པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-21 22:07:22     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 112882170715594877.jpg

                   དེ་ནས་དགུན་ཆོས་དང་པོ་ལ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རིགས་ཆེན་ལ་བསྒྲིགས་ཆོས་གྲྭ་དང་རིགས་ལུང་ཆེན་མོའི་གྲྭ་ཐམས་ཅད་དུ་བགྲོ་གླེང་ལ་ཐུགས་བརྩོན་ཤིན་ཏུ་ཆེ་བར་མཛད་དེ་ཕྱག་མཐིལ་ལ་སྒལ་པ་ཆགས་ཤིང༌། ཕྱག་སོན་གྱི་མཚམས་རྣམས་ཨུཏྤལ་ལྟར་གས་པ་བྱུང་ངོ༌། །དེ་ནས་འགལ་བ་ཞེས་པ་ས་མོ་གླང་གི་ལོའི་ས་ག་ཟླ་བའི་དུས་ཆེན་གྱི་ཐོག་དབེན་དགོན་དུ་ཕེབས་ཏེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བདེ་མཆོག་གི་དབང་གནང་བ་གསན། དེ་འཕྲལ་དུ་བཀྲ་ཤིས་ལྷུན་པོར་ཕེབས། དེ་དུས་ཕྱོགས་ཐམས་ཅད་འབྲུམ་ནད་ཀྱིས་ཁྱབ་ནས་རྗེ་འདི་ལའང་འབྲུལ་བུའི་བསྙུན་གཞིས་བཏབ་ཀྱང་རིགས་ལུང་འཆག་མེད་མཛད། རྗེ་འདི་འབྲུམ་བུས་བསྙུན་པ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་གསན་འཕྲལ་བཀྲ་ཤིས་ལྷུན་པོར་ཕེབས། ཞག་གསུམ་བཞུགས་ནས་བྱིན་རླབས་མཛད་དེ་འཕྲལ་དང་ཡུན་དུ་དགེ་བའི་བཀའ་ཐ་མ་སྩལ་ནས་ཚེས་གསུམ་ལ་དབེན་དགོན་དུ་ཕེབས། དེའི་ཉིན་པར་གསོལ་ཇ་བཞེས་འདོད་ནས་ཞབས་འབྲིང་རྣམས་མི་འདོད་ཅིང་འཇིགས་བཞིན་དུ་གསོལ་ཇ་བཞེས་ཤིང་ཞལ་གཟོན་གློད་པས། མདོར་ན་ཉེར་བདུན་བརྒྱད་གཉིས་སྐུ་ངལ་བ་ཙམ་མ་གཏོགས་བསྙུན་གཞིའི་རིགས་ཅི་ཡང་མེད་པར་ཞག་ལྔ་ལ་འབྲུམ་བུའི་བསྙུན་གཞི་སངས་ཀྱིས་དྭངས་པ་ཞིག་བྱུང༌། དེ་ཡང་ཞབས་འབྲིང་པ་དགེ་བཤེས་མངོན་སུམ་དུ་ཡོད་པ་མ་གཏོགས་སྙུན་གཞི་ཡུན་ཐུང་བ་དང་འབྲུམ་རྗེས་མེད་པ་ལ་དཔགས་ཏེ་གཞན་དག་ནི་བདེན་ནམ་བརྫུན་ཞེས་ཐེ་ཚོམ་གྱི་དཔྱང་ཐག་འཛིན་པའང་བྱུང་ཞེས་གྲག་གོ །དེ་དུས་མཁས་གྲུབ་སངས་རྒྱས་རྒྱས་ཡེ་ཤེས་ཀྱིས་རྗེ་འདི་བ་ལ་བྱིན་རླབས་གནང་ཞིང་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པའི་ཚུལ་སོགས་ནི་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་དུ་བརྗོད་ཟིན་པ་ལྟར་རོ། །

