པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-20 22:13:32     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

90660192682118338.jpg

                     ཟླ་བ་དེའི་ཚེས་བརྒྱད་ལ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞུས་ཏེ་ཚེས་བཅུ་ནས་དབྱངས་ཅན་མའི་བསྙེན་པ་ཞག་བདུན་མཛད་པས་རྒྱལ་བ་ཀུན་གྱི་ཡུམ་གཅིག་སྒྲ་དབྱངས་ལྷ་མོར་གྲགས་པ་དབྱངས་ཅན་མ་དཀར་མོ་ཞལ་གཟིགས། ཁྱད་པ་དབྱངས་ཅན་མ་དེའི་ཐུགས་ཀ་ནས་ལྷ་མོ་དབྱངས་ཅན་མ་སྔོན་མོ་ཕྱག་གཉིས་རིན་པོ་ཆེའི་ཡོལ་གོ་དངོས་གྲུབ་གཟུགས་ཅན་ལྟ་བུའི་ཤིང་ཐོག་གསར་པས་བཀང་བ་འཛིན་པ་ཞིག་འཐོན་ཏེ་སྣོད་བཅུ་དང༌། བཅས་པ་གཙོ་མོ་ལ་ཕུལ་བ། གཙོ་མོའི་ཕྱག་གཡས་སུ་བཞེས་པའི་ཤིང་ཐོག་འབྲུ་གཅིག་ལས་ཚངས་པའི་སྲས་མོ་དམར་མོ་ཐོན་བྱུང་བ་དེས་གཙོ་མོའི་ཕྱག་ནས་ཤིང་ཐོག་སྣོད་དང་བཅས་པ་བླངས་ཏེ་རྗེ་འདི་ལ་ཕུལ་བྱུང་བ་ལོངས་སྤྱད་པས་བློ་གྲོས་ནམ་མཁའ་མཛོད་ཀྱི་སྒོ་ཐོག་མར་བྱེ་བའི་ཚུལ་བསྟན། སྐུ་ཚེ་འདིར་དེ་གོང་དུ་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་ལ་ཐུགས་སྦྱོངས་མ་མཛད་ནའང༌། དེ་དུས་དབྱངས་ཅན་མ་ཇི་ལྟར་གཟིགས་པ་ལྟར། ཐུན་མཚམས་སུ་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཞིག་རྩོམ་འདོད་འཁྲུངས་པ་ན། དེ་མ་ཐག་ཚིག་སྦྱོར་རྣམས་ཝལ་གྱིས་ཤར་ནས་ཐོགས་མེད་དུ་རྩོམ་པ་འདི་ལྟར་མཛད་དེ། ན་མོ་སྭ་ར་སྟྱཻ་ཡཱ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོན་པ་ལྷའི་གླུ་དབྱངས་ཞེས་བྱ་བ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབང་སྔོ ན་ཞུ་བ་འཁྱིལ་འདྲའི་ཡིད་བཞིན་མཚོ། །དལ་གྱིས་རླབས་ཕྲེང་དབུ་བའི་འཛུམ་དཀར་ཅན། །ཆུ་སྐྱེས་བླ་བྲེས་བརྒྱན་པའི་ཆུ་གཏེར་ངོགས། །རྩ་ཤ་གཞོན་ནུའི་ཁ་དོག་ལྟར་བཀྲ་བའི། །ཡིད་འཕྲོག་བཻ་ཌཱུར་སྔོན་པོའི་ནེའུ་གསིང་སྟེང༌། །ཟླ་བ་ནོར་བུའི་དོ་ཤལ་བཀྲམས་པ་ནི། །འཆི་མེད་ལམ་དུ་སྐར་ཚོགས་གསལ་བ་བཞིན། །མརྒ་ཏ་ཡི་ཁུ་བ་བྱུགས་འདྲ་བ། །ཡིད་འོང་རྐང་འཐུང་མཛེས་པའི་ལག་མཉན་ནི། །དང་པའི་བསེར་བུའི་ཕོ་ཉས་བསྐུལ་བ་ན། །ཆགས་ལྡན་ཡིད་དབང་འགུགས་པའི་གཡབ་མོ་བཞིན། །གསར་པའི་ལང་ཚོ་རྒྱས་པའི་པདྨོ་རྣམས། །ལྡེམ་ལྡེམ་གར་བསྒྱུར་གེ་སར་ཟེའུ་འབྲུ་དགོད། །མེ་ཏོག་སྦྲང་རྩིས་ཕྱུག་པའི་ལྡིང་ཁང་དུ། །བུང་བ་གཞོན་ནུ་མགྲིན་པའི་རྒྱུད་མང་བསྒྲེང༌། །ནེའུ་ཙོའི་གཤོག་པ་ལྟར་མཛེས་ནགས་ཚལ་