པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཅུ་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-23 21:56:48     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 236388974482820697.jpg

                    དེ་དུས་སུ་གུ་གེ་ཆོས་རྒྱལ་གྱིས་གདན་འདྲེན་ཡང་ཡང་བྱུང་བ་ལྟར་ཞལ་གྱིས་བཞེས་ཏེ་ལྷ་ལྡན་ནས་བཀྲ་ཤིས་ལྷུན་པོར་ཕེབས། ཟླ་ཕྱེད་ལྷག་ཙམ་བཞུགས་ནས་རིམ་གྱིས་ཕེབས་ཏེ་ལམ་བར་དུ་བཞུགས་པའི་དགེ་འདུན་གྱི་སྡེ་དད་པ་ཅན་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར་བ་ཡང་དང་དུ་བཞེས། ཅི་འདོད་པའི་ཆོས་ཀྱིས་ཀྱང་ཚིམ་པར་མཛད། ཟླ་བ་བཞི་པའི་ཉེར་གསུམ་ལ་མ་ཕམ་མཚོ་འགྲམ་དུ་ཕེབས་ནས་སྐུ་ཁྲུས་མཛད་ཅིང་མཚོའི་རྡེའུ་ཕྱག་སྤར་གང་བཞེས་པས་ཕལ་ཆེར་ལྷའི་རྣམ་པར་བྱོན། སང་གངས་རིའི་མདུན་ན་ཕར་ཕེབས་དུས་གངས་རིའི་རྩེ་ནས་འཇའ་ཚོན་ཁ་དོན་སྣ་ལྔ་རྒྱལ་མཚན་དང༌། བ་དན་དང༌། གདུགས་ལྟ་བུ་དང༌། དར་བརྐྱངས་པ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ་རྗེ་འདི་པའི་སྟེང་ངོས་སུ་ཆགས་པ་བྱུང་སྟེ་རྗེ་འདི་གར་ཕེབས་ཀྱི་དབུའི་ཐོག་ཏུ་ཆགས་པ་བྱུང་བས་གངས་རིའི་གནས་འཛིན་པ་འབྲི་ཁུང་རྡོར་འཛིན་འཁོར་བཅས་དད་པར་གྱུར་ཏེ་རྗེ་འདིའི་ཕྱི་བཞིན་བསྙེགས་ནས་ཤྭ་ལ་ཙ་གོང་དུ་མཇལ་ཁ་དང་བྱིན་རླབས་ཞུས། ངེད་གངས་རིར་སླེབས་ནས་ལོ་བཅུ་ཙམ་སོང་ཡང་དེ་རིང་ལས་རྟགས་ཡ་མཚན་ཆེ་བ་མ་བྱུང༌། ཁྱེད་ཀྱིས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུགས་རྗེས་ཟུངས་ཞེས་དད་གུས་ཆེན་པོས་སྨོན་ལམ་འདེབས་པར་བྱེད་དོ། །

                  དེ་ནས་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ལ་ཞབས་དྲུང་ཆོས་རྗེ། ཇོ་བོ་བདག་པོ་ལྷ་སྡེ་མི་སྡེའི་གཙོ་བོ་རྣམས་ཀྱིས་རྟ་པ་མང་པོའི་ཚོགས་དང་བཅས་ཕེབས་བསུ་ཞུས་ཏེ་ཞང་ཞུང་གི་ལུང་ནང་སྤའི་ལྡིང་ཞེས་བྱ་བར་ཕེབས། འདི་སྐབས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབས་པ་སོགས་དགེ་མཚན་ཕུན་སུམ་ཚོགས་པ་ཀུན་གྱི་མངོན་སུམ་དུ་གྱུར། ཚེས་བཅོ་ལྔ་ལ་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཞབས་དྲུང་མི་དབང་གིས། སྐྱེས་མཆོག་ལོ་ཙཱ་བ་རིན་ཆེན་བཟང་པོའི་བཞུགས་ཁྲིར་གདན་དྲངས་ཏེ་རིན་པོ་ཆེའི་མཎྜལ་ཕུལ་ཏེ་སེར་ཚོགས་ཀྱི་འདུས་པ་རྒྱ་མཚོ་ལ་མང་འགྱེད་ཀྱི་བསྙེན་བཀུར་དང་བླ་མའི་རྣལ་འབྱོར་སོགས་འདོད་ཆོས་ཞུས། དེ་ནས་ཕལ་ཆེར་ཆོས་གྲྭ་སར་བཞུགས་ནས་མཆོད་ཡོན་རྣམས་ལ་གསང་བདེ་འཇིགས་གསུམ་གྱི་དབང༌། བསྐྱེད་རྫོགས། སྣ ར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོ ར། བཀའ་གདམས་ཆོས་འབྱུང་གི་ལུང་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། མདོར་ན་གུ་གེ་བདག་པོ་སྐུ་མཆེད་ཁུ་དབོན་རྣམས་ཀྱིས་ཐོག་དྲངས་ཕྱོགས་དེའི་ལྷ་ལྡེ་མི་སྡེ་ཐམས་ཅད་ཀྱིས་དད་གུས་ཚད་མེད་པས་མཆོད། དེ་ནས་ཟླ་བ་དགུ་པའི་ཚེས་བཅུ་གསུམ་གུ་གེ་ནས་ཆིབས་བསྐྱོད་དེ་གངས་རིའི་བར་དུ་ཞལ་ངོ་མཆོད་ཡོན་རྣམས་ཀྱིས་ཆིབས་བསྐྱེལ་ཞུས། གངས་རི་ཆེན་པོ་ལ་ཞབས་བསྐོར་མཛད་ནས་གངས་རིའི་སྐུ་མདུན་དང་འདུས་ཀྱི་སྐྱ་སེར་གྱི་ཁྲོམ་ཤིན་ཏུ་ཆེ་བ་ཚོགས་པ་ལ་ཉིན་དགུང་ཁྲོམ་དབང་ཞིག་གནང་སྐབས། གངས་རི་ཆེན་པོ་བཻ་ཌཱུརྱའི་མདོག་ལྟར་སྔོ་བ་ལ་གཟུགས་བརྙན་སྣ་ཚོགས་འཆར་བ་ཞིག་ཏུ་གཟིགས། སྐུའི་ཉེ་སྐོར་དུ་ཡོད་པའི་གྲྭ་པ་འགའ་ཞིག་ལ་གངས་རི་འདི་ཅི་འདྲར་སྣང་བཀའ་འདྲི་གནང་བར། དཀར་ཞིང་འཚེར་བར་འདུག་ཟེར། མཁར་ནག་ཆོས་མཛད་ལ་བཀའ་འདྲི་གནང་བར་རྒྱ་མཐིང་བཟང་པོའི་མདོག་ལྟ་བུ་ཤིན་ཏུ་སྔོ་བ་ཞིག་འདུག་ཟེར། དེ་ཙམ་ཞིག་མཐོང་ནས་ཡ་མཚན་དུ་ཕྱེད་དོ། །དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ནས་སེར་ཇ་གསེར་འགྱེད་དང་བཅས་པ་གནང༌། དེ་དུས་ལྷ་ས་དང་འབྲས་སྤུངས་ཀྱི་རྒྱབ་རིར་མི་སྟོང་ཕྲག་དུ་མ་ཁ་བཏགས་ཤིང་སེ་འབྲས་གཉིས་དམག་གིས་བཅོམ་སྐབས་སུ་མཆིས་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་སྐབས་སུའང་གྲོང་ཁྱེར་སེར་སྐྱ་པ་རྣམས་དང་ཀོ་ས་ལ་པའི་དམག་འཁྲུག་ཚན་ཆེ་བ་དང་རྒྱ་བོད་གཉིས་ཀར་བསྟན་པའི་འཕེལ་འགྲིབ་སྣ་ཚོགས་བྱུང་ཡང༌། ལས་ཀྱི་རྣམ་སྨིན་བཅོས་སུ་དཀའ་བ་ལྟར་ཐབས་དང་བྲལ་ཡང༌། བསྟན་པ་འབའ་ཞིག་ཐུགས་ལ་དགོངས་ཏེ་སེ་འབྲས་གཉིས་ཀར་མང་ཇ་གསེར་འགྱེད་དང་བཅས་པ་ལན་ལྔ། ཁ་ཆེའི་ཆབ་བུམ་སྤུས་གཙང་བ་ཆ་རེ་རེ། འབྲས་སྤུངས་བྱམས་ཁང་དང་དངུལ་གདུང་དུ་གུག་ཏིང་ཆེ་ལེགས་བདུན་ཚར་རེ་རེ་ཕུལ་བ་སོགས་སེ་འབྲས་གཉིས་ཀ་མི་ཉམས་པའི་ཐབས་ལ་རྣམ་པ་ཀུན་ཏུ་འབད་པར་མཛད།

