པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 15:25:12     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

232836632265942602.jpg

                    རྗེ་འདི་ནི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་ཤིན་ཏུ་བཟོ་བར་མཛད་པས་བླ་ཆེན་གྱི་གོ་སར་བཞུགས་པ་ཙམ་ལས་བླ་མ་རྣམས་ལ་ཆེ་འགྱིང་ནམ་ཡང་མི་མཛད་པར་ཤིན་ཏུ་གུས་པས་ཕྱག་འཚལ་ཞིང་མཆོད་པའི་དངོས་པོ་ཡིད་དུ་འོང་བ་མཐའ་དག་གིས་མཆོད་ཅིང་བཀའ་བཞིན་སྒྲུབ་པ་ལས་ནམ་ཡང་མི་གཡེལ་བར་མཛད་དེ་རྗེ་ཉིད་ཀྱི་ཞལ་ནས། ཐོས་པའི་ཚོམ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱ ད། །ཐོས་པས་དོན་མ་ཡིན་པ་སྤོ ང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང༌། སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོའི་ལུང་ཐོབ་པར་འདོད་པ་དང༌། དེའང་བདག་ཉིད་ལྟ་བུའི་བློ་དམན་གྱིས་ཐོས་པ་ཙམ་གྱིས་དགོངས་དོན་ཟབ་མོ་རྣམས་རྟོགས་དཀའ་བས་རྟག་ཏུ་དགེ་བའི་བཤེས་གཉེན་དམ་པ་དང་མི་འབྲལ་བར་བྱ་དགོས་སྙམ་སྟེ། སྔ་གོང་ནས་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་དང༌། ཁྱབ་བདག་འཁོར་ལོའི་མགོན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་དང༌། བཀའ་དྲིན་མཚུངས་མེད་བསོད་ནམས་གྲགས་པའི་ཞལ་སྔ་ནས་གསུམ་ལའང་བླ་བྲང་རང་དུ་བཞུགས་དགོས་པའི་གསོལ་བ་བཏབ། དེ་ཡང་དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོའི་ཞལ་ནས། རྣམ་གྲོལ་བསྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་ཆོག་པ་ལ་ཡང་སློབ་མཁན་མེད་པར་མི་འོང་ན་ངན་སོང་འོང་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང༌། གསུངས་པ་དེ་མད་སྙམ་པ་བྱུང༌། དེ་ཡང་གོ་སའི་དབང་གིས་བླ་ཆེན་གྱི་འགྱིང་ཚུལ་ལ་གནས་དགོས་པ་ཙམ་མ་གཏོགས་བཤེས་གཉེན་དམ་པ་དེ་དག་ལ་མི་གུས་པ་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་ཞིང༌། པོ་ཏོ་བས་སྤྱན་སྔའི་གྲྭ་པ་རྣམས་ལ། ཁྱེད་ངའི་དགེ་བཤེས་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དང་འཕྲད་ནས་བཀའ་བཞིན་བསྒྲུབ་ཏུ་ཡོད་པ་བསོད་ནམས་ཆེའོ། །ཞེས་གསུངས་པ་ལྟར་འདི་དག་ལྟ་བུའི་བཤེས་གཉེན་དམ་པ་དང་མཇལ་བ་བསོད་ནམས་ཆེ་ཞིང་སྐལ་བ་བཟང་སྙམ་པ་དང༌།

