པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་དགུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 15:35:02     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 90642434459277989.jpg

                     རྗེ་འདི་ལ་རྒྱ་བོད་ཧོར་གསུམ་ནས་མཎྜལ་དང་མཁོ་དགུའི་ཡོ་བྱད་འབུལ་མི་གྲངས་ཀྱིས་མི་ལང་བ་ལ་བཀྲ་ཤིས་རྩེ་པས་མཎྜལ་ཕུལ་བ་འདི་ལ་ལྷག་པར་དགྱེས་ཚོར་ཆེ་བས་སྨོན་ཚིག་འདི་ལྟར་མཛད་པ་ནི་མ་འོངས་པའི་འབྱུང་འགྱུར་ལ་དགོངས་པར་མངོན་ནོ། །དེ་སྐབས་གོང་མ་ཆེན་པོའི་གསེར་ཡིག་པ་གསེར་སྲང་ལྔ་བརྒྱ་དང་དངུལ་སྲང་ཉིས་སྟོང་གིས་གཙོས་པའི་དངོས་པོ་ཚད་མེད་པ་དང་བཅས་འབུལ་མི་གནང་བ་འབྱོར་པར་གོང་མ་ཆེན་པོའི་བཀའ་ངག་ལ་ངའི་ཕའི་ཐོག་རྒྱལ་དབང་ཐམས་ཅད་མཁྱེན་པ་སྤྱན་དྲངས་པས་བསྟན་འགྲོར་ཕན་ཆེ་ཞིང་རྒྱ་བོད་ལུགས་ལེགས་པ་བྱུང༌། ད་རྒོས་སྦོག་ཐོ་པཎ་ཆེན་གྱིས་རྒྱལ་བའི་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ནས་རྒྱ་ནག་ཏུ་ཕེབས་དགོས་ཚུལ་སེར་ཡིག་དང་བཀའ་ངག་བཅས་བྱུང་བའི་ཐོག་སྡེ་སྲིད་རིན་པོ་ཆེ་ནས་ཀྱང་གོང་མ་ཆེན་པོའི་བཀའ་འདི་ཕེབས་པ་རྨི་ལམ་དུ་བསྒུགས་པ་མངོན་སུམ་དུ་བྱུང་བ་ལྟ་བུ་འདུག་པས་ད་ལམ་ཅིས་ཀྱང་ཕེབས་དགོས་ཞེས་ཞུ་བ་མཛད་པར་རྗེ་འདི་བ་ནི་གསེར་དང་བོང་བ་མཉམ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་ཐུགས་མངའ་བ་ཡིན་གཤིས་རྒྱ་ནག་ཏུ་འབྱོན་པ་དགག་བྱ་ཆེ་ཞིང་དགོངས་པ་ཆུང་བར་གཟིགས་ནས་གོང་མའི་གསེར་ཡིག་པ་རྣམས་ལ་བཀའ་འདི་ལྟར་གནང་སྟེ། དངོས་གཞི་གོང་མ་ཆེན་པོ་མཆོག་ཏུ་དགྱེས་པའི་བཀའ་ལུང་ཡིན་འདུག་ཀྱང་འབྲུམ་པ་མ་ཐར་བས་འགྲོ་བསྐྱོད་ཅི་ལ་འོང་རུང༌། གོང་མའི་ཐམ་ཁ་ལ་བལྟས་ནས་ཞིབ་ཆ་རྗེས་ལ་ཡོང་བཀའ་ཕེབས་ཤིང༌། མགྲོན་གཉེར་ལ་ཡང་ཁོང་མི་སྣ་རྣམས་ལ་ཞུས་པ་བཞིན་དེ་རིགས་བསླབ་སྟོན་སྤང་བླང་ཞུ་ཐུབ་མདོག་མ་ཁ་བས་དགོངས་སེལ་གྱི་ཞུ་ཡིག་འཐུས་པ་བྱེད་གསུངས་ཤིང༌། འཇམ་དབྱངས་གོང་མ་ཆེར་པོར་ཡང་ཞུ་ཡིག་རྟེན་སྦྲགས་དང་བཅས་རྒྱ་ནག་ཕྱོགས་སུ་འགྲོ་བ་ལ་འབྲུམ་དོགས་ཀྱིས་བག་གཟོན་བྱེད་དགོས་སོགས་རྒྱུ་མཚན་ཞིབ་འཐུས་གནང༌། དེ་མཚུངས་མི་སྣ་རྣམས་ལ་ཡང་ངག་མར། དངོས་གཞི་གོང་མ་ཆེན་པོ་ཤིན་ཏུ་དགྱེས་ཤིང་སྤྱན་བསྐྱངས་ཆེ་བའི་བསླབ་སྟོན་ཡིན་འདུག་གཤིས་བཀའ་དང་ལེན་ཞུ་སྤྲོ་ཡང༌། སྤྱིར་ཐོས་བསམ་བྱེད་པའི་འཕྲོ་ཡིན་པར་མ་ཟད་འབྲུམ་པའི་ནད་མ་ཐར་བས་འདིར་ཡང་དུས་རྒྱུན་དུ་འབྲུམ་ནད་ལ་བག་གཟོན་གྱིས་བཅད་མཚམས་དམ་པོར་སྡོད་དགོས་པ་བཅས་དགག་བྱ་ཆེ་བ་དང༌། ཡང་སྒོས་སུ་བདག་ལྟ་བུ་ཞིག་གིས་བསྟན་པ་དང་སེམས་ཅན་ལ་ཕན་དཀའ་གཤིས་འགྲོ་འདུག་ངལ་བ་ཙམ་ལས་དགོས་པ་ཆུང་བ་བཅས་སྤྱི་སྒོས་གང་ས་ནས་དགོངས་པ་ཞུ་དགོས་ཀྱི་ཞུ་ཡིག་ཞིབ་འཐུས་ཕུལ་ཡོད་པས། ཁྱེད་རྣམས་ཀྱིས་ཀྱང་༸གོང་མ་ཆེན་པོའི་སྐུ་ཞབས་སུ་དེ་ལུགས་བཞིན་དགོངས་པ་རྩ་ཡངས་བརྩེ་བས་གཟིགས་དགོས་པའི་བསླབ་སྟོན་གང་དྲག་ཞུ་གྲོགས་མཛོད་གསུངས་ཤིང༌། མགྲོན་གཉེར་འབྲི་ལུང་པར་ཡང་སྡེ་སྲིད་རིན་པོ་ཆེའི་ཞུ་ཡིག་ཏུ་ཞིབ་འཐུས་ཕུལ་ཡོད་པ་ལྟར་དགོངས་ཡངས་ཐུགས་རྗེ་ཆེ་དགོས་པའི་བསླབ་སྟོན་ཞུ་གྲོགས་མཛོད་ཅེས་གསུངས་ཤིང༌། དེ་མཐུན་༸གོང་མའི་ཞུ་ལན་དུའང་དེ་ལྟར་འབུལ་བར་མཛད།

                   ཡང་དེའི་ཕྱི་ལོ་གོང་མ་ཆེན་པོ་ནས་གསེར་དངུལ་ལ་སོགས་པའི་ཡོ་བྱད་ཕོན་ཆེ་བ་དང་བཅས་ཡང་སྐྱར་རྗེ་འདི་པ་ཕོ་བྲང་དུ་གདན་འདྲེན་པའི་གསེར་ཡིག་དང་བཀའ་ངག་བཅས་འབྱོར་པ། མི་སྣ་རྣམས་ཀྱི་ངག་ནས་འདི་ལྟར་ཞུ་བ་བྱུང་སྟེ། ༸གོང་མ་རྒྱལ་པོའི་བཀའ་ལ་པཎ་ཆེན་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་སྔ་སོར་གདན་འདྲེན་བཏང་ཡང་བྱོན་པ་མ་བྱུང༌། ད་ལམ་ཅིས་ཀྱང་འབྱོན་དགོས་ཚུལ་གསེར་ཡིག་དང་བཀའ་ངག་མ་བཅས་བྱུང་བར་རྗེ་འདིས་ལན་དུ་འདི་ལྟར་གསུངས་ཏེ། ངེད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་པར་ཤར་ཕྱོགས་༸གོང་མའི་རྒྱལ་ཁབ་