གྱི། །ཕུན་ཚོགས་གཞལ་མེད་ཀུན་དགའ་བསྐྱེད་པའི་དབུས། །པད་དཀར་ལན་ཚར་གཡོ་བའི་ལྟེ་བར་ནི། །བདུད་རྩིའི་འོད་ཅན་གཟི་བྱིན་རྒྱས་པའི་སྟེང༌། །འབུམ་ཕྲག་ནམ་མཁའི་ནོར་བུའི་འོད་སྟོང་གིས། །རབ་མྱོས་ཀཻ་ལ་ཤ་ཡི་རྡུལ་བརྩེགས་ལ། །འཁུ་ལྡན་དུང་གི་འཁྲིལ་ཤིང་མཛེས་མ་འདི། །ལྟ་བྱེད་བདུད་རྩི་མ་ལུས་སྤུངས་པ་བཞིན། །བསིལ་འོད་བདག་པོ་ཕྱེད་པས་ཐོར་ཚུགས་དང༌། །ཐོར་ཚུགས་ནམ་མཁར་བསྒྲེང་བས་མེ་ཏོག་ཕྲེང༌། །སྤེལ་ལེགས་མེ་ཏོག་ཕྲེང་བས་སིལ་མའི་སྐྲ། །ཀུན་ཀྱང་གདུགས་དཀར་ཡན་ལག་མཆོག་གིས་མཛེས། །དཔལ་ལྡན་ནམ་མཁའི་ལུས་ཅན་ཁྱོད་ཉིད་ཀྱི། །འདྲེན་བྱེད་ཡོན་པོར་འཁྱོག་པའི་སྒྲོ་ལྡན་ནི། །པཉྩ་རྫོགས་པ་ཅི་སྨོས་གཅིག་གིས་ཀྱང༌། །དཔལ་རྐང་ཡིད་ཀྱི་བརྟན་པ་རྡོ་རྗེའི་གོ །ལན་བརྒྱར་འབིགས་ན་དེ་ལས་གཞན་པའི་ཅི། །མཆུ་སྒྲོས་བྱུ་རུའི་སྐྱེད་ཚལ་ཉམས་དགའ་བར། །ཆུ་ཤེལ་གསར་པའི་སྤུ་ལོང་ཕང་ཕུང་ལ། །འགོངས་པའི་ཚེམས་དཀར་ཕྲེང་བ་ཚར་དུ་དངར། །སྙན་ཚིག་གྲེ་འགྱུར་གདངས་ཀྱིས་སྒྲ་འཛིན་གྱི། །དབང་པོ་རྣམ་པར་བཞད་པའི་བཅུད་ལེན་འདིས། །དྲི་ཟའི་ན་ཆུང་མཁར་ཉལ་གནས་འབྲོས་ཤིང༌། །གསེར་མངལ་སྐྱེངས་ནས་བསམ་གཏན་ཟོལ་ལ་བརྟེན། །རིན་ཆེན་སོར་གདུབ་མཛེས་མས་དམ་འཁྱིད་པའི། །ཕྱག་ཟུང་འཇམ་མཉེན་ཀ་མ་ལ་ཡི་སྟེང༌། །འཕང་འགྲོའི་རྔ་གསང་དབྱར་སྐྱེས་དབྱངས་བཞིན་སྒྲོག །མཁྲང་ཞིང་རབ་རྒྱས་ནུ་མའི་ཁུར་འཆང་བ། །སྨིན་ལེགས་ན་ཆུང་གཙུག་རྒྱན་ཁྱོད་ཀྱིས་ནི། །ལུས་ཅན་ཆགས་པའི་བསམ་གཏན་ལ་འགོད་ན། །འདི་ལས་གཞན་པའི་ཡིད་སྲུབས་མདའ་དེ་གང༌། །རིང་ནས་ཆགས་དང་བྲལ་བའི་དྲང་སྲོང་ཡང༌། །ཡ་མཚན་ཁྱོད་སྐུའི་དཔལ་འདིར་ཡིད་འཁྱོར་བས། །མནྡྷ་རཱ་ཡི་དབུ་བ་བརྩེགས་འདྲ་བའི། །མུ་ཏིག་ཕྲེང་ཚོགས་འཆའ་བས་དགོད་པ་བཞིན། །དབང་སྔོན་འདབ་བརྒྱ་བཞད་པ་ལ་འགྲན་པའི། །སྲབ་འཇམ་ལྷ་རྫས་སྟོད་གཡོགས་རྣམ་པར་གཡོ། །པདྨ་རཱ་གའི་མདངས་ཀྱི་མཛེས་སྡུག་ཀྱང༌། །ཕམ་བྱེད་སྨད་གཡོགས་ཤམ་ཐབས་དྲ་བས་དཀྲིས། ཡིད་འོང་རྣམ་འགྱུར་སྟོང་གི་རྣམ་རོལ་ཅན། །འཕོ་འགྱུར་སྤངས་པའི་བརྒྱད་ཟུང་ལང་ཚོའི་དབྱི ངས། །མངོན་དགྱེས་དུས་གསུམ་རྒྱལ་བའི་ཡུལ་དེ་ལ། །གཙུག་སྐྱེས་འཛིན་མར་བཀོད་པའི་ཕྱག་བགྱིད་དོ། །སྙིང་ལ་ཁྱོད་སྐུའི་སྣང་བ་དྲན་ཙམ་གྱིས། །རབ་འབྱམས་ཤེས་བྱའི་ཚོགས་རྣམས་མ་ལུས་པ། །ཇི་བཞིན་རྟོགས་པའི་རྣམ་དཔྱོད་འོད་སྟོང་གིས། །འགྲོ་བའི་རྨོངས་མུན་མ་ལུས་སེལ་བར་ཤོག །བཤད་པས་བློ་གསལ་རྣ་བ་མཛེས་བྱེད་ཅིང༌། །རྩོད་པས་ལོག་སྨྲ་མ་ལུས་ཀླད་པ་འགེམས། །རྩོམ་པས་མཁས་རྣམས་མགྲིན་པའི་རྒྱན་འཆང་བའི། །དབྱངས་ཅན་ལྷ་མོས་བཀྲ་ཤིས་དེང་འདིར་སྩོལ། །ཅེས་པ་འདི། བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ན་ཚོད་ལོ་བཅུ་བཞི་པའི་དུས་སུ་སྦྱར་བའོ། །ཞེས་པ་འདི་ཕྱག་བྲིས་སུ་མཛད་དོ། །བསྟོད་པ་འདི་ནི་དབྱངས་ཅན་མའི་སྐུ་ཇི་ལྟར་གཟིགས་པ་ལྟར་དུ་བསྟོད་པ་མཛད་པ་ཡིན་པར་འདི་ལ་དབྱངས་ཅན་མའི་བསྟོད་པ་གཟིགས་སྣང་མ་ཞེས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་སྲས་གྲུབ་ཆེན་རྣམས་མཐུན་པར་གསུང་ངོ༌།

                    དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བཀའ་བཞིན་ལམ་རིམ་ཆུང་བ་བཟུང་ནས་ཞག་བཅུ་སྐོར་སོང་བའི་མཚམས་ལམ་རིམ་ཆེ་བ་ལ་གཟིགས་པས་ཐུགས་ཤིན་ཏུ་འགྲོ་བ་ཞིག་བྱུང་སྟེ་འཛིན་པར་རྩོམ་པ་ན་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྐུ་གསེར་གྱི་ལྷུན་པོ་ལ་ཉི་མ་འབུམ་གྱི་མདངས་བྱུགས་པ་ལྟ་བུ་སྐུ་ཆེ་ཞིང་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོ་བ་ཞིག་གཟིགས་ཏེ། དེ་ལ་བསྐོར་བ་ལན་མང་དུ་བྱས་ཏེ་གསོལ་བ་བཏབ་པས་བྱིན་གྱིས་བརླབས་ཏེ་ལམ་རིམ་ཆེན་མོ་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཟིན་ཏེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་རྒྱུགས་ཕུལ། དེ་ནས་དགུང་ལོ་བཅུ་དྲུག་ལོན་པའི་དུས་སུ་མགོན་པོ་ཞི་བ་ལྷའི་རྟོགས་བརྗོད་པདྨ་དཀར་པོའི་ཕྲེང་བ་ཞེས་པ་སྙན་ངག་གི་ཚིག་རྒྱན་ཕུན་སུམ་ཚོགས་པ་ཞིག་རྩོམ་པ་མཛད་པས་སྐྱེ་བོ་བློའི་ནོར་ལྡན་རྣམས་དགའ་བ་བསྐྱེད་པར་གྱུར། རབ་ཏུ་བྱུང་ནས་ཁས་བླངས་པའི་ཚུལ་ཁྲིམས་མིག་འབྲས་ལྟར་གཅེས་པར་བསྲུང་འདོད་ཀྱིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་གླེང་འབུམ་ཆེན་མོ་ཡང་ཡང་གཟིགས་པས་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་པ་བྱུང༌། ཚུལ་འདི་ལ་ནི་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་ཀྱི་ཞལ་ནས་དེ་དུས་དཀོར་གྱིས་ཆེར་མ་སྦགས་ཤིང་ན་ཚོད་གསར་པ་རྩ་ཁམས་ཤེས་པ་སོགས་ཀྱང་གསལ་བས་ཡིན་པ་འདྲ། གླེགས་བམ་བདག་ཉིད་ཀྱིས་བལྟས་པ་དང༌། ཆོས་བླ་མས་གསུངས་པ་སོགས་ལན་རེ་ལན་གཉིས་ཙམ་གྱིས་དོན་བློ་ལ་འཆར་བ་བྱུང་གསུང་ངོ༌། །