                   ཡང་དག་པ་དེ་ཉིད་ཀྱི་གསུང་གི་འཕྲོས་ལས། ད་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བར་གྱིས་ཤིག་གསུངས་པ་ཡང་ཡོད་པས་དེ་བཞིན་དུ་བགྱིའོ་སྙམ་པ་ཡང་བྱུང༌། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཚིགས་བཅད་གཅིག་ཉན་ན་དེའི་ཚིག་འབྲུའི་གྲངས་དང་མཉམ་པའི་བསྐལ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཀྱང༌། དེའི་དྲིན་ལན་མི་འཁོར་གསུངས་པ་ལྟར། བདག་ཉིད་ཀྱིས་ཀྱང་དེ་དག་བློ་ལ་བཅངས་ནས་གུས་མཆོད་ཇི་ལྟར་བྱས་རུང་དྲིན་འཁོར་ཐབས་མ་མཆིས་མོད། འོན་ཀྱང་སྒོ་གསུམ་མི་ཕྱེད་དང་བའི་སྒོ་ནས་དུས་དང་རྣམ་པ་ཀུན་བླ་མར་བགྱིས་ཤིང༌། དབང་ལུང་མན་ངག་སོགས་ཞུ་བའི་སྐབས་སུ་སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་སྐྱེད། །ཅེས་སོགས་གསུངས་པ་བཞིན། སློབ་དཔོན་སྟན་མཐོན་པོའི་སྟེང་དུ་བཞུགས་སུ་གསོལ། བདག་ཉིད་ཀྱིས་ཁེངས་པ་བསྐྱུངས་ཏེ་དམའ་བར་བསྡད། ཕྱག་སོགས་ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ་བས་མཚོན་པའི་གུས་མཆོད་དང༌། སྐབས་མཚམས་སོ་སོར་དངོས་པོའི་ཡོན་དང༌། རྒྱུན་པར་ཡང་ཉེར་སེམས་ཡང་དག་བགྱིས་སོ། །ཞེས་གསུངས་པ་ལྟར་རོ།

                   དེ་ལྟར་ཡོངས་འཛིན་དམ་པ་མང་པོ་ལས་ཆོས་རྒྱ་ཆེར་གསན་པའི་ཚུལ་དེ་དག་ལ་ནི་རྗེ་རང་ཉིད་ཀྱི་ཞལ་ནས། རྡོ་རྗེ་འཆང་དངོས་བློ་བཟང་དོན་གྲུབ་དང༌། །འདུལ་འཛིན་བསོད་ནམས་གྲགས་པའི་ཞབས་བསྟེན་ནས། །དབང་ལུང་མན་ངག་བདུད་རྩིའི་རྒྱུན་འཐུངས་ཏེ། །ཐོས་བསམ་སྒོམ་པའི་རོ་མཆོག་སྤེལ་མར་མྱངས། །ལུས་སེམས་ངལ་བརྒྱས་བསྒྲུབ་པ་སྒྱུ་མའི་ནོར། །བདག་འཛིན་ལྕགས་སྒྲོག་གིས་བཅིངས་སྤྱད་མི་བཟོད། །ཕངས་མེད་བདག་ལ་གཏད་ནས་འདི་ཕྱི་ཡི། །སྐྱབས་གནས་བཅོལ་བའི་འགྲོ་བ་གྲངས་མེད་གདའ། །བདག་ལ་དེ་དག་སྐྱོབ་པའི་ནུས་མེད་ཀྱང༌། །མཆོག་གསུམ་དམ་པའི་རྟེན་གསུམ་བཞེངས་མཆོད་དང༌། །དགེ་འདུན་བསྙེན་བཀུར་དབུལ་ཕོངས་སྦྱིན་གཏོང་རྒྱུར། །བསྔོས་ལས་བདག་ཏུ་གཟུང་བའི་དངོས་པོ་མེད། །ཚུལ་འདི་གཟུར་གནས་མཁས་པས་བརྟགས་གྱུར་ན། །དྲིན་ལན་ལེགས་གཞལ་རེ་འབྲས་ཆུད་མ་ཟོས། །དཀོན་མཆོག་ཐུགས་རྗེའི་ནུས་པ་མཐུ་བཙན་པས། །རེ་བལྟོས་བཅས་པ་ངན་འགྲོར་ལྟུང་མི་སྲིད། །རང་གཞན་སྐྱེ་འཕགས་ཀུན་གྱིས་དུས་གསུམ་དུ། །བསགས་པའི་དགེ་ཚོགས་མཁའ་མཉམ་དྲིན་ཅན་མ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་ཞིང༌། །བདག་ཀྱང་དེ་དག་ཀུན་གྱི་འདྲེན་པར་སྨོན། །ཞེས་གསུངས་སོ། །

