པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-21 22:10:28     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 199897520567606522.jpg

                    དེ་ནས་དབེན་དགོན་དུ་མ་འོངས་པའི་བསྟན་རྒྱུན་ལ་དགོངས་ཏེ་རྟེན་བཞེངས་མང་དུ་མཛད་ཅིང་རྟེན་བཞེངས་གྲུབ་འཕྲལ་དུ། ད་ནི་སྐྱེ་བ་འདི་ལ་བལྟོས་པའི་རྣམ་གཡེང་དང་འདྲེས་པའི་བྱ་བ་བྱེད་དགོས་ཀྱང་དེ་ཙམ་གྱིས་མཇུག་བསྡུས། ཚེ་འདི་དོན་གཉེར་གྱི་མི་དང་མི་འཕྲད། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་དང་མཚམས་པོ་ཆེ་བཅད་ནས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱའོ་སྙམ་དུ་ཐུགས་ལ་བཅངས་ཤིང༌། སྐུ་མདུན་བློ་བཟང་པ་དང་ཡང་བགྲོས་ཏེ་དེ་འཕྲལ་སྐུ་མཚམས་དམ་པར་བཅས། ཐུན་མཚམས་རྣམས་སུ་ཕྱག་དཔེ་གཟིགས་པ་སོགས་ཀྱང་བཤོལ་ཏེ་ཟླ་བ་དྲུག་བདུན་གྱི་བར་དགེ་སྦྱོར་ལ་བརྩོན་པར་མཛད་པས་དགེ་སྦྱོར་ལ་བྲོད་བརྙེད་དེ་འདི་ཁའི་རྒྱུན་སྐྱོང་རྒྱུ་བྱུང་ན་ལམ་སྣ་ཟིན་པ་ལའང་ཚེགས་མི་ཡོང་བ་འདུག་སྙམ་པ་ཐུགས་ལ་ཤར། དེ་དུས་ཐུགས་ངེས་འབྱུང་སྐྱོ་ཤས་ཤིན་ཏུ་ཆེ་བས་ཚེ་འདིར་དཔལ་ཤ་བ་རི་པ་དང༌། རྗེ་མི་ལ་རས་པ་ལྟར་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་སྙམ་པ་ནར་མར་ཡོད་པ་ན་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མདུན་གྱི་ནམ་མཁར་བྱོ ན་ནས། རང་དང་གཞན་ལ་ཕན་པའི་ཕྱི ར། །ཐོས་པས་ངོམས་པར་མི་བྱ་སྟེ། །ས་གསུམ་བརྙེས་པའི་སེམས་དཔའ་ཡང༌། །ཐོས་པས་ངོམས་པ་མེད་ལ་ལྟོས། །ཞེས་གསུང་བ་ཞིག་གསལ་བར་བྱུང༌། དེ་ནས་རིང་པོ་མ་ལོན་པར་སྐུ་མཚམས་གྲོལ་ཏེ་མནལ་ལམ་དང་ཐུན་བར་དབང་ལུང་མན་ངག་མཐའ་ཡས་པ་གསན་ཅིང༌། གཞུང་ཆེན་མོའི་རྩ་འགྲེལ་རྣམས་ལའང་ཞིབ་ཏུ་གཟིགས་ཏེ། མངོན་རྟོགས་རྒྱན། རྒྱུད་བླ་མ། རྩ་བ་ཤེས་རབ། རིན་ཆེན་ཕྲེང་བ། རིགས་པ་དྲུག་ཅུ་བ། བཤེས་པའི་སྤྲིང་ཡིག་བཞི་བརྒྱ་པ། དབུ་མ་འཇུག་པ། བསླབ་བཏུས་རྩ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། བྱང་ཆུབ་ལམ་སྒྲོན། བློ་སྦྱོང་རྩ་བ་འགའ། འདུས་པའི་རྩ་རྒྱུད། བདེ་མཆོག་རྩ་རྒྱུད། བརྟག་གཉིས། དུས་འཁོར་བསྡུས་རྒྱུད་བསྡུས་པ། མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་སོགས་གཞུང་ཆེན་མོ་མང་པོ་ལ་ཞལ་ཏོན་རེ་མོས་སུ་མཛད། རྗེ་རིན་པོ་ཆེ་བཀྲས་རིན་པ། ཚོགས་ཆེན་མཁན་པོ་རིན་རྒྱམ་པ་སོགས་དགེ་བའི་བཤེས་གཉེན་བཅུ་ཙམ་ཞིག་ལ་བདེ་མཆོག་ལཱུ་ཧི་པའི་དབང་དང༌། དམར་ཁྲིད། སྣར་ཐང་བརྒྱ་རྩའི་རྗེས་གནང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། བརྒྱད་སྟོང་པའི་ལུང༌། བཀའ་གདམས་གཞུང་དྲུག་གི་ལུང༌། ལམ་རིམ་གྱི་ཁྲིད་སོགས་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བ་གནང༌། དམ་པ་དེ་ཉིད་ཀྱི་དྲུང་དུའང༌། ནཱ་རོ་མཁའ་སྤྱོད་མའི་དབང༌། མཁའ་སྤྱོད་གཞན་གཉིས་ཀྱི་རྗེས་གནང༌། འཇམ་དབྱངས་ཆོས་སྐོར། ཞབས་བརྒྱད་པའི་རྗེས་གནང༌། གླེང་འབུམ་ཆེན་མོ། མདོ་རྩ། སུམ་བརྒྱ་པ། མངོན་པ་ཀུན་ལས་བཏུས་དང་མཛོད་རྩ་བ། འགྲེལ་པ་དོན་གསལ། མདོ་ཀུན་ལས་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། དབུ་མ་རིགས་ཚོགས་དྲུག །བྱམས་ཆོས་ལྔ། འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་གི་འཕྲོ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་བས་མཛད་པ་རྣམས་ཀྱི་ལུང་གསན། ཉིན་མཚན་ཁོར་ཡུག་ལྟ་བུར་ཕན་ཚུན་རེ་མོས་སུ་ཆོས་ཀྱི་འཁོར་ལོ་བསྐོ ར་ཏེ། མངོན་ཆུང་བར་དབེན་དགོན་དུ་ཕེབས།

                   དེ་དུས་དབེན་པ་ལ་ཤིན་ཏུ་དགྱེས་པ་ཆེ་ཞིང༌། ད་ལམ་བྱ་བྲལ་གྱི་བརྟུལ་ཞུགས་བླངས་ཏེ་ཕྱི ར་ཟློ ག་པ་མེད་པ་སྔོན་གྱི་གྲུབ་ཐོབ་རྣམས་དང༌། མཚུངས་པ་ཞིག་བྱེ ད། དེ་ལྟར་བྱེད་པ་ལ་འདི་ནང་གི་ལྟོ་གོས་ཙམ་ལ་ཡང་འཁྲི་བ་ཆོད་པ་ཞིག་མ་བྱུང་ན་བྱ་བྲལ་གྱི་མིང་བཏགས་པའི་གཉིས་མེད་སེང་གེར་སོང་ན་མ་ལེགས་སོ་སྙམ་དུ་དགོངས་ཏེ་བཅུད་ལེན་གྱི་རྣམ་གྲངས་དུ་མ་ལ་གོམས་པ་ཉམས་འོག་ཏུ་ཆུད་པར་མཛད་ཅིང་རླུང་སྦྱོར་འཁྲུལ་འཁོར་སོགས་ལ་གོམས་པ་ཕུལ་ཕྱིན་ཡོད་ཀྱང་ད་དུང་བོགས་དབྱུང་བའི་ཕྱིར་དགུན