                    མདོར་ན་དགུང་ལོ་བཅུ་བཞི་ནས་བཅོ་བརྒྱད་ཀྱི་བར་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་ཕྱོགས་སུ་གཤེགས་པའི་སྐབས་མ་གཏོགས་རྒྱུན་དུ་ཞབས་དྲུང་དུ་བཞུགས་ནས་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རབ་འགངས་ཆེན་པ་འགའ་ཞིག་གི་ལུང་དང༌། བློ་སྦྱོང་གི་རིམ་པ་མང་པོའི་ལུང་དང༌། དཔེ་ཆོས་རིན་སྤུངས་རྩ་འགྲེལ། བེའུ་བུམ་སྔོན་པོ་རྩ་འགྲེལ་སོགས་ཀྱི་ལུང་གསན། གཞན་ཡང་ལམ་རིམ་ཆེ་བ་དང་འདུས་པའི་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་སོགས་ཅུང་ཟད་མ་གཏོགས། རྗེ་བདག་ཉིད་ཆེན་པོ། སྲས་ཀྱི་ཐུ་བོ་རྣམ་གསུམ། རྗེ་དགེ་འདུན་གྲུབ། བ་སོ་ཆོས་རྗེ་སོགས་ཀྱི་གསུར་རབ་ཡོངས་སུ་གྲགས་པ་ཕལ་ཆེར་གྱི་ལུང་རྣམས་གསན། ལམ་རིམ་དང་བསྐྱེད་རྫོགས་ཀྱི་ཁྲིད་གང་གསན་པ་རྣམས་ལ་ཉམས་བཞེས་ཀྱང་གདེང་ཐོབ་པར་མཛད། སྟོན་གྱི་དུས་འགོལ་བའི་སྐབས་སྣར་ཐང་བརྒྱ་རྩའི་རྗེས་གནང༌། ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། བཀའ་གདམས་ལྷ་བཞིའི་རྗེས་གནང༌། བེའུ་བུམ་སོ་སོའི་ལུང་དང་བཅས་པ། རྡོ་རྗེ་འཕྲེང་བ་དང༌། མི་ཏྲ་བརྒྱ་རྩའི་དབང་ལུང་ཡོངས་རྫོགས་གསན། དབང་རྗེས་གནང་གསན་པའི་ལྷ་རྣམས་ལ་བསྙེན་པ་འགྲོ་གང་ཆེ་ཡང་མཛད་དོ། །དེ་ནས་སྟོན་རྗེ་རིན་པོ་ཆེའི་རྣམ་ཐར་ལྟར་ཐོག་མར་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་བསླབ་སྦྱོང་གཏིང་ཕྱིན་པ་ཞིག་མཛད་པར་བཞེད་ནས་ཐུགས་ལ་འདི་འཁྲུངས་ཏེ། ད་ནི་དབང་ལུང་གདམས་ངག་ཕལ་ཆེར་ཡང་ཞུས་ཟིན། མདོ་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལ་ཡང་གོ་བ་རགས་པ་ཙམ་ཆགས། ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་སོགས་ཀྱང་དགའ་རབ་བྱུང༌། ད་ནི་བཀྲ་ཤིས་ལྷུན་པོར་ཕྱིན་ནས་ཤིང་རྟ་ཆེན་པོའི་གཞུང་ཡོངས་རྫོགས་ལ་བསླབ་སྦྱོང་མཐར་ཕྱིན་པ་ཞིག་མྱུར་བར་བྱའོ་སྙམ་དུ་དགོངས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་དེ་བཞིན་ཞུས་པ་ན། སྔར་དང་གཏན་མི་འདྲ་བའི་དགྱེས་པའི་མཛུམ་དང་བཅས་ཏེ། ད་ནི་བཀྲ་ཤིས་ལྷུན་པོར་སློ བ་གཉེར་གྱི་རྩིས་ཅིས་ཀྱང་ལེགས་ཞེས་བཀའ་སྩལ་ཏེ་ལོ་དེ་ཁའི་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་གསུམ་ལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས།   

                                                                                                                             རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།