གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-16 10:44:05     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

230054914357945391.jpg

                    དེ་ནས་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་སྐོར་མན་ངག་ཞལ་ཤེས་གེགས་སེལ་བོགས་འདོན་དང་བཅས་པ་མཐའ་དག་གནང༌། དེ་ནས་བདག་ཉིད་ཆེན་པོ་དེ་བྱང་ཆུབ་ཀྱི་སེམས་ཆེས་ཤུགས་དྲག་པས་ཉེ་ལམ་རྡོ་རྗེ་ཐེག་པར་འཇུག་པར་སྤྲོ་བ་ན། གསང་བདེ་འཇིགས་གསུམ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་མཐའ་དག་གནང༌།ཁྱད་པར་རྒྱལ་བ་ཙོང་ཁ་པ་ལ་མགོན་པོ་མཇལ་དཔལ་དབྱངས་ཀྱིས་གནང་བའི་སྙན་བརྒྱུད་ཐུན་མོང་མིན་པ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་རྫོགས་པའི་ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་མན་ངག་ཞལ་ཤེས་དང་བཅས་པ་རྫོགས་པར་གནང་བའི་མཐར་སྤྲུལ་པའི་གླེགས་བམ་ཆེན་མོ་ཕྱག་ཏུ་གཏད་དེ་རྗེའི་སྙན་བརྒྱུད་འདི་དག་མཁའ་འགྲོས་ལུང་བསྟན་པའི་སྐལ་ལྡན་གྱི་སློབ་མ་རེ་རེ་ཙམ་མ་གཏོགས་གཞན་ལ་མ་སྟོན། ཐ་ན་སྐྱེ་བོ་གཞན་དག་ལ་འདི་འདྲ་ཡོད་པའི་གཏམ་ཙམ་ཡང་མ་སྨྲ་ཞིག་ཅེས་བཀའ་རྒྱ་དམ་པོ་བཏབ། དེ་ལྟར་ལོ་ལྔའི་བར་དུ་སྲས་ཀྱི་ཐུ་བོར་བཟུང་སྟེ་གདམས་པ་མཐའ་དག་རྫོགས་པར་མཛད་ནས་འབྱོན་ཁར་པཎ་ཆེན་ཆོས་ཀྱི་རྒྱལ་པོས་བདག་ཉིད་ཆེན་པོ་འདི་ལ་ཚེ་མཇུག་དབེན་པའི་གནས་སུ་ཉམས་ལེན་འདི་དང་འདི་ལྟར་གྱིས་དུས་ལ་བབ་པ་ན་སྐལ་ལྡན་གྱི་སྐྱེས་བུ་ལ་གདམས་པ་འདི་ལྟར་སྟོན་ཅེས་ཕྱིས་འབྱུང་གི་ལུང་བསྟན་དང་བཅས་བཀའ་སྩལ་ཞིབ་ཏུ་གནང༌།

