གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-16 10:50:37     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 193020473643635551.jpg

                    དེ་ནས་གྲུབ་ཆེན་ཆོས་རྡོ་རྗེས་རེ་ཞིག་རྣམ་སྨིན་གྱི་སྐུ་ལུས་རགས་པ་མ་དོར་བར་ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག་དེ་ལ་གནས་ནས་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ཆོས་ཀྱི་བདུད་རྩི་སྩལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པའི་སྙན་བརྒྱུད་བསྟན་པའི་བདག་པོ་དབེན་ས་པ་ཆེན་པོ་རེ་ཤིག་མ་བྱོན་པར་དགུང་ལོ་བརྒྱ་ཕྲག་བརྒལ་བའི་བར་དུ་ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག་དེ་ལ་གནས་ནས་མི་སྐལ་ལྡན་དུ་མ་དང༌། གཙོ་བོར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བགྲང་བ་ལས་འདས་པ་ལ་རྡོ་རྗེ་ཐེག་པའི་ལམ་བཟང་སྟོན་ཅིང་བཞུགས་པ་ལས་རྒྱལ་བ་དབེན་ས་པ་ཆེན་པོ་ཞིང་འདིར་བྱོན་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ་འབྲུམ་བུའི་བསྙུན་གཞིས་ཟིན་ནས་དབེན་ས་ན་བཞུགས་པའི་ཚེ་གྲུབ་ཆེན་འདིས་དབེན་ས་པ་གང་ན་བཞུགས་པའི་སྒོ་དྲུང་དུ་ཕེབས་ནས། གང་ཞིག་གཟིགས་ཤིང་གསུང་བ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེ ལ་པར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །ཅེས་སོགས་ཟབ་མོ་རྟེན་འབྱུང་གསུངས་པའི་སྒོ་ནས་ཐུབ་དབང་ལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་གསུང་དབྱངས་མཐོན་པོས་ཞལ་འདོན་དུ་མཛད་པ་ན། རྒྱལ་བ་དབེན་ས་པ་ཆེན་པོས་གསུང་གི་གདངས་ཐོས་པ་ཙམ་གྱིས་ལུས་ཀྱི་སྤུ་ཟིང་ཞེས་བྱེད་ཅིང་སྣང་བ་གཏིང་ནས་འགྱུར་བ་ཞིག་བྱུང་སྟེ། འདི་ནི་གྲུབ་པའི་སྐྱེས་བུ་བདག་ཉིད་ཆེན་པོ་ཞིག་ཡིན་པར་གོར་མ་ཆག་གོ་སྙམ་དུ་དགོངས་ནས་སྒོ་དྲུང་དུ་བྱོན་ཏེ་བརྟགས་པ་ན། རྗེའི་སྙན་བརྒྱུད་འཛིན་པའི་གྲུབ་ཆེན་ཡིན་པར་མཁྱེན་ནས་རྗེས་སུ་འཛིན་པར་གསོལ་བ་བཏབ་པ་ན་དུས་ཚོད་འདི་ག་ཙམ་ལ་བཀྲ་ཤིས་རྫོང་དགའི་ཕུའི་འགར་མོ་ཆོས་རྫོང་དུ་ཤོག་ཅེས་བཀའ་གནང༌། དེ་ནས་རྒྱལ་བ་དབེན་ས་པས་འབྲུམ་བུའི་བསྙུན་ལས་གྲོལ་མ་ཐག་བླ་མ་གྲུབ་ཆེན་གྱིས་ཇི་ལྟར་གསུངས་པའི་དུས་ཚོད་དེ་ལས་ཡོལ་བ་མེད་པར་དབེན་གནས་འགར་མོ་ཆོས་རྫོང་དུ་ཕེབས་གྲུབ་ཆེན་ཆོས་རྡོ་རྗེ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས་རྒྱལ་བ་ཙོང་ཁ་པའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཞིག་གནང་བ་ཐུགས་རྗེས་གཟུང་འཚལ་ཞེས་གསོལ་བ་བཏབ་པས་གྲུབ་མཆོག་ཆོས་རྡོ་རྗེས་ཀྱང་དགྱེས་བཞིན་དུ་ཐོག་མར་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་སྙིང་པོར་བསྡུས་ཏེ་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་བ་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