ཏུ་ཡོང་དགོས་བཀའ་སྩལ་ཕེབས་པ་བདག་ཉིད་ལ་གཟིགས་པ་ཤིན་ཏུ་མཐོ་བའི་བཀའ་སྩལ་ཡིན་འདུག་ཀྱང༌། འབྲུམ་ནད་ལ་འཛེམ་དགོས་ཀྱི་དགག་བྱ་ཆེ་བ་བཅས་ཁས་ལེན་ཞུ་མི་ནུས་འདུག་པས། དེ་དོན་ལྟར་ཁྱེར་མི་སྣ་སྦྲེལ་པོས་ཀྱང་ཞུ་གང་ལེགས་ཀྱི་སྒོ་ནས་དགོངས་ཁྲོལ་ཡོང་བའི་གྲོགས་དན་དགོས་ཚུལ་གསུངས་ནས་ཕེབས་པར་མ་བཞེད། སྡེ་སྲིད་རིན་པོ་ཆེ་ནས་༸གོང་མ་ཆེན་པོའི་བཀའ་བཅག་ན་སྐུ་ཉིད་རང་ལ་ཡ་ཡུད་ཡོང་ཞིང་རྒྱ་བོད་ཀྱི་བསྟན་སྲིད་ལའང་མི་འགབ་ཅེས་ཚ་ནན་ཞུས་འདུག་ཀྱང་རྗེ་འདི་པ་ནི་སྲིད་གསུམ་སྒྱུ་མ་དང་རྨི་ལམ་ལྟར་གཟིགས་ཤིང་སེམས་ཅན་ལ་ཕན་ན་ནི་དམྱལ་བའི་མེ་ནང་དུའང་འབྱོན་པར་བཞེད་ལ། དེ་ལྟ་མིན་ན་རང་དོན་དུ་ནི་ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ཡང་མི་བཞེད་ཅིང༌། རང་དོན་དུ་ཐར་པའི་བདེ་བའང་སྒྲུབ་པར་མི་བཞེད་ན་ཚེ་འདིའི་ཕུན་ཚོགས་ལ་ཐུགས་ཆགས་པའི་གོ་སྐབས་ག་ལ་ཡོད། ཚུལ་འདི་ནི་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་ཐམས་ཅད་མཁྱེན་པ་འདིའི་རྣམ་པར་ཐར་པ་ཐུན་མོང་མིན་པ་ཞིག་སྟེ། དེང་སང་སྙིགས་མ་ལྔ་ཆེས་ཆེར་བདོ་བས་སྐྱེ་བོ་ཕལ་ཆེར་ཚེ་འདིའི་ལྟོ་གོས་ཙམ་ཞིག་དོན་དུ་གཉེར་བ་ལས་ཆོས་ལ་སེམས་པའི་གོ་སྐབས་བྲལ་ཞིང༌། ཆོས་པར་རློམ་པ་ཕལ་མོ་ཆེ་ཡང་ཚེ་འདིའི་རྙེད་བཀུར་ངན་ངོན་རེ་ལ་ཆགས་ནས་སྒོ་གསུམ་གྱི་སྤྱོད་པ་ཅི་བྱེད་རྙེད་བཀུར་སྙན་གྲགས་སྒྲུབ་པའི་ཐབས་ཁོ་ནར་བྱེད་པ་ལས་ཚེ་འདིའི་འཁྲི་བ་བཅད་དེ་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པ་ཉིན་མོའི་སྐར་མ་ལྟར་དཀོན་པའི་དུས་མཐའ་འདིར། ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་གོང་མ་བདག་པོ་ཆེན་པོས་གུས་པས་མཆོད་པའང་བདག་གིར་མི་མཛད་ཅིང་རི་དྭགས་ལ་ཤ་བྱིན་པ་ལྟར་ཚུལ་འདིས་རྐྱེན་བྱས་ནས་སྲིད་པའི་ཕུན་ཚོགས་མཐའ་དག་ལ་ཆེས་ཆེར་སྐྲག་པར་མཛད་པ་འདི་འདྲ་བའི་རྣམ་པར་ཐར་པ་ནི་བློ་གཟུ་བོར་གནས་པ་རྣམས་ཀྱིས་ལེགས་པར