                 རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ཀྱང་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་སྤྱི་བོས་མནོས་ཤིང་ཞབས་ལ་ཕྱག་བྱས་ཏེ་སྨོན་ལམ་བཏབ་བོ། །དོན་དེ་དག་ལ་རྒྱལ་བ་དབེན་ས་བ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་སྙན་བརྒྱུད་ཀྱི་མན་ངག་ཐོབ་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་ལས། དེ་ནས་ཡེ་ཤེས་མཁའ་འགྲོས་ལུང་བསྟན་བཞིན། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྒྱལ་མཚན་གྱིས། །ངུར་སྨྲིག་གིས་ཀླུབས་ཆོས་ཀྱི་རྡོ་རྗེ་ཞེས། །མངོན་པར་མངའ་གསོལ་ཁྱོད་ལ་གསོལ་བ་འདེབས། །མགོན་དེའི་ཞབས་ཟུང་རིང་དུ་གུས་བསྟེན་ནས། །ཐུགས་ཀྱི་བཅུད་ཕྱུང་ཟབ་ལམ་བདུད་རྩིའི་རྒྱུན། །མ་ལུས་རྫོགས་པར་གསོལ་བས་མགོན་པོ་ཁྱོད། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་དེས་རྗེའི་སྙན་བརྒྱུད་ཀྱི་མན་ངག་རྣམས་ལ་ཤིང་རྟ་ཆེན་པོའི་གཞུང་དང་སྦྱར་ཏེ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་པའི་ངེས་ཤེས་བསྐྱེད་པར་བྱ་བའི་ཕྱིར་འབྲས་སྤུངས་སུ་ཕེབས་ནས་མཁས་པའི་དབང་པོ་བདེ་ལེགས་སྟོབས་ལྡན་པའི་སྤྱན་སྔར་ཕར་ཕྱི ན་དང༌། དབུ་མ་གཉིས་གཙོ་བོར་བྱས་ཏེ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད། གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པ་ན་རྗེ་ཡབ་སྲས་ཀྱི་རྣམ་ཐར་དང་མཐུན་པར་བྱ་བའི་ཕྱིར་ཆོས་གྲྭ་དེར་རྗེ་དབོན་བློ་བཟང་ཉི་མས་མཁན་པོ་དང༌། ཆོས་རྗེ་བདེ་ལེགས་སྟོབས་ལྡན་པ་ལ་སློབ་དཔོན་ཞུས་ནས་དགེ་སློང་གི་དངོས་པོ་བཞེས་ཏེ་བཅས་མཚམས་ཕྲ་ཞིང་ཕྲ་བ་ཡང་སྲོག་གི་དབང་པོ་ལྟར་བསྲུངས་ཏེ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ། །དེ་ནས་འཇམ་དབྱངས་སྨོན་ལམ་དཔལ་བ་ལ་ཡང་མདོ་སྔགས་ཀྱི་ཆོས་མང་དུ་ཞུས་ནས་གཙང་དུ་ཕེབས་ཏེ་འདུལ་བ་འཛིན་པ་བློ་གྲོས་སྦས་པ་ལ་འདུས་པའི་ཁྲིད་ལག་རྗེས་ཡིག་ཆུང་ཐོར་བུ་བ། ལམ་རིམ་གྱི་ཁྲིད། རིམ་ལྔའི་ཁྲིད། མགོན་པོ་ཞལ་དང༌། ལྷ་མོ་དམག་ཟོར་མའི་རྗེས་གནང་རྣམས་གསན། དེ་ལྟར་མཁས་གྲུབ་དམ་པ་མང་དུ་བསྟེན་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དོ། །

                  དེ་ཡང་བདག་ཉིད་ཆེན་པོ་འདི་ནི་སྔོ ན་ཡུན་རིང་པོ་ནས་ལམ་ཡོངས་རྫོགས་ལ་སྦྱངས་པ་ཡིན་པར་མ་ཟད་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལས་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་མཐར་ཐུག་པ་མཐའ་དག་ཡོངས་སུ་རྫོགས་པར་གསན་ཅིང་གང་གསན་པ་མཐའ་དག་ལ་ངེས་པ་གཏིང་ཚུགས་པར་དྲངས་ཏེ་ཐུགས་ཉམས་སུ་བཞེས་ནས་གདེང་ཐོབ་པ་ཞིག་ཡིན་མོད་ཀྱང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་རྒྱལ་བ་དགྱེས་པའི་ལམ་ལ་སྒྲུབ་པ་སྙིང་པོར་བྱ་འདོད་ན་བཀླགས་ལུང་ཙམ་རེ་དང་བླ་མ་རེ་ལས་ཁྲིད་བསྡུས་པ་རེ་ཐོབ་པ་ཙམ་གྱིས་ཆོག་པར་མི་བྱ་བར་གང་ཉམས་སུ་བླང་བར་བྱ་བའི་ལམ་གྱི་གནད་རྣམས་ལ་ཤིང་རྟ་ཆེན་པོའི་གཞུང་ལུགས་ལས་འབྱུང་བའི་དྲི་མ་མེད་པའི་རིགས་པས་དཔྱད་ནས་ངེས་པ་བརྟན་པོ་རྙེད་པ་དགོས་སོ་ཞེས་འདོམས་པའི་ཕྱིར་གཞུང་ལུགས་ལ་སྦྱོང་བ་དང་མང་དུ་ཐོས་པ་འཚོལ་བའི་ཚུལ་དེ་ལྟར་མཛད་དོ། །དེ་ནས་རྒྱལ་བས་བསྔགས་པའི་དབེན་པའི་གནས་རྣམས་སུ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསྒྲུབ་པ་སྙིང་པོར་མཛད་ཅིང་གང་ལའང་ཆགས་པ་མེད་པར་དབེན་པ་ནས་དབེན་པར་རྒྱུ་ཞིང༌། དགེ་སྦྱོར་ཡར་ངོའི་ཟླ་བ་བཞིན་འཕེལ་བར་གྱུར་ཏོ། །དུས་རེ་ཞིག་གི་ཚེ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་དྲིན་དྲན་ཏེ། རིགས་གསང་ཆེན་རྒྱལ་བ་རྡོ་རྗེ་འཆང༌། །རྗེ་སྐུ་བཞིའི་ངོ་བོ་བ་སོ་བ། །མཚན་ཡོངས་སུ་གྲགས་པའི་ཆོས་རྒྱལ་ཞབས། །ཕ་རྩེ་གཅིག་དྲན་པས་གསོལ་བ་འདེབས། །གནས་འཁོར་བའི་རྒྱ་མཚོ་གཏིང་ཟབ་ཅིང༌། །བློ་མ་རིག་འཁྱགས་པའི་སྦུབས་ཆུད་ན། །རྗེ་ཟབ་དོན་མཁྱེན་པའི་འོད་ཟེར་གྱིས། །ཉམས་བདེ་སྟོང་རྟོགས་པ་སྦར་དུ་གསོལ། །དུས་སྙིགས་མའི་སྐྱེ་འགྲོ་ཡོངས་ཀྱི་མགོན། །ལར་བསམས་ཀྱིན་རྗེ་བཙུན་སྤྲུལ་པའི་སྐུ། །མི་ཁོ་བོའི་གཙུག་རྒྱན་ཆོས་ཀྱི་རྗེ། །ཡིད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རང་གཅེས་པར་འཛིན་པའི་ཚ་གདུང་འདིས། །བྱམས་སྙིང་རྗེ་རྒྱས་པའི་ལོ་ཏོག་སྲེག །རྗེ་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །གཞན་གཅེས་འཛིན་ཆར་རྒྱུན་ཕབ་ཏུ་གསོལ། །ཞེས་གསོལ་འདེབས་ཤུགས་དྲག་པོ་མཛད་ཅིང་ཉམས་ཀྱི་སྣང་བ་དང་བསྟུན་པའི་མགུར་མང་པོ་བཞེས་སོ། །