ས་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། བདེ་གསང་འཇིགས་གསུམ་སོགས་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པ་གནང་སྟེ་རྒྱལ་བ་དབེན་ས་པ་ཆེན་པོ་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་མ་ལུས་པའི་བདག་པོར་གྱུར་ཏོ། །དེའི་ཚེ་གྲུབ་ཆེན་ལ་སྙན་བརྒྱུད་ཀྱི་མན་ངག་རྣམས་ཞུ་བར་མཛད་པ་པོ་རྒྱལ་བ་དབེན་ས་པ་གཙོ་བོ་ཡིན་ཞིང་གཞན་ཁ་ཤས་ཀྱང་ཡོད་ལ། རིན་པོ་ཆེ་ལྟ་བུའི་གདུལ་བྱ་གཞན་གཉིས་ཀྱང་ཡོད་དེ་གཞན་གཉིས་པོ་དེ་ནི་སྦས་པའི་བརྟུལ་ཞུགས་བཟུང་སྟེ་སྐྱེ་བོ་ཡོངས་ལ་མཚན་ཙམ་ཡང་གྲག་པར་མ་གྱུར་ཏོ། །གྲུབ་ཆེན་གྱིས་རྗེའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་རྫོགས་གནང་བའི་ཚེ་རྒྱལ་བ་དབེན་ས་པ་ཆེན་པོ་དང་རིན་པོ་ཆེ་ལྟ་བུའི་གདུལ་བྱ་གཞན་གཉིས་བཅས་གསུམ་ཡོད་པ་ནི་རྒྱལ་བ་དབེན་ས་པ་ཆེན་པོའི་གསུང་ཚད་མ་དཔང་པོར་གྱུར་པ་ལས་ཤེས་ཏེ། རྒྱལ་བ་དབེན་ས་པའི་ཞལ་ནས། བདག་གིས་རྗེ་བཙུན་ཆོས་ཀྱི་རྡོ་རྗེ་ལ་གདམས་ངག་འདི་ཡོངས་སུ་རྫོགས་པར་ཞུས་པའི་དུས་སུ། རྗེ་བཙུན་ཆོས་ཀྱི་རྡོ་རྗེས་ཁོ་བོ་ལ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་གདམས་པ་འདི་གནང་བའི་ཚེ། གདམས་པ་འདི་སུ་ལ་ཡང་མ་སྨྲ་གསུང་བ་སོགས་བཀའ་རྒྱ་ཤིན་ཏུ་དམ་པ་ཡོད། ཅེས་གསུངས་ཞིང༌།

                    ཡང་བདག་གི་བླ་མ་ལ་ཡང་བདག་གྲོགས་མཆེད་གསུམ་ཙམ་གྱིས་འདི་ཉིད་ཞུ་བའི་དུས་སུ་ཡང༌། བདག་གསུམ་དང༌། ཁྱད་པར་བདག་ལ་བཙུན་ཆུང་ན་གཞོན་པ་དང༌། ཁ་ཡང་བའི་སྟོབས་ཀྱིས་འདི་ཉིད་སྨྲས་པ་འོང་བས།སུ་ལ་ཡང་ཡོད་པའི་གཏམ་ཙམ་ཡང་མ་སྨྲ་གསུངས། ཞེས་གསུངས་པ་ལྟར་རོ། །དེ་ནས་སླར་ཡང་གྲུབ་ཆེན་ཆོས་རྡོ་རྗེ་དང་རྒྱལ་བ་དབེན་ས་པ་ཆེན་པོ་དཔོན་སློབ་ལྷན་ཅིག་དབུས་གཙང་གི་ལྗོངས་དེ་དང་དེར་སྐལ་ལྡན་གྱི་གདུལ་བྱ་དུ་མ་རྗེས་སུ་འཛིན་པ་དང༌། མཐོང་ཐོས་དྲན་རེག་གིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པའི་རྟེན་འབྲེལ་ཁྱད་པར་ཅན་བསྐྲུན་པའི་ཕྱིར། གངས་རིའི་ཁྲོད་ཀྱི་གནས་དང་ཡུལ་ལྗོངས་ཕལ་མོ་ཆེར་བཀྲ་ཤིས་པའི་མཚན་དང་ལྡན་པའི་ཞབས་རྡུལ་གྱིས་རེག་པ་སྩལ་ཞིང༌།མཐར་གྲུབ་པའི་གནས་མཆོག་པདྨ་ཅན་དུ་ཕེབས་ཏེ་ཡུན་རིང་དུ་བསྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་གཞོལ་བར་མཛད་དོ། །དེ་ལྟར་གྲུབ་ཆེན་ཆོས་རྡོ་རྗེས་རྒྱལ་བ་དབེན་ས་པ་ཆེན་པོ་ལ་དགའ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་གནང་བའི་མཐར་སྤྲུལ་པའི་གླེགས་བམ་གཏད་ནས་བཀའ་རྒྱ་དམ་པོ་བཏབ་སྟེ་རེ་ཞིག་དབེན་གནས་དུ་མར་བསྒྲུབ་པ་སྙིང་པོར་བྱས་ནས་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་རིམ་གཉིས་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་རང་གི་རྒྱུད་ལ་བསྐྱེད་ནས་རང་ཉིད་མི་ཉམས་པའི་གདེང་ཐོབ་པ་ན་གདུལ་བྱའི་