རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-18 20:50:03     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 264271234036707125.jpg

                   དེ་ནས་རྒྱལ་བ་དབེན་ས་པ་ཆེན་པོས་རི་བོ་དགེ་འཕེལ་དུ་ཐོག་ཤས་བཞུགས་དེའི་དུས་སུ་གང་ཤར་བདེ་སྟོང་དུ་ཤར་བའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་དུས་འདའ་བར་མཛད་པས། བློ་མིག་ལྡོ ངས་པའི་སྐྱེ་བོ་ཕལ་མོ་ཆེས་དབེན་ས་སྨྱོན་པ་ཞེས་ཀྱང་སྒྲོག་པར་བྱེ ད་པ་ཞིག་བྱུང་ངོ༌། །ཚུལ་འདི་ནི་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱི་གསུང་ལས་ཀྱང༌། བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་པས། །ཡིད་ལ་གང་དྲན་འཕྲལ་ལ་ལག་ལེན་ལ། །འགེལ་བ་སྨྱོན་པ་འདྲ་བའི་སྤྱོད་པས་ནི། །སངས་རྒྱས་མྱུར་དུ་སྒྲུབ་ལ་བདག་གི་ལུགས། །ཞེས་དང༌། དེ་ཡང་འདི་ལྟར། བླ་མ་དང་ལྷག་པའི་ལྷ་ལ། གསོལ་བ་རྩེ་གཅིག་ཏུ་བཏབ་ནས། དགེ་བའི་རྣམ་རྟོག་ལྟ་ཅི་སྨོས། ཡིད་ལ་སྐྱེས་ཤིང་གང་དྲན་པའི་འདོད་ཆགས་སོགས་མི་དགེ་བའི་རྣམ་རྟོག་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་དང་ཐབས་སུ་བསྒྱུར་ནས་འཕྲལ་ལ་དྲན་པ་འཕྲལ་ལག་ལེན་ལ་འགེལ་བའི་ཉམས་ལེན་ལ་བརྩོན་པར་བྱས་པས། དེང་སང་གི་མི་ཕལ་ཆེ་བ་རྣམས་ཀྱིས་བལྟ་བ་དང་ཉན་པའི་ངོར་ཡིད་ལ་གང་དྲན་ལག་ལེན་ལ་འགེལ། སྨྱོན་པ་འདྲ་བའི་སྤྱོད་པ་ཞིག་ནི་ཡོང་འདུག་ནའང་། འགྲོ་བའི་དོན་དུ་གོ་འཕང་མཆོག་དམ་པ་སངས་རྒྱས་མྱུར་བ་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཆོས་ལུགས་མཆོག་དམ་པ་འདི་ནི་བདག་བློ་བཟང་དོན་གྲུབ་ཀྱི་ལུགས་སོ། །ཞེས་དང༌། བླ་མ་ལྷ་ལ་རྩེ་གཅིག་གསོལ་བཏབ་ནས། །གང་བྱུང་རྐྱེན་རྣམས་ཕལ་ཆེར་དགེ་སྦྱོར་གྱི། །གྲོགས་སུ་འཆར་ཕྱི ར་སྨྱོན་སྤྱོད་ལ་གནས་ནས། །དབེན་པར་གཅིག་པུར་སྡོད་པ་ཁོ་བོའི་ལུགས། །ཞེས་གསུངས་པ་ལྟར་རྐྱེན་བཟང་ངན་གང་བྱུང་ལ་ཐོག་བརྫིས་སུ་བྱས་ནས་འགོ་གནོན་པར་མཛད་དེ་བཀའ་ལས། ཡང་ན་ནི་ཆོས་བརྒྱད་འདི་འགོ་གནོན་ནུས་པ་ཞིག་དགོས་པར་འདུག །ཡང་ན་ནི་ཆོས་བརྒྱད་འདི་ལམ་དུ་འཁྱེར་ནུས་པ་ཞིག་དགོས་པར་འདུག །དེ་ལ་ཡང་མ་ནོར་བར་འཁྲིད་པའི་བཤེས་གཉེན་ཞིག་གིས་ཟིན་དགོས་པར་འདུག་གསུང༌། དེ་དག་གི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་བླ་མ་ལྷའི་རྣལ་འབྱོར་ལམ་གྱི་སྲོག་ཤིང་དུ་བྱས་ཏེ་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་སྙིང་པོ་ཐུགས་ཉམས་སུ་བསྟར་བར་མཛད་པར་སྣང་སྟེ་གསུང་ལས། འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

                   དེ་ལྟ་ན། ལམ་ཐུན་མོང་བ་ལ་སྦྱངས་ནས་རྒྱུད་འོས་སུ་གྱུར་པ་ན་བླ་མ་མཉེས་པར་བྱས་ནས་རྣམ་པར་དག་པའི་དབང་ལམ་ཟབ་མོའི་རྟེན་དུ་བསྒྲུབ་པར་ནུས་ངོས་ཤེས་པ་བླངས་ནས་དམ་ཚིག་དང་སྡོམ་པ་བཟུང༌། དེ་ནས། སྐབས་དེ་དང་གཞན་དུ་བླངས་པའི་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་བྱས་ཏེ་ཚུལ་བཞིན་དུ་བསྲུང་བ་གཞིར་བཞག་ནས་ཐུན་གཞིའི་རྣལ་འབྱོར་གྱི་རིམ་པ་དང་པོ་བསྒོམས་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་དགེ་བའི་རྩ་བ་སྨིན་པར་བྱས་དེ་ནས་རྫོགས་པའི་རིམ་པ་ཁྱད་པར་ཅན་རིམ་གྱིས་བསྐྱེད་ནས་ཟུང་འཇུག་གི་སྐུ་བསྒྲུབས་ན་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་གནད་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གྱུར་པ་ལ་ངེས་པ་རྙེད་ནས། ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་རང་གིས་འཛིན་ཅིང་གཞན་ལ་སྤེལ་ནུས་པ་ཡིན་ནོ། །དྷརྨ་བཛྲ་གྱི་གསུང་རྒྱུན་བློ་བཟང་གིས་ཡི་གེར་བཀོད་པའོ། །ཞེས་གསུངས་ཏེ། གཞན་དག་ལ་འདི་ལྟར་གྱིས་ཤིག་ཅེས་གོ་བར་མཛད་པའོ། །ཡང་དེའི་ཚེ་ཕྱི ་རབས་ཀྱི་གདུལ་བྱ་རྣམས་ལ་འདོམས་པའི་ཕྱིར་དགེ་སྦྱོར་རྐྱེན་དབང་དུ་མི་གཏོང་བར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔང་དུ་བཞག་སྟེ་མཁྱེན་པར་གསོལ་ནས་ལམ་ཆ་ཚང་ལ་སྒྲུབ་པ་མཐར་ཕྱིན་པར་མཛད་པའི་དམ་བཅའ་འདི་ལྟར་མཛད་དེ། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿགང་ཞིག་ཅུང་ཟད་ཡིད་ལ་དྲན་པས་ཀྱང༌། །དངོས་གྲུབ་ཐམས་ཅད་ད་ལྟ་སྩོལ་མཛད་པའི། །བློ་བཟང་གྲགས་དང་ཐུབ་དབང་སྤྱན་རས་གཟིགས། །འཁོར་བཅས་རྣམས་ཀྱི་འདྲ་འབག་དྲུང་ཉིད་དུ། །འཁོར་བའི་སྣང་ཚུལ་རབ་ཏུ་མཐོང་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་སྒྲུབ་འདོད་པའི། །བློ་བཟང་དོན་གྲུབ་ཅེས་པའི་བཙུན་པ་ངས། །དགེ་འཕེལ་རི་བོའི་རྩེ་ནས་འདི་སྐད་ཞུ། །སྔ་སོར་ཁྱེད་རྣམས་དྲུང་དུ་བདག་གི་སུ། །ཚེ་འདིར་གློ་བུར་བྱ་བ་ངན་པ་རྣམས། །སྤངས་ཏེ་སྙིང་ནས་དམ་ཆོས་སྒྲུབ་བྱེད་པའི། །ཡིད་ཀྱི་དམ་བཅའ་མང་པོ་བླངས་ན་ཡང༌། །ཚེ་འདིའི་འཁྲི་བ་ཕྲ་མོ་མ་ཆོད་པས། །ཡིད་དམ་བཅས་པ་རྣམས་ལས་ཅུང་ཟད་ཙམ། །འགལ་བར་གྱུར་རྣམས་བཤགས་པས་བཟོད་པར་མཛོད། །སླར་ཡང་ཁྱེད་རྣམས་དགྱེས་པ་བསྐྱེད་ཕྱིར་དུ། །ཚོགས་གཉིས་བསགས་པའི་དགེ་སློང་བློ་བཟང་བདག །དགའ་བདེ་ལྡན་པའི་ངང་ནས་འདི་སྐད་དུ། །ངོ་མཚར་ལེགས་བྱེད་གཏམ་འདི་འབུལ་བར་བྱ། །ད་ནི་ལོག་པའི་ལམ་དུ་འཁྲིད་པའི་རྒྱུ། །གཉེན་དང་འཁོར་གཡོག་གྲོགས་དང་ལོངས་སྤྱོད་དང༌། །ཚེ་འདིར་དོན་མེད་བྱ་བ་ངན་པ་རྣམས། །སྤངས་ནས་ཆགས་སྡང་མེད་པའི་དབེན་གནས་སུ། །ཐམས་ཅད་མཁྱེན་པའི་ལམ་དུ་འཁྲིད་པའི་རྒྱུ། །གཉེན་དང་འཁོར་གཡོག་གྲོགས་དང་ལོངས་སྤྱོད་དང༌། །བཅས་ཏེ་གཏན་གྱི་མདུན་མ་བསྒྲུབ་ཕྱིར་དུ། །ཆོས་ཀྱི་བྱ་བས་རྒྱུན་དུ་འདའ་ལགས་སོ། །ཞེས་དམ་བཅའ་མཛད་དོ། །ཡང་དུས་ལན་ཅིག་གི་ཚེ་རང་གིས་རང་ལ་བསྐུར་བ་འདི་ལྟར་མཛད་དེ། སངས་རྒྱས་ལས་ཀྱང་དཀོན་པའི་གདམས་པ་མཆོག །རྙེད་པར་དཀའ་བ་རྡོ་རྗེ་ཐེག་པའི་ལམ། །ལམ་འདི་ཕྱིས་ནས་རྙེད་པར་དཀའ་བས་ན། །ཚེ་འདིའི་འདོད་ཡོན་ཐེད་ལ་བོར་མཛོད་ལ། །རྒྱལ་བས་བསྔགས་པའི་རི་ཁྲིད་སྟོང་པ་རུ། །བསེ་རུ་བཞིན་དུ་གཅིག་པུར་གནས་མཛོད་ལ། །ལན་ཅིག་མིན་པ་ཡང་ཡང་སྒོམས་ཤིག་ཨང༌། །དེ་ལྟར་བསྒོམས་པས་བློ་གྲོས་བཟང་པོ་ཁྱོད། །སྒྲུབ་པའི་རྒྱལ་མཚན་རྟག་ཏུ་ཚུགས་ཤིག་ཨང༌། ཁྱད་པར་ཕ་རྒྱུད་གསང་བ་འདུས་པ་དང༌། །རྣལ་འབྱོར་མ་རྒྱུད་འཁོར་ལོ་སྡོམ་པ་གཉིས། །འབྲལ་བ་མེད་པར་ལུས་ལ་སྟིམས་ཤིག་ཨང༌། །ཞེས་པའང་གསུངས་སོ། །

