པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-21 22:04:02     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 108081867390480039.jpg

                    དེ་ནུབ་མནལ་ལམ་དུ་བུད་མེད་གཞོན་ནུ་མ་ཕོ་ཆས་སུ་བྱས་པ་ཞིག་ན་རེ། འདི་སྔར་ཁྱོད་རང་གིས་བཟུང་བའི་ཉི་མའི་དཀྱིལའཁོར་ཡིན་ནོ་ཟེར་སེར་ཁོབ་པ་འོད་ཟེར་ཆེར་མེད་པ་མཎྜལ་གྱི་དབྱིབས་ཅན་ཞིག་ཕྱག་ཏུ་ཕུལ་བྱུང་བ་ལ། ཉི་མ་ཡིན་ན་འོད་ཆེན་པོ་ཡོང་དགོས་རྒྱུ་ལ་གསུངས་པས། དེ་ན་རེ། འོད་ཟེར་རྣམས་ཕྱི ས་ནས་གསལ་བར་འགྱུར་རོ། །ཟེར་བ་ཞིག་རྨིས། དེ་ཡང་སློབ་གཉེར་གཤའ་མ་ཞིག་བྱེད་ན་སྙིང་ཐག་པ་ནས་ཆོས་གྲྭ་རིགས་ལུང་དུས་ལས་མ་ཡོལ་བ་འགྲིམ་པ་སོགས་དཀའ་བ་མ་སྤྱད་ན་དམ་པའི་སྐྱེ་བོ་མཁས་པ་རྣམས་དགྱེས་པ་བསྐྱེད་མི་ནུས་པའི་ཉེས་པར་གཟིགས་ནས། འཁྲུངས་ཡུལ་དང་བསྟུན་ཐོས་བསམ་གླིང་གི་ཆོས་གྲྭ་འགྲིམ་པར་མཛད་དེ་དུས་འཁོར་ཡང་དགེ་བཤེས་དཔལ་འབྱོར་བྱ་བ་གཅིག་ལས་མེད་ཅིང༌། གྲྭ་རྐྱང་སྙོམས་ཆུང་རང་ལ་ཐུགས་གཞོལ་བས་དེ་ཁའི་བརྟུལ་ཞུགས་འཛིན་པ་ཡིན་ཡང་བཀྲ་ཤིས་ལྷུན་པོའི་བླ་མ་སློབ་དཔོན་ཐམས་ཅད་ཀྱིས་ཕྱག་དང་བསྙེན་བཀུར་མཐོང་གཟོས་ཆེར་མཛད་ཅིང་ཁྱད་པར་ཁྲི་ཐོག་ན་པཎ་ཆེན་བསམ་འགྲུབ་དཔལ་བཟང་བཞུགས་པ་མཇལ། དེ་རྗེས་ཁོང་ལ་གྲྭ་པ་ཞིག་གིས་དེ་རིང་རྗེ་དྲུང་དབེན་ས་པ་དང་མཇལ་འཛོམ་མཛད་འདུག་པ་ཞེས་ཞུས་པས། ཤིན་ཏུ་མཇལ། ངེད་གཉིས་ཕྱག་འཚལ་རེས་ནི་མ་བྱུང་གསུངས་ཅི་ཡིན་ཞུས་པས། ཁོང་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་ཕྱག་འཚལ་གྱི་འདུག །ངས་ནི་རྒྱལ་བ་བློ་བཟང་དོན་གྲུབ་ལ་བཙལ། ངེད་གཉིས་ཕྱག་འཚལ་རེས་མ་བྱུང་ཞེས་ཞལ་ཀྱལ་ཡང་གསུངས་ཞེས་ཟེར། དེའི་ཚེ་གཟིམ་ཁང་དང་ཆོས་ཁྲིམས་པ་སོགས་མང་པོས་མཁན་སློབ་ཐམས་ཅད་ཀྱིས་ཕྱག་སོགས་མཛད་ནས། ཚོགས་ཆེན་དུ་ཁྲི་སྟན་མཐོ་བ་ཞིག་ཅིས་ཀྱང་བཞེས་དགོས་ཞེས་ཡང་ཡང་ནན་གྱིས་ཞུ་བ་བྱུང་ཡང༌། དགག་བྱ་ཆེ་ཞིང་དགོས་པ་ཆུང་བ་དང༌། རྗེ་བླ་མའི་དགོངས་པར་ཡང་སྙོམས་ཆུང་གིས་ཆོས་གྲྭ་གཤའ་མ་འགྲིམ་པ་ཞིག་ལ་དགྱེས་པས་དང་དུ་མ་བཞེས་པ་ན། འོ་ན་བཙུན་ཆུང་རྣམས་དང་ལྷན་ཅིག་གྲལ་འཛིན་གྱི་དཀའ་བ་མི་དགོས་ཤིང་ཉེས་པ་གཞན་གང་ཡང་མེད་པས་དྲེའུ་རྔོག་གིས་ཁྱད་པར་དུ་བྱས་པའི་གྲལ་ཁུངས་ཤིག་ཅིས་ཀྱང་འཛིན་དགོས་ཞེས་པཎ་ཆེན་རིན་པོ་ཆེས་ནན་གྱིས་ཞུ་བར་མཛད་པས། རྗེ་འདི་ཐུགས་བཞེད་པ་བཞིན་མ་བྱུང་ཡང་པཎ་ཆེན་རིན་པོ་ཆེའི་བཀའ་ལྕིད་ཆེས་པས་དང་དུ་བཞེས།

                    དེ་ནས་ཐོས་བསམ་གླིང་གི་སློབ་དཔོན་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོའི་དྲུང་དུ་སྦྱོར་བ་རྩི་བའི་འགོ་འཛིན་པར་བྱོན་པའི་ཚེ་རྟེན་འབྲེལ་ཁྱད་པར་ཅན་མང་དུ་བྱུང་ཞིང༌། ཁྱད་པར་གཟིམ་སྤྱིལ་གྱི་སྒོ་དྲུང་དུ་རྣལ་འབྱོར་མའི་རྣམ་པ་ཞིག་གིས་འོ་མ་ཀ་པཱ་ལ་གང་ཁྱེར་བྱུང་བ། རྗེ་འདི་པས་མ་རྒྱུད་པའི་བསླབ་བྱ་གཡོན་སྐོར་དང་ཕྱག་མཛད་པར་མོས་པས། དེས་འཛུམ་པ་དང་བཅས་སྣོད་བཅུད་དེ་རྗེ་འདིའི་སྐུ་མདུན་དུ་བཏེག་བྱུང་བ་དེ་ལ་མཆོད་ཡར་ཞིག་མཛད་ནས་ཡར་ཅུང་ཟད་ཅིག་ཕེབས་ཏེ། རྣལ་འབྱོར་མ་དེ་ཅི་འདྲ་ཞིག་ཡིན་སྙམ་དུ་ཕྱི་མིག་ཅིག་གཟིགས་པས་མི་སྣང་བར་གྱུར་འདུག་གསུང༌། དེ་ནས་སྦྱོར་པ་རྩི་བ་སོགས་སྤྱི་དང༌། མཐུན་པར་མཛད་པས་སྔོན་ཡུན་རིང་པོ་ནས་སྦྱངས་པའི་མཐུ་ཅན་ཡིན་པར་མ་ཟད། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཞབས་དྲུང་དུ་མདོ་སྔགས་ཀྱི་ལམ་གྱི་དཀའ་གནས་ཐམས་ཅད་གསན་ཏེ་ཐུགས་ཉམས་སུ་བཞེས་པར་མཛད་པས། དུས་འདིར་ཆོས་གྲྭ་ཕེབས་ཙམ་ཉིད་ནས་ལམ་དང་ལམ་མིན་འབྱེད་པ་ལ་བློ་གྲོས་ཐོགས་པ་མེད་པར་གྱུར་ཀྱང་ཟླ་བ་གཅིག་ཙམ་ཞིག་བུམ་ནང་གི་མར་མེའི་ཚུལ་དུ་བཞུགས། དབྱར་གནས་ལ་དབེན་དགོན་དུ་ཕེབས།