                    དེ་ནས་ལོ་དེ་ཉིད་ཀྱི་སྟོན་མཇུག་སོག་དམག་དཔུང་ཆེ་བ་བྱང་རྒྱབ་ཏུ་སླེབས། སྡེ་སྲིད་དཔོན་བློན་གྱི་བཀས་རྗེ་འདི་པ་ཆིངས་ལ་ཕེབས་དགོས་པ་བྱུང༌། ལྷ་སར་ཕེབས་པའི་ནུབ་མོ་རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ་ཚང་མ་ཞལ་ཏོན་དུ་མཛད་པའི་མནལ་ལམ་ཞིག་བྱུང་བ་ཆིངས་དགའ་རབ་ཡོང་དུ་རེ་བས་རོང་པོ་འདམ་གྱི་བར་དུ་ཕེབས་ཀྱང་ཐུགས་བཞེད་བཞེན་མ་བྱུང༌། དེ་ནས་རེ་ཞིག་འབྲས་སྤུངས་སུ་བཞུགས་ནས་སེ་འབྲས་གཉིས་ཀ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་བསྐྱངས་ཏེ་སྲོག་རྩ་བཟུང༌། ཁྱད་པར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དངུལ་གདུང་གི་སྒོ་རྒྱན་ཐམས་ཅད་བཤིག་ནས་རུངས་པར་བྱས་པ། རྗེ་འདི་པས་བསྟན་རྒྱུན་དང་རྟེན་འབྲེལ་ལ་དགོངས་ཏེ་གསེར་གཡུ་སོགས་རིན་པོ་ཆེའི་ཕུང་པོ་ལས་གསར་བསྒྲུབས་མཛད་དེ། ཐམས་ཅད་མཁྱེན་པའི་ཕྱག་རྫས་དང་ལ་བབ་པའི་དུས་སུ་བསྒྲུབས་པའི་སྒོ་རྒྱན་ཟིལ་གྱིས་གནོན་པ་ལྟ་བུ་བཟོ་བར་མཛད་དོ། །གཞན་ཡང་སེ་འབྲས་གཉིས་ཀར་བདག་ཅག་གི་སྟོན་པའི་སྐུ་བརྙན་བཀྲ་བའི་བཀྲ་ཤིས་ཁ་བཏགས་ཀྱི་འཕན་གྱི་ཕྲེང་བ་རེ་རེ་དང༌། གྲྭ་ས་གསུམ་ག་མང་ཇའི་བསྙེན་བཀུར་ཡང་ཡང་མཛད་དེ་རེ་ཞིག་འབྲས་སྤུངས་སུ་སྐུ་མཚམས་དམ་པོ་ལ་བཞུགས་སོ། །དེ་ནས་ཟླ་བ་བདུན་པའི་ཟླ་འགོ་ལ་བོད་དམག་ཐམས་ཅད་རྐྱང་ཐང་སྒང་དུ་འདྲིལ། ཚེས་བཅུ་གཅིག་གི་ཚ་བཞེས་གྲོལ་མཚམས་སུ་སྐད་ཅིག་ལ་སོགས་པོའི་རྟ་པ་སྒར་ཐོག་བརྒྱུགས་ནས་མི་བརྒྱ་ཕྲག་དུ་མ་བསད་ཅེས་སྙན་དུ་གསན་པས། རྗེ་འདི་པས་སྐུ་དང་སྲོག་ལའང་མ་གཟིགས་པར་སྐུ་མཚམས་ལ་ཧར་འདོན་མཛད་དེ་དན་འབག་གི་བར་ཞབས་ཐང་གིས་མགྱོགས་པར་ཕེབས་པས། བོད་དམག་རྣམས་ལྕགས་པོ་རིའི་མཚམས་སུ་འཁོར་ཞིང་སོག་པོའི་རྟ་པ་ལན་གཉིས་པ་རྒྱུག་པར་རྩོམ་པ་མེ་མདའ་དང་ཉག་ཕྲན་གྱི་ཆར་འབབ་པའི་སྐབས་སུ་ཕེབས། ལྷ་བཙུན་རང་ལ་ཟང་ཟིང་གི་གནང་ཆ་གྱ་ནོམ་པ་དང་བཅས་དངོས་སུ་ཞུ་བ་ནན་ཆེན་མཛད་པས། ལྷ་བཙུན་གྱིས་ཀྱང་ཅི་གསུང་བཀའ་བཞིན་དུ་ནོད་ནས་རྟ་རྒྱུག་འཕྲོ་བཅད་པས་དམག་མི་འབུམ་ཕྲག་ཏུ་ཉེ་བ་སྲོ ག་གཙེས་པ་ལས་སྐྱོབ་པར་མཛད་དོ། །

                    དེ་སྐབས་གཙང་སོག་གཉིས་ཀས་ལྷ་ས་སྤྱི་མཆོད་ཀྱི་ཕྱིར་རྗེ་འདི་པ་ལ་ཕུལ། སོ་སོར་ཚིག་སྦྱངས་སྔོན་དུ་འགྲོ་བའི་ཁྲ་མ་གནང་ནས་ཇོ་བོ་རིན་པོ་ཆེའི་གསེར་ཐོག་གི་འོད་ཀྱིས་ཁྱབ་པའི་སར་བྲོ་དམ་པོས་བཀག་ཅིང་བརྟན་པར་མཛད་དེ་ཉིད་ཀྱི་སྐུ་དང་ལའང་མ་གཟིགས་པར་སེ་འབྲས་གཉིས་ཀ་བསྐྱངས་ཏེ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྲོག་འཛིན་པར་མཛད་དོ། །དོན་གྱི་དབང་འདི་ལ་དགོངས་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བྱོན་ཚུན་གྱི་འཇམ་མགོན་བླ་མའི་ལུགས་བཟང་འཛིན་པའི་མཁས་པ་གཟུར་གནས་ཐམས་ཅད་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་འཇམ་མགོན་བླ་མའི་བསྟན་པ་འདི་ལ་འཇམ་མགོན་བླ་མ་རང་ཉིད་དང་མཚུངས་པར་བཀའ་དྲིན་ཟླ་མེད་དོ་ཞེས་མགྲིན་གཅིག་ཏུ་སྒྲོག་པར་མཛད་དོ། །དེ་དུས་སེམས་ཅན་སྤྱི་མཐུན་གྱི་ལས་དང་བདུད་སྡིག་ཏོ་ཅན་གྱི་མཐུས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པ་འཕེལ་བ་ལ་གེགས་འཚུབ་ཤིན་ཏུ་ཆེ་བས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་གློ་བུར་གྱི་རྐྱེན་གྱིས་ཞིང་གཤེགས་སྤྲུལ་སྐུ་ངོས་འཛིན་པའང་ཤིན་ཏུ་དཀའ་བར་བྱུང་བ་ན་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱིས་ཟང་ཟིང་གི་དངོས་པོ་གང་ལའང་ཕངས་པ་མེད་པར་བཏང་སྟེ་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་གདུག་རྩུབ་ཅན་རྣམས་ཟང་ཟིང་གི་དངོས་པོས་ཚིམ་པར་མཛད་ཅིང་སུ་ལའང་ཉེ་རིང་མེད་པར་དམག་ཟིང་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་ཐུགས་བྱམས་པ་དང་སྙིང་རྗེ་ཤུགས་དྲག་པའི་དབང་གིས་ཕན་ཚུན་སུ་ལའང་འཁོན་མེད་པར་བར་ཆིངས་དང་ནག་ཅན་པོའི་སྲོག་སྐྱོབ་པ་དང༌། གདུག་རྩུབ་ཅན་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ནས་སེམས་ཞི་བར་བྱས་ཏེ་རྗེ་རང་ཉིད་ལ་རང་དོན་བྱ་བ་གང་ཡང་མེད་པར་སྤྱིར་བོད་འབངས་ཀྱི་སེམས་ཅན་ཐམས་ཅད་བདེ་འཇགས་ཤིག་དང༌། དགེ་འདུན་གྱི་སྡེ་རྣམས་འཁྲུག་པ་མེད་པར་ཆོས་སྤྱོད་འཕེལ་བ་ཞིག་དང༌། ལྷག་པར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་མཆོག་གི་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་ཟིན་པ་ཞིག་གི་ཐབས་ལ་ཉིད་ཀྱི་སྐུ་དང་སྲོག་ལའང་མ་གཟིགས་པར་འབད་པས་ངོས་འཛིན་ཐུབ་སྟེ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ཐམས་ཅད་མཁྱེན་པའི་མཆོག་གི་སྤྲུལ་སྐུ་འཕྱོང་རྒྱས་ནས་འབྲས་སྤུངས་སུ་སྤྱན་དྲངས། གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་རྒྱ་མཚོར་གསོལ་དེ་ནས་རིམ་གྱིས་ཚིགས་སྔ་མ་དགེ་ཚུལ་གྱི་མཁན་པོ་མཛད་དེ་དགེ་ཚུལ་དུ་བསྒྲུབས། ཐོག་མར་ཚེ་དབང་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན། ཆོས་སྐྱོང་མང་པོའི་རྗེས་གནང་སོགས་ཆོས་བཀའ་མཐའ་ཡས་ཞིང་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་པར་སྐྱོང་བར་མཛད།

                    དེ་ནས་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་གི་ལོ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྟེང་གི་རྒྱ་ཕུབ་ཤིན་ཏུ་རྙིངས་པས་ལྷ་ཁང་རྡིབ་ཅེམས་སུ་འགྲོ་ཉེན་ཆེ་བ་ཐུགས་ཀྱིས་མ་བཟོད་པར་གཞི་ནས་གསར་གཟོ་མཛད་དེ། ཚུལ་འདི་ལ་ནི་རྗེ་རང་ཉིད་ཀྱི་ཞལ་ནས། ཇོ་བོ་རང་བྱུང་ལྔ་ལྡན་གྱི་ཕོ་བྲང་གི་རྒྱ་ཕིབས་དེ་གསེར་ཟད་པས་གཡས་ཟོས་ཐར་ཐོར་དུ་གྱུར། ཤིང་རྣམས་རུལ་བས་ཐོག་ཀྱང་རྡིབ་ཉེན་ཤིན་ཏུ་ཆེ་ཡང་ལྷ་ཁང་འདི་ལྷག་པར་གཉན་པས། བླ་མ་སློབ་དཔོན་སྡེ་དཔོན་སོགས་སུས་ཀྱང་འཆོས་མ་ནུས་པ་འདུག་ཀྱང༌། ཁོ་བོས་ནི་འཕགས་པའི་ཞབས་ཏོག་གི་ཕྱིར་ལུས་སྲོག་ཀྱང་ཡལ་བར་དོར་ཏེ་རྩ་ནས་བཤིག །ཟངས་ཁལ་བརྒྱ་ཕྲག་དུ་མ་དང་གསེར་ཞོ་སྟོང་ཕྲག་དུ་མ་བརྒལ་བ་ལས་གཞི་ནས་གསར་དུ་བཅོས་པས་གེགས་ཕྲ་མོ་ཙམ་ཡང་མེད་པར་ཟླ་བ་དྲུག་གི་ཁོངས་སུ་ལེགས་པར་གྲུབ་ནས་རབ་ཏུ་གནས་བགྱིས་ཏེ། བོད་སྤྱིའི་བདེ་སྐྱིད་ཀྱི་གསོས་སྨན་དུ་བྱས་པ་འདི་ཡང་དམ་པའི་མཛད་པ་དང་རྗེས་སུ་མཐུན་པར་རུང་ངམ་སྙམ་དུ་བགྱིད་དོ་ཞེས་གསུངས་སོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

          གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།