པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་རྣམ་ཐར་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-26 15:18:27     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 236388974482820697.jpg

                    དེ་ནས་རྗེ་ཞལ་སྔ་ནས་བློ་བཟང་མགོན་པོ་ལ། དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་དང་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་སྟོད་ཆ་ཁ་སྐོང་འབྲོང་རྩེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་དང་བཅས་པ། འཇུག་པར་རང་འགྲེལ་དང་བཅས་པ། འགྲེལ་པ་དོན་གསལ། རྗེ་རིན་པོ་ཆེས་མཛད་པའི་རྩ་ལྟུང་རྣམ་བཤད་དང༌། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མངོན་རྟོགས་ཟ་མ་ཏོག །འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གཞི་གསུམ་ཆོ་ག །བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འདུལ་བའི་ལས་ཆོག་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པ་ཡན་བཅས་ཀྱི་ལུང་གསན་ནོ། །བར་སྐབས་ཤིག་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཐུགས་སྲས་སྒྲུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་དྲུང་པ་བློ་བཟང་དམ་ཆོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་ཕྱག་ཆེན་གྱི་ཁྲིད་ལུང༌། འཇམ་དབྱངས་ཆོས་སྐོར་གྱི་ལུང༌། གཅོད་ཁྲིད་ཐར་འདོད་དེད་དཔོན་གྱི་ཁྲིད་ལུང་རྣམས་གསན་ནོ། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོ་བློ་བཟང་དོན་གྲུབ་ལ་རྗེ་གྲུབ་པའི་དབང་ཕྱུག་བློབཟང་དོན་ཡོད་གྲུབ་པའི་བཀའ་འབུམ་ཡོངས་རྫོགས། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་འཁྲུལ་འཁོར་རྣམ་བཤད་ཆེན་མོ། མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་མཁས་གྲུབ་རྗེས་ཞུས་དག་མ། འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་རིམ་དང་དཀྱིལ་ཆོག་དབང་དོན་དེ་ཉིད་གསལ་བ་རྣམས་ཀྱི་ལུང་དང༌། ཀུན་རིག་གི་དབང༌། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཀུན་རིག་གི་ཆོ་ག་ཆེན་མོ་དང༌། འཁྲུལ་འཁོར་རྣམ་བཤད་ཀྱི་ཞལ་ཤེས་ཡིག་ཆུང་དང་ཡང་ཆུང་སྐོར་གྱི་ལུང༌། རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྒྲུབ་དཀྱིལ་ལ་བརྟེན་ནས་དབང་ཡོངས་སུ་རྫོགས་པ།

                    ཕྲེང་བ་རྣམ་གསུམ་དང་སྒྲུབ་ཐབས་རྒྱ་མཚོ་རྒྱ་གཞུང་གི་ལུང༌། སྣར་ཐང་བརྒྱ་རྩ་ནས་འབྱུང་བའི་ལྷ་རྣམས་ཀྱི་རྗེས་གནང་དང་དེའི་གཞུང་གི་ལུང༌། འདུལ་འཛིན་བློ་གྲོས་སྦས་པས་མཛད་པའི་གཅོད་ཁྲིད་ཕུལ་བྱུང་གསེར་ཕྲེང༌། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་བློ་སྦྱོང་འཇིག་རྟེན་བྱ་བའི་རྣམ་གཞག