                    གནས་དེར་སྟོན་གྱི་རིང་ལ་བླ་མ་མགོན་པོའི་སྒྲུབ་པ་ཞིག་མཛད་ནས། སྐུ་ཁམས་སངས་བའི་ཕྱི ར་གཟིམ་ཁང་གི་སྟེང་དུ་ཕེབས་པ་ན། སྟོན་གྱི་མཛེས་མ་ལང་ཚོ་དར་ལ་བབ་པས་ཕྱོགས་ཐམས་ཅད་མི་གཙང་བའི་རྡུལ་དང་བྲལ་ཏེ་དྲི་ཞིམ་པོས་བསྒོས་པའི་བསིལ་བུ་བསིལ་བའི་ངད་ནི་དལ་བུས་ལྡང༌། ཡུལ་ལྗོངས་ཕལ་ཆེ་ནི་གསེར་གྱི་ཁུ་བ་དང་འདྲེས་པའི་རིན་པོ་ཆེ་མར་གད་ཀྱི་མདངས་ཉེ་བར་འཛིན། ནམ་མཁའི་དཀྱིལ་འཁོར་ནི་འགའ་ཞིག་སྤྲིན་གྱི་བླ་བྲེས་གཡོགས་ཤིང་ཕལ་ཆེར་བཻ་ཌཱུརྱ་ལྟར་རབ་ཏུ་དྭངས། ཁྱད་པར་པ་སྣམ་ཇོ་མོ་ལྷ་རིའི་ཕྱོགས་ཀྱི་སྟེང་གི་ནམ་མཁར་སྤྲིན་དང་ན་བུན་ཆུ་ཡི་ལྕིད་ཀྱིས་ལྷག་པར་ནོན་པ་དངུལ་ཆུའི་མདོག་ལྟ་བུ་ཞིག་ལྡིང་ཞིང༌། རི་བོའི་རྩེ་མོར་ཅུང་ཟད་ཆགས་པ་གཟིགས་པས་རྐྱེན་བྱས་ཏེ། བྱ་བྲལ་ཐམས་ཅད་མཁྱེན་པ་དྷརྨ་བཛྲ་དེ་ཉིད་དུས་དེ་ལ་ཇོ་མོ་ལྷ་རིའི་གནས་ན་སྐུ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤིང༌། ཐུགས་ཟབ་ཡངས་བདེ་སྟོང་གི་རོལ་པ་ལས་གཡེལ་བ་མེད་པར་གསུང་རིམ་གཉིས་ཟབ་མོའི་སྒྲ་དབྱངས་སྒྲོགས་བཞིན་པར། སྤྱིར་གངས་ཅན་གྱི་འགྲོ་བ་མཐའ་དག་གི་དཔལ་དུ་བཞུགས། ཁྱད་པར་བདག་ཉིད་རྗེ་རྒྱལ་བ་གཉིས་པའི་བཀའ་བརྒྱུད་ཟབ་མོའི་དོན་ཅི་དགར་ཉམས་སུ་བླངས་པས་ཆོག་ཅིང་ཆོས་ལ་བློ་ཁ་ཕྱོགས་ནས་ཉམས་ལེན་གྱི་གནད་ལ་ངེས་པ་ཅུང་ཟད་ཐོབ་པ་འདི་ཡང་རྗེ་བཙུན་དམ་པ་འདིའི་བཀའ་དྲིན་ཡིན་སྙམ་དུ་དད་པ་ཚད་མེད་འཁྲུངས་ཏེ་མགུར་འདི་གསུངས་སོ། །ན་མོ་གུ་རུ་མཧ་ཀཱ་ལཱ་ཡ། རྗེ་སྤྱི་གཙུག་སེང་གེའི་ཁྲི་སྟེང་དུ། །གདན་ཉི་ཟླ་པདྨོའི་དབུས་བཞུགས་ལ། །ཐུགས་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འབྲུ་རྩི་ཐོག་རྒྱས་པ་སྟོན་གྱི་དུས། །དགུང་བཻ་ཌཱུརྱ་ལྟར་དྭངས་པའི་འོག །རླངས་ན་བུན་དངུལ་གྱི་མདོག་འདྲ་བ། །འདི་མཐོང་བའི་མོད་ལ་བླ་མ་དྲན། །ལུས་ཉི་ཁྲི་ཆིག་སྟོང་བ་སྤུ་གཡོས། །མིག་བཀའ་དྲིན་དྲན་པའི་མཆི་མས་བརླན། །ངག་སྐད་གསང་མཐོན་པོས་གསོལ་བ་འདེབས། །བདག་ལུས་ངག་ཡིད་གསུམ་བྱི ན་གྱིས་རློ བས། །མཚན་དྲན་ཐོས་འགའ་རྐྱེན་སེལ་བ་ལ། །དཔལ་མགོན་པོ་མཆོག་དང་དབྱེ ར་མེད་པའི། །དུས་ད་ལྟ་མཚན་ལྡན་བླ་མ་དེ། །ལྷ་ཇོ་མོ་ལྷ་རིའི་གནས་མཆོག་ན། །སྐུ་འཇའ་ལུས་རྡོ་རྗེ་འཛིན་པའི་ཚུལ། །གསུང་རིམ་གཉིས་ཟབ་མོའི་དགའ་སྟོན་འགྱེད། །ཐུགས་ཟབ་ཡངས་བདེ་བ་ཆེན་པོའི་ངང༌། །སྤྱིར་གངས་ཅན་སྐྱེ་འགྲོའི་དཔལ་དུ་ཤར། །སྒོས་སྙོ མས་ལས་ཅན་གྱི་བློ་བཟང་བདག །ཆོས་མདོ་རྒྱུད་ཟབ་མོ་ཀུན་གྱི་དོན། །རང་ཅི་དགར་སྤྱད་པས་ཆོག་པ་འདི། །རྗེ་ཁྱེད་ཀྱི་བཀའ་དྲིན་ཆེ་ལས་ཐོབ། །ངའི་གསུམ་ལྡན་བླ་མ་འགྲན་ཟླ་མེད། །ཡིད་བཀའ་དྲིན་དྲན་པས་གསོལ་བ་འདེབས། །ཚེ་འདི་ལ་རིམ་གཉིས་རྣལ་འབྱོར་གྱིས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་སོ། །

                  དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་སང་ཉིན་གྲུབ་ཆེན་དཔལ་འབྲས་རྡོ་རྗེའི་སྐྱེ་བ་པཎྜི་ཏ་ཞིག་དང་འཕྲད་པ་ཡོད་པས་དེ་ལ་མན་ངག་རྣམས་མ་གསང་བར་སྟོན་ཞེས་ལུང་བསྟན་པ་བཞིན་བཀྲ་ཤིས་ལྷུན་པོར་ཀུན་མཁྱེན་ལེགས་པ་དོན་གྲུབ་དང་ཞལ་འཛོམ། ཕན་ཚུན་དུ་ལུང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བའི་སྟོབས་ཀྱིས་ཐུགས་ཡིད་བཅུགས་པར་གྱུར། ཀུན་མཁྱེན་ཆེན་པོས་བསྐུལ་ནས་གསང་འདུས་དང་འཇིགས་བྱེད་ཀྱི་ཁྲིད་ལག་རྗེས་ཀྱི་རྩོམ་པ་ཡང་མཛད། འཕྲིན་ལས་ཆེ་བ་ཡོང་བས་སྦྱར་བྱང་ཀུན་མཁྱེན་གྱིས་མཛོད་གསུངས་མཛད་དོ། །དེ་དུས་ཕྱི ་ལྟར་ཀུན་མཁྱེན་གྱིས་མཛད་པར་གྲགས་ཀྱང་ནང་ལྟར་རྗེ་འདི་ཉིད་ཀྱིས་མཛད་པ་ཡིན། དེང་སང་ནི་དབེན་ས་བཀའ་འབུམ་གྱི་ནང་ཉིད་དུ་བཞུགས་པ་ཡོངས་སུ་གྲགས་པ་ལྟར་རོ། །དེའི་དུས་གཟིམ་ཁང་སེར་པོར། གདོད་ནས་དག་པའི་ཆོས་དབྱི ངས་ནམ་མཁའ་ལ། །སྣ་ཚོགས་རྟེན་འབྲེལ་སྤྲིན་ཕུང་ཅི་ཡང་བཀྲ །རྣམ་དག་རིགས་པའི་རླུང་གིས་དཔྱད་པ་ན། །སླར་ཡང་ཀུན་གསལ་ཉིད་དུ་ཐིམ་པར་འགྱུར། །ཞེས་སོགས་ལྟ་བའི་མགུར་ཡང་མང་དུ་བཞེས་སོ། །མདོར་ན་རྒྱལ་བ་དབེན་ས་པ་ཆེན་པོ་དང་ཀུན་མཁྱེན་ལེགས་པ་དོན་གྲུབ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟར་གྱུར་ཏེ། ཚུལ་དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བསྟོད་པ་མཛད་པ་ལས། ལུང་བསྟན་བརྙེས་པ་མཁས་པའི་དབང་པོ་དང༌། །ཐབས་ཤེས་ཟུང་དུ་འབྲེལ་བའི་རྟེ ན་འབྲེ ལ་གྱིས། །བསྟན་པའི་སྙིང་པོ་གསལ་མཛད་དབེན་ས་པ། །བློ་བཟང་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།