་སྟོད་བྲག་རྒྱར་ཕེབས་ནས་བརྩོན་པར་མཛད་པས་ཞག་བདུན་ཙམ་གྱིས་བཀའ་བརྒྱུད་པའི་ལུགས་ཀྱི་རས་ཕུད་བཏང་ཆོག་པ་བྱུང༌། དེར་གཡེང་བ་མེད་ཅིང་ཐུགས་རིག་དྭངས་པས་ཉམས་མགུར་མང་པོ་མཛད་ཅིང༌། འགའ་ཞིག་ཡི་གེར་མཛད་པ་ནི་འདི་ལྟར། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བློ་གཏད་ཐུབ་ཀྱི་བླ་མ་དཀོན་མཆོག་གསུམ། །རྐང་རུས་པའི་ཁོང་ནས་སྐྱབས་བཟུང་སྟེ། །བཀའ་མདོ་རྒྱུད་ཀྱི་ལམ་ལས་འོངས་པ་ཡི། །གླུ་ཚིག་གསུམ་གྱི་སྙིང་གཏམ་འདི་སྐད་སྨྲ། །དུས་ད་ལྟ་རང་དབང་ཡོད་པའི་ཚེ། །དོན་འབྲས་མེད་སྤུན་པ་མ་འཕྱར་བར། །ལས་བྱས་པས་འཚེང་བའི་རྣམ་དཀར་ལ། །ཡིད་རྩེ་གཅིག་ཏུ་དྲིལ་ན་དོན་པོ་ཡིན། །ཚེ་འདི་ཡི་མདུན་མ་ཅི་བྱས་སླ། །ཚེ་ཕྱི་མ་ཤུལ་རིང་འཇིགས་པ་ཆེ༌། །ལམ་ཤུལ་རིང་འཇིགས་པའི་བསྐྱེས་བསུ་དང༌། །རྒྱགས་འཛད་མེད་ཀྱི་གྲབས་གཤོམས་བྱས་ན་ལེགས། །སྔར་འདོད་ཡོན་རོ་ལ་ཇི་ཙམ་སྤྱད། །དེ་བསམས་ན་སྙིང་པོ་ཅི་འདྲ་འདུག །ད་རང་ཉིད་རང་གིས་མ་བསླུ་པར། །བློ་འགྱོད་མེད་ཀྱི་གདེངས་དྲོད་ཚེགས་སུ་ཚུད། །རང་མངལ་དུ་ཞུགས་པ་ནས་བཟུང་སྟེ། །དགྲ་འཆི་བདག་དྲུང་དུ་ཆས་ཟིན་ཅིང༌། །དུས་ཡུད་ཙམ་སྡོད་པའི་སྐབས་མེད་པས། །སྙིང་ངང་རིངས་ཀྱི་ལོངས་ཡོད་བདུད་ཀྱིས་བསླུས། །དགུང་མཁའ་ལ་ཤར་པའི་འཇའ་ཚོན་དེ། །གཟུགས་མཛེས་ཀྱང་མྱུར་དུ་ཡལ་ནས་འགྲོ། །གཞོན་ཤ་ཁྲག་རྒྱས་པའི་ལང་ཚོ་ཡང༌། །དུས་སྐད་ཅིག་གིས་མི་རྟག་འགྱུར་བའི་ཆོས། །དབྱར་ཆར་སྤྲིན་ནང་གི་གློག་དམར་བཞིན། །དུས་སྙིགས་མའི་ཚེ་ཐུང་ཞག་འགའ་འོ། །མི་རྒན་གཞོན་གོ་རིམ་མི་འདུག་པས། །ཕྱི ས་གཡེང་མེད་དུ་བག་གཟོན་དམ་པོ་མཛོད། །གཉེན་འཁོར་གཡོག་སྤྲིན་གྱི་འདུ་འགོད་དང༌། །སྲོ ག་མི་བརྟན་ཆུ་ཡི་ཆུ་སྦུར་དང༌། །ནོར་ལོངས་སྤྱོད་རྨི་ལམ་དཔལ་འདྲ་བས། །ཚེ་རྟག་འཛིན་གྱི་མདུན་གྲབས་ཅམ་སྟེ་ཞོག །རྟེན་དལ་འབྱོར་ལྡན་པའི་མི་ཡི་ལུས། །འདི་རྙེད་པར་དཀའ་ཞིང་འཇིགས་པར་སླ། །དུས་ད་རེས་ལན་ཅིག་རྙེད་པ་འདི། །དོན་མདོ་མེད་དུ་གཏོང་ན་སྨྱོན་པ་ཡིན། །ཡུལ་ཡུལ་ཅན་ཆོས་རྣམས་ཇི་སྙེད་པ། །བློས་མ་བརྟགས་མ་དཔྱད་ཉམས་དགའ་ཡང༌། །དོན་དཔྱད་ན་མི་དམིགས་སྟོང་པའི་ངང༌། །དབྱིངས་དེ་རུ་རིག་པ་གཅེར་བུར་ཞོག །སེམས་ཆགས་སྡང་རྗེས་སུ་མ་འཕྲོ་བར། །རྗེ་རྒྱལ་བའི་གསུང་གི་གཅེས་པའི་མཛོད། །ལམ་སྟོང་ཉིད་སྙི ང་རྗེའི་སྙི ང་པོ་ཅན། །འདི་འབྲལ་མེད་དུ་སྒོམས་དང་ཡུན་དུ་དགེ །ཕྱི ་ཐོས་བསམ་སྒྲོ་འདོགས་མ་ཆོད་ཀྱང༌། །སེམས་འཁོར་འདས་རྩ་བར་གསུངས་པའི་ཕྱི ར། །ནང་ཤེས་རྒྱུད་ཞི་ཞིང་དུལ་བར་གྱིས། །ཆོས་ཟབ་དོན་གྱི་སྙི ང་པོ་བསྡུས་པ་ཡིན། །ལུས་སྣང་སྟོང་ཚོགས་པ་ལྷ་ཡི་སྐུ། །ངག་གྲག་སྟོང་བཟླས་པ་རྒྱུན་མི་འཆད། །ཡིད་བདེ་སྟོང་དབྱི ངས་ལས་མ་གཡོས་པར། །ཕ་བླ་མའི་རྣམ་ཐར་རྗེས་སུ་སྐྱོངས། །གཏམ་འདི་ལྟར་སྨྲས་པའི་དགེ་བ་དེས། ཁམས་གསུམ་གྱི་འཁོར་བའི་སེམས་ཅན་རྣམས། །རྒྱུ་ཀུན་འབྱུང་འབྲས་བཅས་ཡོངས་སྤངས་ཏེ། །སྐུ་གསུམ་གྱི་གོ་འཕང་མྱུར་ཐོབ་ཤོག །

                    དེ་ནས་དབེན་དགོན་ཚོགས་པ་ཇེ་རྒྱས་སུ་སོང་སྟེ་དགེ་འདུན་མང་དུ་ཚོགས་པ་དང༌། ཕྱོགས་འདུས་ཀྱི་དད་ལྡན་བཅས་ལ་ལམ་རིམ། བློ་སྦྱོང༌། བཀའ་གདམས་གླེགས་བམ། དཔེ་ཆོས་རིན་སྤུངས། འདུལ་བའི་བསླབ་བྱ། འཇིགས་བྱེད་དང་བདེ་མཆོག་སོགས་ཀྱི་བསྐྱེད་རྫོགས་དམར་ཁྲིད། ལྟ་ཁྲིད། གསང་བདེ་འཇིགས་གསུམ། གདུགས་དཀར་སོགས་ཀྱི་དབང༌། སྣར་ཐང་བརྒྱ་རྩའི་རྗེས་གནང༌། ཆོས་སྐྱོང་མང་པོའི་རྗེས་གནང༌། བསྒྲུབ་སྐོར་སོགས་རྒྱས་པར་མཛད་དེ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྟོན་དང་དགུན་གྱི་དུས་འདུ་འཛིས་དབེན་པར་མཛད་དེ། སྐུ་མཚམས་སུ་གཞུགས་ནས་ལྷག་པའི་ལྷ་མང་པོའི་བསྙེན་བསྒྲུབ་སོགས་བསམ་གཏན་གྱི་འཁོར་ལོ་དང༌། སོས་དང་དབྱར་མཇུག་མྱང་སྟོད། ཤབ། ཤངས། ཐོན་སོགས་ཅི་རིགས་སུ་ཕེབས་ནས་ཆོས་དང་མཐུན་པར་སྡེ་དཔོན་རིགས་དང་བན་སྐྱའི་ཚོགས་མང་པོའི་བཞེད་པ་འགེངས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ལའང་བརྩོན་པར་མཛད། དེ་དག་གི་སྐབས་སུའང༌། དམ་པའི་འགྲོ་བ་གཉིས་ཡིན་ཏེ། །ཐམས་ཅད་ཕུན་སུམ་ཚོགས་པའམ། །ཡང་ན་ནགས་སུ་གནས་པའོ། །ཞེས་འབྱུང་བ་ལྟར། རབ་མི་གྲལ་ནས་བུད་དེ། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་བཀའ་སྩལ་པ་ལྟར། གཞན་གྱི་དོན་དུ་རང་དོན་གཙོ་བོ་ལྟར་བསྒྲུབ་པའི་སྒྲུབ་པ་ཞིག་བྱེ ད། དེ་མིན་རང་དོན་གྱི་འཁྲི་བ་བཅད་དེ་བསྟན་པ་དང་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་གང་རུང་ཞིག་བསྒྲུབ་པར་བྱའི། དེ་གཉིས་གང་ཡང་མ་ཡིན་པའི་གསོན་པ་ཙམ་ལས་ཤི་བ་ལེགས་སོ་སྙམ་དུ་དགོངས་པ་བྱུང་ཞིང༌། དེ་དང་མཐུན་པར་བླ་མ་དཀོན་མཆོག་ལ་ཡང་སྙི ང་ནས་རེ་དོགས་དང་བྲལ་བའི་གསོལ་བ་འདེབས་པ་འདི་ལྟར་མཛད་དེ། ན་མོ་ཨརྱ་མཻ་ཏྲི་ཡ། སྟེང་དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་དུ། །རྗེ་ས་བཅུའི་དབང་ཕྱུག་མི་ཕམ་མགོན། །དཔལ་ནམ་མཁའ་དྲི་མ་མེད་པ་དང༌། །ཕ་མཉམ་མེད་འཇམ་དཔལ་སྙིང་པོའི་ཞབས། །སྲས་དཔག་མེད་སེམས་དཔའི་འཁོར་དབུས་སུ། །ཆོས་ཐེག་མཆོག་དགའ་སྟོན་འགྱེད་པ་དེར། །བདག་གདུང་བའི་སེམས་ཀྱིས་གསོལ་འདེབས་ན། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲངས་སུ་གསོལ། །དུས་དེང་སང་བསྟན་པའི་གཟུགས་བརྙན་འདི། །ལར་ཡིད་ལ་བརྣགས་ཀྱང་ཕན་པ་མེད། །དོན་དེ་ཕྱིར་ཡིད་དགའ་ཆོས་འཛིན་དུ། །དུས་མྱུར་པ་ཉིད་དུ་བགྲོད་པར་སྨོན། །ཚེ་འདི་ནང་འགགས་པའི་དེ་མ་ཐག །རྗེ་རྒྱལ་ཚབ་ཆོས་ཀྱི་མདུན་ས་དེར། །ཡིད་དང་བའི་རླུང་གིས་རབ་འཕངས་ནས། །ཆོས་ཐེག་པ་ཆེ་ལ་སྤྱོད་པར་ཤོག །ཚེ་འདི་ནང་རང་གཞན་དོན་འགྲུབ་པའི། །ལས་མཐུ་དང་ལྡན་པ་མ་མཆིས་ན། །ཕ་ཁྱེད་ལ་ཐུགས་རྗེ་ཚད་མེད་པས། །དུས་ད་ལྟ་གནས་དེར་དྲང་དུ་གསོལ། །མི་ཁོ་བོའི་འདི་ཕྱིའི་བདེ་ལེགས་ཀུན། །རྗེ་བླ་མ་ཁྱེད་རྣམས་མཁྱེན་ལགས་པས། དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །ལམ་ངན་པའི་གཡངས་ལས་བསྐྱབ་ཏུ་གསོལ། །ཅེས་པའོ།

                                                                                                                         རྩོམ་སྒྲིག་པ། མང་ར་བ།

 

            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།