                    དེ་ལྟར་གསན་སྦྱོང་མཛད་པའི་སྐབས་རྣམས་སུའང་ཕྱོགས་ཕྱོགས་ནས་འདུས་པའི་ཆོས་དོན་གཉེར་ཅན་རྣམས་ལ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་བརྒྱུད་མར་སྩལ། ཁྱད་པར་བཀྲ་ཤིས་ལྷུན་པོའི་སྔགས་གྲྭར་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསོལ་བ་བཏབ་ནས་སྔགས་གྲྭ་པ་ཚང་མའི་ཐོག་ཕྱོགས་ཕྱོགས་ནས་འདུས་པའི་བླ་ཆེན་མང་པོ་དང་བཅས་པ་ལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་དུ་སྟ་གོན་དང་དབང་བཞི་ཡོངས་སུ་རྫོགས་པ་རྗེ་རྒྱལ་བ་གཉིས་པའི་ཐུགས་ཀྱི་བཅུད་ཕྱུང་བའི་སྔགས་ཀྱི་ཟབ་བཤད་རྒྱས་པ་དང་བཅས་སྩལ། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལའང་དབང་དང་རྗེས་གནང་རིམ་པར་སྩལ་ཏེ་ཐོག་མར་རི་བོ་དགའ་ལྡན་པའི་ཐུན་མོང་མིན་པའི་ཟབ་ཆོས་འཇམ་དབྱངས་ཆོས་སྐོར་ཡོངས་རྫོགས་ཀྱི་རྗེས་གནང་དང་ལུང༌། ཆོས་སྤྱོད་རབ་གསལ་སོགས་ཆོས་ཀྱི་འཁོར་ལོ་བརྒྱུད་མར་བསྐོར། སླར་ཡང་རྗེ་ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ་གྱིས་གསོལ་བ་བཏབ་ནས་དགེ་བའི་བཤེས་གཉེན་རགས་བསྡུས་ཤིག་ལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་རྒྱས་པར་གནང༌། བར་སྐབས་ཤིག་བཀྲ་ཤིས་རྩེ་པ་ཡུམ་སྲས་ཀྱིས་ཞབས་བརྟན་ཕུལ་བར་ཐུགས་དགྱེས་པ་ཆེན་པོས་རྟེན་འབྲེལ་ལེགས་པོ་བྱུང་ཞེས་སྨོན་ལམ་འདི་ལྟར་མཛད་དེ། ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། བཙོ་སྦྱངས་ས་ཟླའི་ལྷུན་པོར་རྟ་བདུན་རྒྱལ། །འབུམ་ཕྲག་ཟེར་སྟོང་སྤྲོ་བས་རབ་སྤུད་ཀྱང༌། །བསྒྲུན་པར་མི་ནུས་མཚན་དཔེའི་དཔལ་འབར་བ། །མཉམ་མེད་ཟས་གཙང་སྲས་པོས་དགེ་ལེགས་སྩོལ། །བཀའ་དྲིན་མཚུངས་མེད་གངས་ཅན་འགྲོ་བའི་མགོན། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་སྡེ། །ལྷ་ཆོས་བདུན་ལྡན་དཀོན་མཆོག་རྒྱལ་མཚན་ཏེ། །མཁན་ཆེན་རྣམ་གཉིས་ཞབས་རྡུལ་སྤྱི་བོར་བསྟེན། །དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །བརྒྱད་ཁྲི་བཞི་སྟོང་ནད་འཇོམས་སྨན་མཆོག་ཆོས། །ཚུལ་བཞིན་བསྒྲུབ་པ་ཐེག་གསུམ་དགེ་འདུན་ཏེ། །རིན་ཆེན་རྣམ་པ་གསུམ་ལ་མགོས་ཕྱག