དོན་ཇི་ལྟར་བྱ་ཚུལ་དང་རྗེའི་སྙན་བརྒྱུད་ཀྱི་བསྟན་པ་བསྲེ་བསླད་མེད་པར་འཛིན་ཅིང་སྤེལ་ལུགས་སོགས་ཞལ་གདམས་རྒྱས་པར་གནང་སྟེ་རྒྱལ་བ་དབེན་ས་པ་སྙན་བརྒྱུད་བསྟན་པའི་བདག་པོར་བྱིན་གྱིས་བརླབས་སོ། །དེ་ནས་གྲུབ་ཆེན་ཆོས་རྡོ་རྗེས་རང་ཉིད་རྣམ་སྨིན་གྱི་ལུས་རགས་པ་བཟུང་ནས་གནས་པའི་དགོས་པ་ལེགས་པར་གྲུབ་ནས་ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག་རྣམ་སྨིན་གྱི་ལུས་རགས་པ་འོད་གསལ་དུ་བསྡུས་ཏེ་འཇའ་ལུས་རྡོ་རྗེའི་སྐུའི་རང་བཞིན་དུ་བཞུགས་ནས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་དབང་པོའི་རིམ་པ་དང་མཐུན་པར་སྤྲུལ་པ་བསྟན་ནས་དེ་དང་དེའི་དོན་མཛད་པ་ལ་འབད་རྩོལ་དང་རྣམ་རྟོག་མི་མངའ་ཞིང་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་གདུལ་བྱ་རང་རང་གིས་གང་དང་གང་དུ་གསོལ་བ་བཏབ་པ་དེ་དང་དེར་དབང་པོ་དང་འཚམ་པའི་སྤྲུལ་པ་འབྱུང་ལ། གངས་རིའི་ལྗོངས་འདིར་ཡང་སྐལ་བ་དང་ལྡན་པ་དག་ལ་སྐུའི་བཀོད་པ་སྣ་ཚོགས་སུ་བསྟན་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་སྔོན་རྣམ་སྨིན་གྱི་ལུས་རགས་པ་བཟུང་བའི་གནས་སྐབས་ཇི་བཞིན་དུ། དགེ་སློང་བགྲེས་པོ་དབུ་སྐྲ་དང་སྨ་ར་དཀར་པོ་ཅན་ཞིག་གི་རྣམ་པར་ཞལ་བསྟན་པ་ལྟ་བུའོ། །

                    ཇོ་མོ་ལྷ་རིའི་ཟུང་འཇུག་ཕུག་པར་ཡང་སྐལ་བ་དང་ལྡན་པ་འགའ་རེ་ལ་གང་ཡང་རུང་བའི་སྐུའི་རྣམ་པར་བསྟན་པ་དང་སྐུ་མི་སྣང་བར་གསུང་གི་གདངས་ཐོས་པ་དང༌། སྐུ་དང་གསུང་གི་སྣང་བ་མེད་པར་ཚུལ་ཁྲིམས་ཀྱི་དྲི་ངད་ཞིམ་པོ་ཚོར་བ་བྱུང་བ་སོགས་ལོ་རྒྱུས་མང་དུ་སྣང་ངོ༌། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་གྲུབ་ཆེན་ཆོས་རྡོ་རྗེ་ལ་གསོལ་བ་འདེབས་ཤིང་གྲུབ་ཆེན་འདིའི་རྣམ་ཐར་ལྟར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བཙལ་ལ་དེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སངས་རྒྱས་ནས་བཟུང་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་སྙན་བརྒྱུད་ཀྱི་མན་ངག་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་ཚང་བ་དེ་ལ་ཆིག་བསྒྲིལ་དུ་བྱས་ཆོག་པ་ཞིག་ཐོབ་པར་བྱས། དེ་ནས་ཚེ་འདིའི་འཁྲི་བ་བཅད་དེ་དབེན་པའི་རི་སུལ་དུ་འཚོ་བ་དཀའ་ཐུབ་ལ་གནས་ནས་སྒྲུབ་པ་རྩེ་གཅིག་ཏུ་བྱས་ལ་མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་རྒྱུད་ལ་བསྐྱེད་ཐུབ་པ་ཞིག་བྱ། གྲུབ་ཆེན་གྱི་རྣམ་ཐར་དེ་ལྟ་བུ་མ་ཟིན་ཡང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཐ་ན་སྨོན་ལམ་གྱི་ཡུལ་ཚུན་ཆད་དུ་བྱས་ཏེ་བག་ཆགས་ཅི་ཐེབས་བྱའོ།། །།

                                                                                                                             རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།