                    དེ་ནས་ཐོས་བསམ་གླིང་ཞལ་སྔ་ནས་སློབ་དཔོན་རིན་པོ་ཆེས་ཚད་མ་རྣམ་འགྲེལ་གྱི་སྤྱི་བསྐྱུར་མཛད་དགོས་ཚུལ་ནན་ཆགས་པ་ལྟར་ཞལ་གྱིས་བཞེས་ཏེ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ཚད་མ་རྣམ་འགྲེལ་ལ་དམ་བཅའ་བཞག་སྟེ་དྲི་མེད་རིགས་པའི་སྒྲ་དབྱངས་སྒྲོག་པ་ལ་དཔལ་ལྡན་ཆོས་ཀྱི་གྲགས་པ་སླར་ཡང་འོངས་པ་ཇི་ལྟ་བ་བཞིན་དུ་གྱུར་ཏེ་མཁས་པ་མཐའ་དག་གི་ཡིད་འཕྲོག་པར་མཛད་དོ། །འབྲུམ་བུའི་བསྙུན་གཞི་དྭངས་པའི་མཇུག་ནས་སྐུ་མཚམས་རྒྱུན་བསྐྱངས་ཏེ་འཇམ་དཀར་དང༌། འཇིགས་བྱེད་ཀྱི་བསྙེན་པ་སྦྲེལ་ནས་ཟླ་བ་གཅིག་ལྷག་ཙམ་སྐུ་མཚམས་མཛད། དེ་སྐབས་མནལ་ལྟས་ངོ་མཚར་བ་དུ་མ་བྱུང་ཡང་ཕྱག་བྲིས་སུ་མ་མཛད། དེ་སྐབས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོའི་མཐར་ཡ་མ་ར་ཛའི་ཡི་གེ་ཤེལ་ལྟར་དྭངས་པས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་རང་གཞན་སྣོད་བཅུད་ཐམས་ཅད་འོད་གསལ་བར་བྱེད་པ་ཞིག་མངོན་སུམ་དུ་གཟིགས་ཏེ། འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་མཐར་ཐུག་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བྱིན་རླབས་རྟོགས་པ་ཁྱད་པར་ཅན་བརྙེས་སོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཞིང་གཤེགས་པ་གསན་ནས་དབེན་དགོན་དུ་ཕེབས་ཏེ་སྐུ་གདུང་ལ་མཆོད་པ་དང༌། དགོངས་རྫོགས་སུ་ཕྱིའི་མཆོད་རྟེན་དང༌། གཟིམ་མལ་དུ་སྐུ་འདྲ་བཞེངས་པ་སོགས་དགོངས་རྫོགས་ཇི་ལྟར་མཛད་པའི་ཚུལ་རྣམས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་དུ་བརྗོད་ཟིན་པ་ལྟར་རོ། །

                    དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ནས་དབུ་མའི་གཞུང་ལ་སྦྱངས་ཏེ་ལུང་དང་རིགས་པས་ཕས་རྒོལ་ཟིལ་གྱིས་གནོན་པ་ལ་སྤོབས་པ་ཐོགས་པ་མེད་པས་སློབ་དཔོན་ཟླ་བ་གྲགས་པ་སླར་ཡང་གངས་རིའི་ལྗོངས་འདིར་ཕེབས་པ་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་ལྕགས་མོ་ཡོས་ལོའི་གྲོ་ཞུན་ཟླ་བའི་དཀར་པོའི་ཚེས་གསུམ་གྱི་ཉིན་གཟིམ་ཁང་རྒྱལ་མཚན་མཐོན་པོར་པཎ་ཆེན་དམ་ཆོས་ཡར་འཕེལ་བའི་ཞལ་སྔ་ནས་ཀྱིས་མཁན་པོ་དང༌། སློབ་དཔོན་རིན་ཆེན་དཔལ་འབྱོར་རྒྱ་མཚོ་ནས་ལས་སློབ། པཎ་ཆེན་ལྷ་དབང་བློ་གྲོས་པས་གསང་སྟོན་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡོངས་སུ་རྫོགས་པ་བཞེས་ཏེ། སྟོན་པ་ཐུབ་པའི་དབང་པོ་སླར་ཡང་གངས་རིའི་ལྗོངས་འདིར་བྱོན་པ་ཇི་ལྟ་བར་གྱུར་ཏོ། །ལོ་དེ་ཁའི་སྟོན་མཇུག་དབུས་ཕྱོགས་སུ་བྱོན། ཇོ་ཞལ་རྣམ་གཉིས་སོགས་ཀྱི་དྲུང་དུ་དངོས་བཤམས་ཡིད་སྤྲུལ་གྱིས་མཆོད་ཅིང་བསྟན་པ་རྒྱས་པའི་སྨོན་ལམ་རྣམ་པར་དག་པ་འདེབས་པར་མཛད་པས་བྱི ན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་ཡང་མང་པོ་བྱུང༌། དེ་ནས་མཐར་གྱིས་རི་བོ་དགེ་ལྡན་དུ་ཕེབས། དེར་དགའ་ལྡན་ཁྲི་རིན་པོ་ཆེ་དང་སྡེ་པ་སྐྱིད་ཤོད་པ་སོགས་ཀྱིས་བསྐུལ་མ་མཛད་པ་ལྟར་སེར་སྐྱ་སྟོང་ཕྲག་མང་པོ་ཚོགས་པའི་དབུས་སུ་དཀའ་ཆེན་བཞི་ལ་དམ་བཅའ་མཛད་པ་ན་བདག་ཉིད་ཆེན་པོ་འདིའི་རིགས་པའི་རྣམ་འགྱུར་ལ་འགྲན་ནུས་པ་སུ་ཡང་མ་བྱུང་བས་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པར་གྱུར་ཏོ། །

                   གནས་དེར་རྗེ་བཙུན་ནམ་མཁའི་མཚན་ཅན་གྱི་དྲུང་དུ་གཙོ་བོར་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས། བསྡུས་རྒྱུད། འགྲེལ་ཆེན། དབང་མདོར་བསྟན་སོགས་ཀྱི་ལུང་ཡོངས་རྫོགས། བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས་ཀྱི་དབང༌། ཀྱཻ་རྡོར་ཐོད་པ་ཅན་དང་མཚོན་ཆ་ཅན་གཉིས་ཀྱི་དབང༌། འཁོར་ཆེན་གྱི་དབང་རྟ་མགྲིན་ཡང་གསང་གི་དབང༌། བདེ་མཆོག་ནག་པོ་པའི་དབང༌། གཤེད་དམར་ལྷ་ལྔ། བཀའ་གདམས་ཐིག་དྲུག་གི་དབང༌། ཀུན་རིག་གི་དབང་སོགས་རྣལ་འབྱོར་རྒྱུད་ཀྱི་དབང་འགའ་དང༌། ཚེ་དཔག་མེད། མི་འཁྲུགས་པ་སོགས་བྱ་སྤྱོད་རྣམས་ཀྱི་དབང་མང་པོ་དང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་དང༌། གསུམ་གའི་གདམས་པ་ཡོངས་སུ་རྫོགས་པའི་ལུང༌། བདེ་མཆོག་དཀར་པོ། ཕག་དཀར་ཤེས་རབ་གསལ་བྱེ ད། སྣ་ཚོགས་ཡུམ། ལྷ་མོ་ཤྲཱ་མ་ཎ། དུར་ཁྲོད་བདག་པོ་ཡབ་ཡུམ། ལྷ་མོ་ཕྱག་བཞི་མ། རྣམ་སྲས་སེར་ཆེན་གྱི་རྗེས་གནང༌། བཀའ་གདམས་གཞུང་དྲུག །བཀའ་གདམས་ཆོས་འབྱུང༌། བུ་སྟོན་ཆོས་འབྱུང༌། དཔེ་ཆོས་རིན་སྤུངས་རྩ་འགྲེལ། ཆོས་རྗེ་ནམ་མཁའི་མཚན་ཅན་རང་ཉིད་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རྫོགས། བཤེས་སྤྲིང༌། ཚིག་གསལ། འཇུག་པའི་རང་འགྲེལ་ལམ་རིམ་ཆེན་མོ་རྣམས་ཀྱི་ལུང་གསན། སློབ་དཔོན་རྡོ་རྗེ་འཛིན་པ་དགེ་འདུན་རྒྱལ་མཚན་པའི་དྲུང་དུ། འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་ལུང་བཤད། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཐོར་བུ་བས་མཚོན་གསུང་རྩོམ་ཐམས་ཅད་ཀྱི་ལུང༌། ཚེ་དབང༌། ཕྱག་རྡོར་ཨུ་ཙ། རྣམ་སྲས་སེར་ཆེན་རྣམས་ཀྱི་རྗེས་གནང་རྣམས་གསན། སློབ་དཔོན་རིན་པོ་ཆེ་རྣམ་རྒྱལ་དཔལ་བཟང་བའི་དྲུང་དུ་རྒྱུད་པ་རྣམས་དང་ལྷན་ཅིག་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང༌། བོད་དུ་འགྱུར་བའི་འདུས་པའི་བཤད་རྒྱུད་རྣམས་ཀྱི་