་འཚལ། །བེམ་གཟུགས་ཡིད་བཞིན་ནོར་བུར་གསོལ་བཏབ་པས། །ཡིད་ལ་འདོད་དགུའི་འབྱོར་པ་ཀུན་འབྱུང་ན། །རྫུན་སྤངས་བདེན་གསུང་རྒྱལ་བའི་བདེན་པ་ཡིས། །བདག་གིས་སྨོན་ལམ་ཇི་བཞིན་ཅིས་མི་འགྲུབ། །དེས་ན་བླ་མ་རྒྱལ་བ་སྲས་དང་བཅས། །དྭངས་པའི་མཁའ་ལ་རྒྱུ་སྐར་གསལ་ཇི་བཞིན། །དད་ལྡན་སྨོན་པའི་ཞིང་དུ་ལེགས་བཞུགས་ལ། །རེ་བ་ཇི་བཞིན་འགྲུབ་པའི་གྲོགས་མཛོད་ཅིག །སོ་ཐར་རིས་བདུན་ཡོན་ཏན་གཞི་རྟེན་དུ། །རྒྱལ་བའི་གསུང་བཞིན་གྲངས་མེད་དྲིན་ཅན་མ། །རིམ་གྱིས་དེ་སྒོར་འཇུག་དང་ཁྱད་པར་དུ། །ངུར་སྨྲིག་འཛིན་པས་ལྗོངས་འདིར་འགེངས་ནུས་ཤོག །དེ་དག་ཀུན་ཀྱང་མི་དགེ་བཅུ་བྲལ་ཞིང༌། །རྣམ་དག་བསླབ་གསུམ་ལྡན་པའི་དགེ་སྦྱོང་མཆོག །ཚུལ་ཁྲིམས་བསུང་ཞིམ་འཐུལ་བའི་ཡོངས་འདུ་ཆེ། །བསྟན་འགྲོར་ཕན་བདེ་སྟེར་ནུས་ཉིད་གྱུར་ཅིག །སྲི ད་མཚོར་འཁྱམས་པའི་ཕ་མ་གྲངས་མེད་ཚོགས། །ཕྱག་གིས་དྲངས་ནས་ཐམས་ཅད་མཁྱེན་གླིང་དུ། །སྒྲོལ་བའི་ནུས་པ་རྒྱལ་བ་རྣམས་ལའང་མེད། །དེས་ན་ཐབས་མཁས་གྲུ་འདིས་སྒྲོལ་ནུས་ཤོག །རང་རང་གྲུབ་མཐར་ཞུགས་པའི་ཁྲིམས་ལྡན་ཚོགས། །ཀུན་ཀྱང་ཐུབ་བསྟན་ཉིད་དུ་ཁྱད་མེད་ལ། །ཕྱོ གས་ལྷུང་གདོན་གྱིས་བསྐྱོད་ཤུགས་མི་ལྡང་བར། །གྲུ་ནང་སྐྱེས་བུ་བཞིན་དུ་ཐུགས་མཐུན་ཤོག །འཇིག་རྟེ ན་ཁམས་ཀྱི་བདེ་སྐྱིད་མ་ལུས་པ། །ཐམས་ཅད་ཐུབ་པའི་བསྟན་ལ་རག་ལས་པས། །ངུར་སྨྲིག་རྒྱལ་མཚན་འཛིན་པའི་ཚོགས་རྣམས་ཀྱིས། །ཚུལ་ཁྲིམས་རིན་ཆེན་གཏེར་བུམ་གཅེས་འཛིན་ཤོག །ཐུབ་བསྟན་སོ་སོ་ཐར་པ་རིས་བདུན་དང༌། ཁྱད་པར་ཚངས་སྤྱོད་དཔལ་ལྡན་དགེ་སྦྱོང་གིས། །པདྨོའི་ཚལ་ལ་བུང་བའི་ཚོགས་ཇི་བཞིན། །འཛིན་མའི་ལྟོ་འདི་བདག་གིས་འགེང་ནུས་ཤོག །འདི་ལྟར་སྨོན་ལམ་ལྷག་བསམ་དག་སྒོ་ནས། །བཏབ་པའི་དགེ་བས་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་ཐོབ་སྟེ། །རྟག་ཏུ་དགེ་སྦྱོང་དངོས་པོ་ཐོབ་པར་ཤོག །དེ་ཐོབ་ནས་ཀྱང་ཕ་མར་གྱུར་པའི་འགྲོ། །ཐབས་མཁས་འདི་ཡིས་སྒྲོལ་ལ་མི་ཞུམ་པའི། །སྙིང་སྟོབས་ཕུལ་བྱུང་ནམ་ཡང་མི་འདོར་སོགས། །ཀུན་བཟང་སྤྱོད་ཀུན་བདག་གིས་སྤྱོད་གྱུར་ཅིག །ཅེས་སོ། ། 

                                                                                                                             རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།