མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-19 21:06:47     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 847887618094987906.jpg

                   དོན་གྱི་དབང་འདི་གཟིགས་ནས་གྲུབ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་འཇམ་དབྱངས་དགེ་འདུན་བློ་བཟང་ལ་བསྟོད་པ་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །ངུར་སྨྲིག་གར་གྱི་བཤེས་གཉེན་ཚུལ་འཛིན་པ། །དགག་སྒྲུབ་སྤང་བླང་བྲལ་བའི་དམ་པས་ཀྱང༌། །ཞབས་རྡུལ་སྤྱི་བོས་ལེན་པ་ཁྱོད་ཕྱག་འཚལ་ཞེས་བསྔགས་སོ། །དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དགུན་ཆོས་ལ་བཀྲ་ཤིས་ལྷུན་པོར་བྱོན་ནས་རིགས་གྲྭ་ལ་ལེགས་པར་ཞུགས་པ་ན། དམ་པ་འདིའི་ལུང་དང་རིགས་པ་ཕུན་སུམ་ཚོགས་པའི་དགའ་སྟོན་ལ་མཁས་པ་མཐའ་དག་ཀྱང་ཡིད་འཕྲོག་པར་གྱུར་ཏོ། །དེ་ནས་དགུང་ལོ་བཅོ་བརྒྱད་ཀྱི་བར་དུ་དགུན་དཔྱིད་ཕལ་ཆེར་ཚད་མ་དང༌། དབྱར་ཕལ་ཆེར་དབུ་མ་ལ་ལེགས་པར་སྦྱངས་པས་དབུ་ཚད་གཉིས་ཀྱི་དཀའ་བའི་གནས་མཐའ་དག་ཀྱང་མངོན་དུ་འགྱུར། དེའི་ཚེ། ཐོས་བསམ་གླིང་གི་འཆད་ཉན་དུ་རྗེ་དགེ་འདུན་བློ་བཟང་པ་ཉིད་བཞུགས་ཤིང༌། བླ་མ་དེ་ཉིད་ཀྱིས་ཀྱང་དམ་པ་འདི་ལུང་དང་རིགས་པའི་བདག་ཉིད་དུ་གཟིགས་ཏེ། དགུང་ལོ་བཅོ་བརྒྱད་ཀྱི་དགུན་དབུ་མའི་སྤྱི་སྐྱུར་གྱི་བཀའ་སྩལ་པ་ན་མཁས་གྲུབ་ཆེན་པོ་འདིས་བཀའ་ལུང་ཡང་དག་བསྒྲུབས་ཏེ། དགུན་ཆོས་གཉིས་ཀྱི་རིང་ཐོས་བསམ་གླིང་གི་དགེ་འདུན་འདུས་པའི་དབུས་སུ་དབུ་མའི་གཞུང་ལ་དམ་བཅའ་ཡང་ཡང་བཞག དགུང་ལོ་བཅུ་དགུར་ཕེབས་པའི་ཟླ་བ་དང་པོའི་ཡར་ཚེས་ལ་བསྐལ་བཟང་ཁྱམས་ར་ཆེན་མོར་བཀྲ་ཤིས་ལྷུན་པོའི་མཁན་སློབ་དགེ་འདུན་ཚང་མ་འཛོམ་པའི་དབུས་སུ་དབུ་མའི་དམ་བཅའ་བཞག་སྟེ་ཤར་རྩེ་ནས་དགེ་བའི་བཤེས་གཉེན་ཤིན་ཏུ་མཁས་གྲགས་ཆེ་བ་ཞིག་དང༌། མཉམ་དུ་བགྲོ་གླེང་མཛད་པ་ན་འཇིགས་པ་དང་ཡ་ང་བ་དང་བག་ཚ་བ་མེད་པར་ལུང་དང་རིགས་པའི་ང་རོ་རྒྱ་ཆེར་བསྒྲགས་པས་ཕ་རོལ་སྤོབས་པ་ལན་མེད་དུ་བྱས་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཡང་ཐོབ་བོ། །