ལུང༌། ཚལ་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་བཞི་པའི་དབང་བཞི་ཡོངས་སུ་རྫོགས་པ་རྣམས་གསན། ཁྲི་ཐོག་པ་སེམས་དཔའ་ཆེན་པོ་དམ་ཆོས་དཔལ་འབར་བའི་དྲུང་དུ། ཁྲོས་ནག་གི་དབང་དང༌། ནམ་མཁའ་སྒོ་འབྱེད། གཅོད་གཞུང་སྐལ་ལྡན་འཇུག་ངོགས་སྐོར་གསུམ་གྱི་ལུང་སོགས་གཅོད་སྐོར་ཡོངས་རྫོགས་གསན། དེ་དང་དེ་དག་གི་ཚེ་དོན་གཉེར་ཅན་མང་པོ་ལ་ཆོས་ཀྱི་བདུད་རྩིའང་རྒྱ་ཆེར་སྩལ། དེ་དུས་ཡེར་པ་དང་ཚལ་གུང་ཐང་གི་གནས་མཇལ་ཡང་ཞིབ་ཏུ་མཛད།

                   ཡེར་པར་ཞག་བདུན་བཞུགས་རིང་ཐུགས་དམ་ལ་གཅིག་ཏུ་གཞོལ་བར་མཛད་ཅིང༌། དྲུང་པ་བསམ་གཏན་པ་སོགས་དགེ་སློང་རི་ཁྲོད་པ་མང་པོ་ལ་ལམ་རིམ་དང་བློ་སྦྱོང་གི་ཁྲིད་སྩལ། ཕྱིར་ལམ་ཚལ་ཡང་དགོན་གྱི་མགོན་པོ་དེས་བྱིན་གྱིས་རློབས་པའི་མཚན་མ་སྟོན་པ་དང༌། ལྷག་པར་གུང་ཐང་གི་མགོན་པོའི་ཞབས་ལ་བཟུང་ནས་འཕྲིན་འཆོལ་ཤུགས་དྲག་མཛད་པ་ན་ཞབས་འགུལ་བསྐྱོད་མཛད་པ་བྱུང༌། དེ་ནས་དབེན་དགོན་དུ་ཕེབས་ཏེ་དབྱར་གནས་ཐོག་བླ་མ་སློབ་དཔོན་དང་དཀའ་བཅུ་རབ་འབྱམས་སོགས་དགེ་བའི་བཤེས་གཉེན་ཆོས་ཉན་པ་མང་པོ་འདུས་པ་ལ་ཐུགས་བཞེད་ལྟར་ལམ་རིམ་ཆུང་བ་ཁྲིད་དང་སྦྱར། མདོ་དང་རྒྱ་གཞུང་མང་པོའི་ལུང་གིས་བརྒྱན་ཏེ་གཟབ་བཤད་རྒྱས་པར་སྩལ་བས་དགེ་བའི་བཤེས་གཉེན་རྣམས་ལྷག་པར་དགྱེས། སྒོ་མང་སློབ་དཔོན་གཞུང་ཁང་རབ་འབྱམས་པ་ཟེར་བ་ཞིག་ན་རེ། ངས་དགེ་ལྡན་ཁྲི་གདན་ཟུར་སོགས་དབུས་གཙང་གི་བླ་མ་མང་པོ་ལ་ཆོས་ཉན། མགོ་བོ་ཤིན་ཏུ་མཁྲེགས་པ་ཞིག་ཡིན་ཡང༌། རྗེ་བླ་མ་ཁྱེད་ཉིད་ཀྱི་གསུང་བཤད་རྣམས་སེམས་ལ་ཕན་ཞིང་གཞན་ལས་དད་པ་མཆོག་ཏུ་སྐྱེས་ཞེས་ཞུས། སྟོན་དེར་བཞུགས་ཏེ་སྐུ་མཚམས་བཅད་ནས་དཀྱིལ་འཁོར་ཆེན་པོ་མང་པོའི་བསྙེན་པ་མཛད། དེ་ནས་སྐུ་མདུན་བློ་བཟང་པ་ཡང་དབུས་ནས་བྱོན་ཏེ་རྗེ་བཙུན་བླ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་མི་ཚད་ཆེ་ལ་གཏོགས་པ་བཞེངས་ནས་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་ལོའི་ནང་དུ་རྫོགས་པར་གྲུབ་སྟེ། དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རབ་ཏུ་གནས་པ་རྒྱས་པར་མཛད་ཅིང་བཟོ་བོ་རྣམས་ཀྱང་ཡོན་གྱིས་ཚིམས་པར་མཛད་དོ། །

                                                                                                                         རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།