་བསམས་ན་སྙིགས་མ་ལྔ་བདོ་བའི་དུས་མཐའ་འདིར་འདི་འདྲ་བའི་བདག་ཉིད་ཆེན་པོ་བྱོན་པ་ནི་སྙིགས་མའི་འགྲོ་བ་རྣམས་མགོན་དང་བཅས་སོ་སྙམ་དུ་སྙིང་ནས་དད་ཅིང་གུས་པས་གསོལ་བ་གདབ་པར་བྱ་བའི་གནས་སོ། །ཚུལ་འདི་དག་ལ་ནི་རྗེ་རང་ཉིད་ཀྱི་ཞལ་ནས་འདི་ལྟར་གསུངས་ཏེ། མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེར་གཅེས་སྤྲས་སུ་བྱེད་པའི་སྒོ་ནས་ཡི་དམ་གྱི་ལྷ་དུ་མའི་བསྙེན་སྒྲུབ་ལ་བརྩོན་པར་བྱར་ཡོད་པ་དང༌། གོང་མ་ཆེན་པོར་དགོངས་པ་ཞུ་བདེ་བ་སོགས་འབྲུམ་པ་མ་ཐར་པ་ཡང་རྐྱེན་ངན་དགེ་བའི་བཤེས་གཉེན་དུ་ཆེ་བ་བྱུང་ངོ༌།

                    སྨྲས་པ། དལ་འབྱོར་རྟེན་བཟང་ལན་ཅིག་ཐོབ་དུས་འདིར། །རྩེ་གཅིག་དམ་ཆོས་བསྒྲུབ་པའི་ལོང་མེད་པར། །རྟག་ཏུ་གཞན་ངོ་བསྲུང་བས་འདའ་དགོས་སྐབས། །འབྲུམ་ནད་མ་ཐར་པ་ཡང་གྲགས་སུ་བཟང༌། །ས་ཡི་ཚངས་པ་འཇམ་དབྱངས་གོང་མའི་བཀས། །སྦྱངས་སྟོབས་ཡོན་ཏན་ཆུང་བའི་སྙོམ་ལས་པ། །བདག་འདྲར་ཤར་ཕྱོགས་གོང་མའི་རྒྱལ་ཁབ་ཏུ། །བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ཤོག་ཅེས་གསུངས། །བཀའ་ནན་ལྕི་བ་རི་གཟར་རྦབ་ལྟ་བུ། །བཟློག་པར་དཀའ་ཞིང་བསྟན་འགྲོར་ཕན་གྱུར་ན། །འགྲོ་བར་སྨོན་ཡང་རྣམ་གཡེང་མི་འཕེལ་བ། །རྐྱེན་ངན་དགེ་བའི་བཤེས་གཉེན་ཆེན་པོར་བྱུང༌། །མདོ་རྒྱུད་ཟབ་དོན་དཔག་པར་དཀའ་བའི་གནད། །ཚུལ་བཞིན་མ་རྟོགས་རྒྱ་ཆེའི་བཤད་རྩོམ་སོགས། །མཁས་བྱའི་གནས་ལུགས་ཀུན་ལ་མི་མཁས་ཀྱང༌། །སྤྲོས་པའི་མཚན་མ་རྣམས་ལ་བདག་མི་སྤྲོ། །དེ་ཕྱིར་རྟག་ཏུ་ཚུལ་ཁྲིམས་གཙང་ལྡན་ཞིང༌། །རིས་མེད་བསྟན་འགྲོར་གུས་དང་བརྩེ་སེམས་ཀྱིས། །ཐུབ་བསྟན་ཉམས་པ་མེད་པར་འཛིན་པ་ལ། །བློ་བཟང་གྲགས་པའི་དཔལ་དང་མཚུངས་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་སྡེ་སྲིད་རིན་པོ་ཆེས་ཞུ་སམ་ཞིག་ལ་སྡེ་སོར་གོང་ས་ལྔ་པ་ཆེན་པོ་ཆུ་ཁྱི་ཧོར་ཟླ་གཉིས་པའི་ཚེས་ཉེར་ལྔ་ལ་ཞིང་གཤེགས་ཀྱང་རེ་ཤིག་གསང་བ་མི་བྱེད་དཀའ་མེད་བྱུང་ཞིང་དེ་ཚེ་མཆོག་གི་སྤྲུལ་སྐུ་མཚོ་སྣ་ཕྱོགས་སུ་འཁྲུལ་བྲལ་བབས་ནས་གདན་འདྲེན་རྩིས་ཡིན་པས་པཎ་ཆེན་རིན་པོ་ཆེ་ཉིད་དགེ་ཚུལ་གྱི་མཁན་པོར་སྣ་དཀར་རྩེར་ཕེབས་དགོས་ཚུལ་ཞུས་པས་རྗེ་འདིས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་ཆིམས་ཁ་བསྒྱུར་ནས་སྣ་དཀར་རྩེར་ཕེབས་ཏེ་དུས་ཆེས་ཁྱད་པར་ཅན་གྱི་ཉིད་སྣ་དཀར་རྩེའི་གཟིམ་ཆུང་དུ་རྗེ་འདིས་མཁན་སློབ་སྦྲགས་མ་མཛད་དེ། རྒྱལ་བ་ལྔ་པ་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུ་ལ། དགེ་བསྙེན། བར་མ་རབ་བྱུང༌། དགེ་ཚུལ་གྱི་སྡོམ་པ་རྣམས་རིམ་གྱིས་ཕུལ་ཏེ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་མཚན་གསོལ། དེ་ནས་ཆོས་ཀྱི་ཐོག་མར་འཇམ་དཔལ་མཚན་བརྗོད་དང༌། ཚེ་མདོ་གདུགས་དཀར། སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག །ཤེར་སྙིང༌། འདའ་ཁ་ཡེ་ཤེས། སྨོན་ལམ་རྣམ་གསུམ། བསྟོད་ཆེན་བཞི་སོགས་ཀྱི་ལུང་དང༌། རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ། རྣམ་ཐར་དད་པའི་འཇུག་ངོགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལས་རྗེ་རང་ཉིད་ཀྱི་རྣམ་ཐར་དང༌། ཡབ་རྗེ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་གྱི་ལུང་བཅས་འབུལ་བར་མཛད། དེ་ནས་རིམ་གྱིས་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་རྣམས་ཕུལ། དེ་ནས་ཕོ་བྲང་པོ་ཏ་ལར་ཕེབས་ནས་གོང་ས་མཆོག་གི་སྤྲུལ་པའི་སྐུ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་བཞི་ཡོངས་སུ་རྫོགས་པ་འབུལ་བར་མཛད་ཅིང་གཞུང་ས་ནས་བསྐུལ་མ་མཛད་པ་ལྟར་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་གདུང་རིལ་པོར་བཞུགས་པའི་གསེར་གྱི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ལ་རབ་ཏུ་གནས་པ་རྒྱས་པར་མཛད། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།