                    དེའི་ཚེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བདག་ཉིད་ཆེན་པོ་འདིས་གཙོས་དབེན་དགོན་ཚོགས་པ་ལ་སྤྱན་སྔ་ཆོས་དྲུག་གི་བཤད་ལུང་དང༌། ཆོས་རྗེ་འབའ་ར་བའི་གསུང་འབུམ་གྱི་ལུང་སོགས་དང༌། བདག་ཉིད་ཆེན་པོ་འདི་ལ་སྒེར་དུ་རྒྱལ་བ་ཙོང་ཁ་པའི་སྙན་བརྒྱུད་ཐུན་མོང་མིན་པ་ཁྲིད་ཆེན་བརྒྱད་དུ་གྲགས་པ་དང༌། དབང་རྗེས་གནང་སྔར་མ་གསན་པ་མང་དུ་གནང༌། སྟོན་དུས་རྗེ་བཙུན་མི་ལའི་རྣམ་མགུར་གྱི་ལུང་སོགས་གསན་ཞིང་དབེན་པ་ལ་ཐུགས་སྤྲོ་བས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་ལ་བརྟེན་ན་བསླུ་བ་མེད་པའི་སྐྱབས། །བུ་རམ་ཤིང་པའི་ཞབས་སེན་ཟླ་ཚེས་དཀར། །བདག་སྙིང་ཀུན་དའི་ཟེའུ་འབྲུར་རྟག་གཟིམས་པའི། །མཛེས་སྡུག་ནམ་ཡང་ཉམས་པ་མེད་གྱུར་ཅིག །ལྷར་བཅས་འདྲེན་པ་སྟོན་པ་སངས་རྒྱས་ཀྱང༌། །དེང་དུས་ཐོས་པའི་ལམ་དུ་གཤེགས་གྱུར་ན། །མཐོན་པོའི་ནོར་འཛིན་ལས་འོངས་འབབ་ཆུ་ལྟར། །གཡོ་བའི་འཇིག་རྟེན་རྟག་པའི་གོ་སྐབས་ཅི། །དཔག་མེད་ཚེ་གནས་སྔོན་གྱི་མི་རྣམས་ཀྱང༌། །དེང་སང་མིང་གི་ལྷག་མ་ཙམ་ཞིག་ན། །སྐལ་ངན་སྙིགས་དུས་སྐྱེ་བོ་འདི་དག་གི །ཚེ་ནི་བར་སྣང་གློག་དང་ཅིས་མི་མཚུངས། །སྐྱེ་རྒ་ན་འཆིའི་དགྲ་ཚོགས་ཀུན་བཅོམས་ཤིང༌། །ཉོན་མོངས་གཡུལ་ལས་རྒྱལ་བའི་མཁས་པའི་ཚོགས། །ཀུན་ཀྱང་དུས་ཀྱི་རིམ་པས་བྱོན་ཟིན་ན། །བདག་ལྟ་མྱུར་དུ་མི་འཆིའི་ངེས་པ་གང༌། །ཚེ་ནི་བསེར་བུས་བསྐྱོད་པའི་ཨུཏྤལ་གྱི། །འདབ་རྩེར་འབྲེང་བའི་ཆུ་ཐིགས་ལྟར་མཐོང་ཞིང༌། །སྲིད་པའི་ཕུན་ཚོགས་གདུག་པའི་སྤྲུལ་གྱི་ལྕེ། །གཡོ་བའི་ཟློས་གར་འདི་ལ་དགའ་བ་ཅི། །འཁོར་བའི་བདེ་འབྱོར་ཀུན་གྱི་རྩེར་སོན་པ། །ཚངས་དང་དབང་པོ་འཁོར་ལོས་བསྒྱུར་རྒྱལ་ཡང༌། །དབང་མེད་འཇིགས་རུང་མནར་མེད་མེས་སྲེག་ན། །མཁས་པ་སུ་ཞིག་འདོད་ལ་ཆགས་པར་བྱེད། །འཇིག་རྟེན་ཕུན་ཚོགས་སྟོབས་ཀྱི་མྱོས་ཆུ་ཡིས། །མངོན་པར་མྱོས་པའི་དྲེགས་ལྡན་འདི་དག་ཀྱང༌། །རིང་པོར་མི་ཐོགས་རྒྱ་མཚོ་འཁྲུགས་པའི་ནང༌། །གྲུ་ངན་ཇི་བཞིན་འགྱུར་བའི་ཆོས་ཅན་ཉིད། །མདོར་ན་མཐོན་པོའི་མཐའ་རྒུད་བསགས་པ་མཛད། །འདུས་པ་འབྲལ་ཞིང་སྐྱེས་པ་ཀུན་འཆི་ཞེས། །བསླུ་མེད་བདེན་པ་གསུང་བས་གང་གསུངས་པ། །དེ་དེ་བཞིན་དུ་འཇིགས་རྟེན་འདི་ན་སྣང༌། །རྒྱལ་བའི་ཞལ་གྱི་ཉིན་བྱེད་ལས་འོངས་པའི། །འོད་ཟེར་གང་གིས་ཡིད་ལ་མ་རེག་པ། །མི་ཁོམ་བརྒྱད་ཀྱི་མུན་པའི་གླིང་ཆུད་ན། །དེ་ཚེ་དགེ་ལེགས་གོ་སྐབས་ག་ལ་ཡོད། །སྣ་ཚོགས་འགྲོ་བའི་མཐོ་དམན་འགྱུར་ལྡོ ག་དང༌། །སྡང་དང་ཕྲད་དང་གཉེན་དང་བྲལ་བ་དང༌། །སྐྱེ་རྒ་ན་འཆིའི་སྣང་ཚུལ་མཐོང་ནས་ནི། །བདག་ཀྱང་དེ་དང་འདྲ་བར་ཅིས་མི་ལྟ། །དབྱར་དུས་མཁའ་ལ་ཤར་བའི་འཇའ་ཚོན་དང༌། །ཆུ་འཛིན་ལང་ལིང་གཡོ་བའི་འདུ་འགོད་ལྟར། །ལང་ཚོའི་རང་བཞིན་འཇིག་པའི་ངང་ཚུལ་ཅན། །འདི་ལ་བློ་ལྡན་སུ་ཞིག་ཡིད་རབ་རྟོན། །གསེར་གྱི་རི་ལས་གཡུ་ཡི་ཁྲོན་འབབ་ཅིང༌། །མི་རྣམས་བདག་གི་བཤེས་སུ་སོང་ཡང་ཅི། །འབྲལ་མེད་ནོར་དུ་འཕགས་པའི་ནོར་བདུན་དང༌། །གཏན་གྱི་གྲོགས་པོར་བླ་མེད་བྱང་ཆུབ་བཟང༌། །དེ་ཕྱིར་འདི་ནང་ཆོས་བརྒྱད་སྤྲོས་པའི་རྒྱ། །ཤེས་རབ་རལ་གྲི་རྣོན་པོས་དྲལ་བྱས་ཏེ། །ཐུབ་པས་བསྔགས་པ་དབེན་པའི་ནགས་ཚལ་དེར། །སེམས་ཁྱོད་ཞི་བའི་བདུད་རྩི་ཅིས་མི་ལེན། །སྤངས་ལྗོངས་འཇའ་ཚོན་བཀྲ་བའི་ལྡིང་ཁང་དུ། །ཟླ་བ་ནོར་བུའི་རྡོ་ལེབ་གཅལ་དུ་བཀྲམ། །གཡུར་གྱིས་དུད་པའི་འདབ་མའི་གྲིབ་བསིལ་ལ། །ཉིན་མོ་སྤྱོད་པའི་རྣལ་འབྱོར་སྐྱོང་བར་སྤྲོས། །དེ་བཞིན་ཟླ་བའི་སྒྲོན་མེ་འོད་འབར་ཞིང༌། །རྒྱུ་སྐར་དོ་ཤལ་རྒོད་པའི་མཚན་དུས་སུ། །གཡེང་མེད་རྣལ་འབྱོར་བརྩོན་པའི་དགའ་བདེ་འདིའི། །དཔེ་ཡང་སྲིད་པ་གསུམ་ན་ག་ལ་ཡོད། །པདྨོའི་དྲ་བས་ཁེབས་པའི་ཉལ་འགྲོའི་རྒྱུན། །ཡོངས་མཛེས་ཆུ་བྱའི་ཚོགས་རྣམས་སྙན་སྒྲོག་ཅིང༌། །རྨ་བྱ་གཞོན་ནུ་དགའ་བའི་གར་བྱེད་པའི། །གནས་དེར་དལ་འབྱོར་དོན་ལྡན་བྱས་ན་སྙམ། །མེ་ཏོག་འབྲས་བུས་གང་བའི་ལྗོན་ཤིང་གི །སྤུ་ལོང་མངོན་པར་རྒྱས་པའི་ས་འཛིན་ཁྲོད། །སྔོ་ལྗང་ལོ་མའི་སྤྱིལ་ཆུང་ཉམས་དགའ་བར། །ཏིང་འཛིན་དགའ་བདེའི་དཔལ་ལ་སྤྱོད་པར་སྤྲོ། །གང་དུ་ཟ་ཟིར་གཡེང་བ་ཀུན་བོར་ནས། །རི་སྐྱིབས་ནོར་བུའི་ཕུག་ཡངས་ཉམས་དགའ་བར། །འཕགས་པའི་རིགས་བཞི་ལ་གནས་དགའ་བདེ་གང༌། །དེ་འདྲ་རྒྱལ་པོ་རྣམས་ལའང་ཡོད་རེ་སྐན། །འཆི་མེད་སྐྱེད་ཚལ་འདྲ་བའི་སྨན་ལྗོངས་སུ། །མི་དགེའི་སྤྱོད་ཚུལ་ཕྲ་མོའང་རྒྱང་བསྲི ངས་ཏེ། །སྒོ་གསུམ་དམ་པའི་ལམ་བཟང་སྐྱོན་མེད་པར། །མ་བཅོས་ལྷུག་པར་འཇོག་ལ་སྙིང་ནས་སྤྲོ། །དེར་ནི་ཐུབ་གཞུང་བདུད་རྩིའི་བཅུད་ལེན་གྱིས། །ཉོན་མོངས་ཡིད་ཀྱི་རྣག་ཁྲག་ཀུན་སྦྱངས་ཏེ། །ཏིང་འཛིན་སྒོ་བརྒྱ་ཕྱེ་ནས་ཡོན་ཏན་གྱི། །ངོ་མཚར་བགྲང་ཡས་ལྟད་མོ་བལྟ་བར་སྨོན། །དེ་སྐད་སྨྲ་བ་དབེན་པའི་ནགས་ཚལ་ལ། །མངོན་པར་སྤྲོ་བའི་དགེ་སྦྱོང་གྱི་ན་བ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས། །སྨོན་པ་ཇི་བཞིན་ཚིག་གི་ལམ་དུ་སྤེལ། །ཞེས་སོགས་གསུང་མགུར་མང་པོ་མཛད།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།