསགས་པའི་སྦྲང་རྩི་བཞིན། །ནོར་རང་གིས་བསགས་པ་གཞན་གྱིས་སྤྱོད། །རང་སྐྱེས་ནས་འཇིགས་རུང་འཆི་བདག་གི །ཁར་ཆུད་ནས་ལས་ངན་མཆེ་རྣོན་གྱི། །ཕྲག་ཆུད་ཀྱང་ཚེ་འདིའི་མདུན་ཐབས་བསྒྲུབ། །དོན་ཕྱིན་ཅི་ལོག་པ་སྨྱོན་པ་རང༌། །གཉེན་འཁོར་མང་འདོད་དགུའི་དཔལ་རོལ་ཀྱང༌། །རང་གཅིག་པུར་ཕ་རོལ་འགྲོ་བའི་ཚེ། །ཆོས་མིན་པ་ཕན་པ་ཅང་མེད་པས། །ནོར་འདོད་དགུ་དམྱལ་བའི་བུད་ཤིང་ཡིན། །ད་སྲི ད་རྩེ་ནས་བཟུང་དམྱལ་འཁོར་མཚོར། །ལས་དུག་གསུམ་རྦ་རླབས་དྲག་འཁྲུག་ཅིང༌། །སྐྱེ་ན་རྒ་འཆིའི་སྡུག་བསྔལ་གྱིས། །དུས་རྟག་པར་གཙེས་པའི་གནས་ཚུལ་སོམས། །སྔར་བསགས་པ་འཛད་ཅིང་འདུས་པ་ཀུན། །ངེས་འབྲལ་ཞིང་མཐོན་པོའི་མཐའ་མ་རྒུད། །སྐྱེ་བཞིན་དུ་འཆི་བར་མངོན་ཕྱོགས་ཤིང༌། །ད་གཏན་གྱི་མདུན་མ་བསྒྲུབ་ལ་བརྩོན། །སྤྱིར་ཆོས་བརྒྱད་སྣང་བ་བསླུ་བྲི ད་མཁས། །སྒོས་སྙི གས་དུས་མི་ཚེ་བར་སྣང་གློག །ད་ངན་སོང་གཡང་ས་ཡ་ང་བ། །དེ་བཟློག་པའི་ཐབས་ལ་འབད་པར་མཛོད། །འཁོར་བའི་ཕུན་ཚོགས་དམྱལ་མེའི་འོབས་ལྟར་མཐོང༌། །འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །རྒྱལ་སྲས་རླབས་ཆེན་སྤྱོད་ལ་བརྩོན་འགྲུས་ཀྱིས། །ཡིད་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །ཅེས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།