                  དེ་ནས་ཕར་ཕྱིན་དང༌། འདུལ་མཛོད་ལ་སོགས་པ་པོ་ཏི་ཕྱི་མ་རྣམས་ལ་ལེགས་པར་སྦྱངས་པས་བློ་གྲོས་ཀྱི་སྣང་བ་ཐོགས་པ་མེད་པར་རྒྱས་ཤིང༌། ཁྱད་པར། དྲང་བ་དང༌། ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་པོའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད་དེ་ལེགས་པར་བཤད་པའི་བདུད་རྩིས་མཁས་པ་མཐའ་དག་ཚིམ་པར་མཛད་དོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་ལྔ་ལ་བབ་པ་ན། ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་དཀའ་བཞིའི་གྲྭ་སྐོར་མཛད་དེ་ལེགས་བཤད་སྤྲིན་གྱི་སྒྲ་དབྱངས་རྒྱ་ཆེར་བསྒྲགས་པས་ཕྱོགས་འདུས་ཀྱི་མཁས་མང་མདོངས་ལྡན་མཐའ་དག་ལེགས་བཤད་དབྱར་སྐྱེས་སྒྲ་དབྱངས་ཀྱིས་ཚིམ་ནས་མཁས་གྲུབ་ཆེན་པོ་འདི་འབའ་ཞིག་གི་ཡོན་ཏན་བསྔགས་པས་དུས་འདས་ཏེ་གཏམ་གཞན་གླེང་བའི་གོ་སྐབས་མེད་པ་ལྟ་བུར་གྱུར་ཏོ། །དེ་ནས་འཇམ་དབྱངས་དགེ་འདུན་བློ་བཟང་གི་བཀས་བསྐུལ་ཏེ་དགུང་ལོ་ཉེར་དྲུག་གི་ཐོག་བཀྲ་ཤིས་ལྷུན་པོའི་ཆོས་ཁྲིམས་བཟུང་སྟེ་ཡང་དག་པའི་ཆོས་ཀྱི་ཁྲིམས་ཀྱི་འོད་བསིལ་མཉམ་པར་བཀྱི་བས་ཆོས་གྲྭ་ཀུནྡའི་ཚལ་མཐའ་དག་ཀུན་ཏུ་འབར་བ་རྫོགས་ལྡན་གྱི་དུས་ལ་འགྲན་པ་ལྟ་བུར་གྱུར་ཅིང༌། ཟང་ཟིང་གི་བསྙེན་བཀུར་གྱིས་ཀྱང་དགེ་འདུན་རྣམས་ལེགས་པར་ཚིམ་པར་མཛད་དོ། །

                དེ་རྗེས། སྔར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད་དུས་ནས་མདོ་སྔགས་ཆོས་མང་དུ་གསན་ཞིང་ཐུགས་མོས་ཀྱང་ཆེར་ཡོད་པ་ལྟར་པཎ་ཆེན་རིན་པོ་ཆེ་དོན་ཡོད་རྒྱལ་མཚན་གྱི་ཞབས་དྲུང་དུ་ཆོས་གྲྭ་ཆེན་པོ་གངས་ཅན་ཆོས་འཕེལ་དུ་ཕེབས་ཏེ་བློ་སྦྱོང་མཐའ་དག་གི་ལུང་དང༌། ཁྱད་པར་དོན་བདུན་མའི་ཉམས་ཁྲིད་སོགས་ཆོས་མང་དུ་ཞུས་ཤིང་དཔྱིད་ཆོས་ནས་སྟོན་ཆོས་ཀྱི་བར་དུ་བཞུགས། སླར་བཀྲ་ཤིས་ལྷུན་པོར་ཕེབས། དེ་ནས་ཞལ་སྔ་ནས་དགེ་འདུན་བློ་བཟང་པ་ཉིད་ཀྱིས་དབེན་དགོན་དུ་རྗེ་གྲུབ་པའི་དབང་ཕྱུག་དབེན་ས་པ་ཆེན་པོ་ལ་དཔལ་གསང་བ་འདུས་པའི་དམར་ཁྲིད་ལ་སོགས་པའི་གདམས་པ་ཞུ་བའི་སྙན་གསན་དང༌། ཞལ་སྔ་ནས་རང་ཉིད་འཕྲལ་ཕུགས་སུ་ཇི་ལྟར་བྱ་བའི་བསླབ་དོན་ཞུ་བའི་ཞི་ཡིག་འབུལ་བའི་བང་ཕྱིན་ལ་འབྱོན་དགོས་ཚུལ་བྱུང་བས་མཚམས་སྦྱར་ཏེ། བདག་ཉིད་ཀྱང་མངོན་པར་དགྱེས་བཞིན་དུ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས་མ་ཐག་མཇལ་ཁ་ཡང་གེགས་མེད་དུ་བྱུང་ཞིང༌། མཇལ་རྟེན་དུ་སྤྱི་བླུགས་ཤིན་ཏུ་ལེགས་པ་ཞིག་ཡོད་པ་ཕུལ་བར་དེ་དུས་རྒྱལ་བ་དབེན་ས་པ་ཆེན་པོ་གཞན་གྱིས་ཆས་དངོས་ཕུལ་བ་བཞེས་པར་མི་མཛད་ཀྱང་བདག་ཉིད་ཆེན་པོ་འདི་རྒྱས་བ་དབེན་ས་པ་རང་ཉིད་ཀྱི་ཆོས་ཀྱི་རྒྱལ་ཚབ་ཏུ་འགྱུར་བར་གཟིགས་ནས་དགྱེས་བཞིན་དུ་བཞེས་པ་ན་མཁས་གྲུབ་སངས་རྒྱས་ཡེ་ཤེས་རྒྱལ་བ་དབེན་ས་པའི་སྐུ་གཟིགས་པ་ཙམ་གྱིས་སྣང་བ་འགྱུར་ཞིང་དད་གུས་ཚད་མེད་པར་འཁྲུངས་ཏེ། ཆོས་ཀྱི་བཀའ་དྲིན་ཞིག་ཀྱང་ཞུས། ཞལ་སྔ་ནས་དགེ་འདུན་བློ་བཟང་པ་ཉིད་ལ་ནི་ཟབ་དོན་གྱི་གདམས་པ་སྩོལ་བར་བཀའ་མ་གནང་སྟེ། སླར་བཀྲ་ཤིས་ལྷུན་པོར་ཕེབས།

                   དེ་ནས་ཟབ་མོ་རྡོ་རྗེ་ཐེག་པའི་སྐྱེད་ཚལ་དུ་འཇུག་པར་དགོངས་ཏེ་རྗེ་རིན་པོ་ཆེས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱི ན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བོ་ཞིག་ཅེས། །ཚོལ་བར་མི་བྱེ ད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཞེས་གསུངས་པ་ལྟར། སངས་རྒྱས་ལས་ཀྱང་དཀོན་པའི་ཆོས་བླ་མེད་རྡོ་རྗེ་ཐེག་པ་དང་ལན་ཅིག་མཇལ་བའི་སྐབས་འདིར་རྡོ་རྗེ་ཐེག་པའི་ལམ་ལ་སྦྱངས་ཏེ་སྙིང་པོ་ལོན་པ་ཞིག་མ་བྱས་ན་དལ་བ་སྟོང་ལོག་ཏུ་འགྱུར་རོ་སྙམ་དུ་དགོངས་ནས་འཇམ་མགོན་བླ་མའི་སྔགས་ཀྱི་གསང་མཛོད་འཛིན་པའི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་བཞེད་དེ་ཆོས་ཀྱི་རྗེ་དགེ་འདུན་བློ་བཟང་པའི་དྲུང་དུ་གནང་བ་གསོལ་ཞིང༌། མར་ལམ་དབེན་དགོན་དུ་རྗེ་བླ་མའི་