བྱང་སེམས་ར་སྒྲེང་པས་མཛད་པའི་བློ་སྦྱོང་ཆེན་མོའི་ལུང༌། བ་རི་བརྒྱ་རྩའི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་རྗེས་གནང་ཡོངས་རྫོགས། ཕྱག་རྡོར་འཁོར་ཆེན་གྱི་དབང་བཞི་ཡོངས་རྫོགས། རྒྱལ་བ་ལྔ་པས་མཛད་པའི་དཀྱིལ་ཆོག་གི་སྟེང་ནས་གཤེད་དམར་ལྷ་ལྔའི་དབང་དང་དཀྱིལ་ཆོག་གི་ལུང༌། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དཀྱིལ་ཆོག་གི་སྟེང་ནས་གཤིན་རྗེའི་གཤེད་དམར་ནག་ལྷ་བཅུ་གསུམ་མ་གཉིས་ཀྱི་དབང༌། མི་ཏྲ་བརྒྱ་རྩའི་དབང་ཡོངས་སུ་རྫོགས་པ། རྣམ་སྣང་མངོན་བྱང༌། གསང་འདུས་འཇིག་རྟེ ན་དབང་ཕྱུག དཔལ་རྡོ་རྗེ་འཇིགས་བྱེད་ཞེ་དགུ་མ་དང་རོ་ལངས་བརྒྱད་སྐོར། དཔལ་མོ་ལུགས་ཀྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གཙོ་འཁོར་ལྔ་པ། བཀའ་གདམས་ཐིག་ལེ་བཅུ་དྲུག་རྣམས་ཀྱི་དབང་དང༌། རྣམ་སྲས་བཀའ་བཅོ་ལྔ།དཔལ་ལྷ་དུང་སྐྱོང་མ། ལྷ་མོ་དུད་སོལ་མ་རྣམས་ཀྱི་རྗེས་གནང༌། དཔལ་རྡོ་རྗེ་འཇིགས་བྱེད་དཔལ་བོ་གཅིག་པའི་རྗེས་གནང༌། དེའི་ཆོག་སྒྲིགས་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་ལུང༌། གཞན་ཡང་ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པ། དུར་ཁྲོད་བདག་པོ་ཡབ་ཡུམ་རྡོ་རྗེ་རབ་བརྟན་མ། ཞང་བློན་རྡོ་རྗེ་བདུད་འདུལ། ཁྲོ་མོ་སྨེ་བརྩེགས། ལྷ་མོ་ཤྲ་མ་ཎ། རྡོ་རྗེ་སེམས་དཔའ། ཚེ་རིང་མཆེད་ལྔ་རྣམས་ཀྱི་རྗེས་གནང་དང༌། འཇམ་དབྱངས་དམར་སེར་ལ་བརྟེན་པའི་དབྱངས་གསལ་གྱི་རྗེས་གནང༌། རྟེན་འབྲེལ་སྙིང་པོའི་རྗེས་གནང༌། བེར་ལྕམ་དྲལ་དང༌། མགོན་པོ་ཕྱག་བཞི་པ། གུར་ལྷ་བརྒྱད། ཕྱག་རྡོར་འཁོར་ཆེན། བཅུ་གཅིག་ཞལ་ལ་བརྟེན་པའི་མཁའ་འགྲོ་སྡེ་ལྔ། དབྱངས་ཅན་མ་དཀར་མོ་རྣམས་ཀྱི་རྗེས་གནང༌། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ལུགས་ཀྱི་སྙན་བརྒྱུད་ཀྱི་ཚེ་དབང༌། ཕྱག་རྡོར་ལ་བརྟེན་པའི་དོན་དམ་བྱང་ཆུབ་སེམས་བསྐྱེད་ཀྱི་རྗེས་གནང༌། ཕྱག་རྡོར་སྐུ་ལྔའི་རྗེས་གནང༌། ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་པ་གཙོ་འཁོར་དགུ་པའི་རྗེས་གནང༌། ཕག་དཀར་ཤེས་རབ་གསལ་བྱེད་དང་ཀུ་རུ་ཀུལླེ་གཉིས་ཀྱི་རྗེས་གནང༌། ཚེ་དཔག་མེད་ལྷ་ལྔ་པ་ཉེ་རྒྱུད་ཀྱི་རྗེས་གནང་ཚེ་དབང་དུ་གྲགས་པ།

                     གཞན་ཡང་བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་དྲུག །བཞི་བརྒྱ་པ། འདུལ་བ་མདོ་རྩ། མཛོད་རྩ། འཇུག་པ། མངོན་པ་ཀུན་བཏུས། ཚད་མ་ཀུན་བཏུས། ཚད་མ་སྡེ་བདུན། སྐྱེས་རབས་སོ་བཞི་པ། ལམ་སྒྲོན་རང་འགྲེལ། རྣམ་བཤད་ཐར་ལམ་གསལ་བྱེ ད། རྣམ་བཤད་སྙིང་པོའི་རྒྱན། སྤྱོད་འཇུག་དར་ཊཱིཀ སྟོང་ཐུན་སྐལ་བཟང་མིག་འབྱེ ད། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི ་དོར། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཐོར་བུ། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། མཁས་གྲུབ་རྗེས་མཛད་པའི་འདུས་པའི་ཞི་རྒྱས་སྦྱིན་སྲེག འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་དགེ་སློང་གི་བསླབ་བྱ་ཆེན་མོ་དང་ཀུན་རིག་ཊཱིཀ་ཆེན། བསླབ་བྱ་གནམ་རྩེ་ལྡིང་མ། བུ་སྟོན་ཆོས་འབྱུང༌། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་ཐུབ་པའི་རྣམ་ཐར་ཆེན་མོ་དང༌།སྙིང་ཐུང་བདུད་མོ་ལ་སྨད་པ་དང་བཅས་པ། ས་སྐྱ་ལེགས་བཤད། ཤེས་བྱའི་མཁའ་དབྱིངས་མ། ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། བསྐལ་བཟང་རྒྱན་ཕྲེང༌། འདུལ་ལུང་ཀ་པ་ནས་བཟུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས། མགོན་པོ་ཕྱག་དྲུག་པ་དང་ཞལ་གྱི་བསྐང་གསོ། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་ཡོངས་རྫོགས། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད། རྒྱལ་བ་ལྔ་པས་མཛད་པའི་སྨན་བླའི་མདོ་ཆོག འདུལ་བའི་ལས་ཆོག །སྤན་སྔ་ཆོས་དྲུག རྗེ་རིན་པོའི་ཆེའི་གསུང་ཟིན་བྲིས་སྐོར་མང་པོ་དང༌། མཁས་གྲུབ་རྗེས་མཛད་པའི་རྒྱུད་སྡེ་སྤྱི་རྣམ། སྔགས་འཆང་གཟུངས་ཀྱི་དཔལ་བ་དང་བླ་མ་འཕགས་པ་སོགས་ཀྱི་མན་ངག་གིས་བརྒྱན་པའི་ཁྱུང་ཁྲའི་ལས་ཚོགས། རྣམ་སྲས་བེའུ་བུམ། དུར་ཁྲོད་བདག་པོའི་ལས་ཚོགས། དམ་པ་སངས་རྒྱས་ཀྱིས་མཛད་པའི་འཇམ་དབྱངས་ཆོས་སྐོར། རྟོགས་བརྗོད་དཔག་བསམ་འཁྲི་ཤིང༌། རྒྱལ་བ་ལྔ་པས་མཛད་པའི་བླ་མའི་རྣལ་འབྱོར་གྱི་སྐོར། གཡང་པ་ཆོས་རྗེས་མཛད་པའི་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཞབས་སྟེགས་དང་བཅས་པ།

                     ཛེ་ཏཱ་རིས་མཛད་པའི་ཚེ་དཔག་མེད་ཀྱི་བསྟོད་པ་སྒྲུབ་ཐབས་དང་བཅས་པ། སྒྲ་མི་སྙན་གྱི་ཚེ་སྒྲུབ་བླ་མ་རྟོགས་ལྡན་པས་མཛད་པའི་རྗེའི་རྣམ་ཐར་ལེགས་བཤད་ཀུན་འདུས། རྒྱལ་བ་ལྔ་པའི་རྣམ་ཐར་ག་པའི་སྟོད་ཆ་ནས་ལུང་གི་འཕྲོ་ཡོད་པ་རྣམས། རྗེ་རིན་པོ་ཆེས་མཛད་པའི་འདུལ་བའི་ཟིན་བྲིས། སྤྱོད་འཇུག་ཤེར་ལེའི་ཟིན་བྲིས། བདག་བྱིན་རླབས་ཀྱི་ཟིན་བྲིས། མཁས་གྲུབ་རྗེ་སྐུ་མཆོད་ཀྱི་ཡིག་ཆུང༌། རྗེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རབ་གནས་རྣམས་ཀྱི་ལུང་དང༌། ཀུན་རིག་གི་དབང༌། ངན་སོང་སྦྱོང་བའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། གདུགས་དཀར་ལྷ་སོ་ལྔ་དང་བཅུ་བདུན་མ་གཉིས་ཀྱི་དབང༌། སྟ་གོན་དང་བཅས་པ། འཇམ་དབྱངས་ཆོས་སྐོར་གྱི་ནང་གི་སྒྲོལ་དཀར་གྱི་རྗེས་གནང་དང་ཉེར་མཁོའི་ལུང་འགའ་ཞིག་རྣམས་གསན་ཞིང༌། ལྕགས་རྟ་ས་ག་ཟླ་བའི་ཚེས་བཅུ་བཞི་བཅོ་ལྔ་གཉིས་ལ་དམ་པ་འདིའི་ཞབས་དྲུང་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བཞེས་ནས། སྨྱུང་བར་གནས་པའི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་རྣམས་ཀྱང་སྔ་གོང་ནས་དོགས་གཅོད་མཛད་དེ་སྦྱོར་དངོས་གཉིས་ཀ་རྣམ་པར་དག་པར་མཛད་དོ།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།