དྲུང་དུའང་གནང་བ་དང་བར་ཆད་མི་འབྱུང་བའི་ཐུགས་དམ་སྐྱབས་འཇུག་དང་ཕྱིས་ཞབས་དྲུང་དུ་ཡོངས་ཆོག་པའི་བཀའ་ཡང་དག་པར་ཞུས་ཏེ་ཞབས་སེན་དབང་པོའི་ཕྱོགས་སུ་བཀོད་ནས་དབུས་ཕྱོགས་སུ་ཕེབས། ཡར་ལམ་སེ་འབྲས་ལྷ་ས་དང་བཅས་པ་ལེགས་པར་མཇལ་ཏེ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། དེར་རྒྱུད་སྨད་ཀྱི་སློབ་དཔོན་རྡོ་རྗེ་འཆང་ནམ་མཁའ་གྲགས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ་གུས་པ་དང་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་བསྟེན་པས་རྒྱུད་ཀྱི་རྒྱལ་པོའི་ཚིག་དོན་གྱི་དེ་ཁོ་ན་ཉིད་རིང་པོར་མ་ལོན་པར་མངོན་དུ་གྱུར་ཏེ། དེར་རྒྱུད་ཀྱི་གྲྭ་ལ་ཞུགས་ནས་ལོ་གཅིག་ཅུང་མ་ལོན་ཙམ་ལ། ཆུ་ཧ་ཅང་བསིལ་བའི་རེག་ལས་ཉེན་ཏེ་ཞབས་ནད་ཀྱིས་མི་བདེ་བའི་རྣམ་པ་བྱུང་བས་རེ་ཞིག་སྨན་དཔྱད་བསྟེན་པ་སོགས་གཙོ་བོར་མཛད་པས། རིང་པོ་མ་ལོན་པར་ཟླ་བ་གཟའ་ལས་གྲོལ་བ་ལྟར་སྐུ་ཁམས་ཀྱང་ལེགས་པར་དྭངས༌།

                   དེ་ནས་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་བདེ་གསང་འཇིགས་གསུམ་གྱི་སྒྲུབ་ཐབས་དཀྱིལ་ཆོག་སྦྱིན་སྲེག་དང་བཅས་པའི་ཕྱག་ལེན་གར་ཐིག་དབྱངས་གསུམ་དང་བཅས་པ་ཚང་མ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད་ནས་སླར་གཙང་ཕྱོགས་ལ་ཕྱགས་བཏེག །ཐོས་བསམ་གླིང་དུ་ཆོས་རྗེ་དགེ་འདུན་བློ་བཟང་པའི་དྲུང་དུ་ཕེབས་ཏེ་ཕྱག་མཛད་པས། འོ་དྲུང་རབ་འབྱམས་པ་འཁོར་བ་ཅིས་ཀྱང་ལེགས། ཁོ་བོས་དཔལ་ལྡན་ལྷ་མོ་ལ་ངའི་རབ་འབྱམས་པ་ཁུག་ཤོག་ཅིག་ཅེས་བཀའ་བསྒོས་པས་དྲུང་པ་དབུས་ཕྱོགས་སུ་བཞུགས་པ་ལ་གནོད་པར་མཆིས་གསུང༌། ཚུལ་འདི་ནི་དམ་པ་འདི་ཉིད་ལྷ་སར་ཞབས་བསྙེལ་བའི་སྐབས་སུ་ད་ནད་འདི་ལས་གྲོལ་ན་གཙང་ལ་འགྲོ་སྙམ་དུ་དགོངས་པའི་ནུབ་གཅིག་མནལ་ལམ་དུའང་བུ་མོ་གཞོན་ནུ་མ་ཞིག་ད་དོན་གྲུབ་པས་གཙང་ལ་ལོག་འགྲོ་ཟེར་བ་ཞིག་བྱུང་གསུང་བ་དང༌། མཐུན་པར་སྣང་ངོ༌། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།