                    དེ་ནས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་བཞིན་དུ། གངས་དང༌། རི་སུལ་དང༌། ནགས་ཁྲོད་སོགས་སྐྱེ་བོས་དབེན་པའི་ས་ཕྱོ གས་དུ་མར་རྒྱུ་ཞིང་ཉམས་རྟོགས་གོང་ནས་གོང་དུ་འཕེལ་བར་མཛད་ལ། ཁྱ ད་པར་སྔོན་བྱོན་དམ་པ་དུ་མས་གྲུབ་པ་བརྙེས་པའི་ས་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་ཆེན་པ་སྣམ་ཇོ་མོ་ལྷ་རིའི་གསང་ཆེན་གྲུབ་པའི་གནས་པདྨ་ཅན་དུ་བསྐྱེད་རིམ་མཐར་སོན་ནས་རྫོགས་རིམ་ལ་ཆིག་བསྒྲིལ་མཛད་པས་སེམས་དབེན་པའི་འོད་གསལ་དང༌། མ་དག་པའི་སྒྱུ་ལུས་གྲུབ་བོ། །དེ་འདྲ་བའི་གནས་བྱིན་རླབས་ཅན་དེ་ནི་རྡོ་རྗེ་བཙུན་མོའི་བྷ་གའི་དབྱིབས་ཅན་དུ་ཡོད་པས་པདྨ་ཅན་ཞེས་མཚན་ཐོགས་ཤིང༌། དེའི་དྲང་ཐད་ཀྱི་ཤར་ཕྱོགས་ན་བཀྲ་ཤིས་རྫོང་དགའི་རྒྱབ་རིའི་རྩེ་མོ་ན་ལིང་གའི་དབྱིབས་ཅན་གྱི་རྡོ་ཆེན་པོ་ཞིག་ཡོད་པ་ཚེས་བཅོ་ལྔའི་ཟླ་བ་ཤར་བའི་ཚེ་རྡོ་དེའི་གྲིབ་མ་པདྨ་ཅན་དུ་བབས་པ་ན་ལིང་ག་ཆོས་འབྱུང་དུ་ཞུགས་པ་ཇི་ལྟ་བར་འབྱུང༌། དེའི་ཚེ་པདྨ་ཅན་གྱི་སྒྲུབ་ཆུའི་ཉེ་སྐོར་གྱི་ས་རྣམས་སྐད་ཅིག་དེ་ལ་སིནྡྷུ་རར་འགྱུར་བ་ཞིག་ཡོད་པས་ཡུལ་ཉེར་བཞི་དངོས་དང་མཚུངས་པ་ཞིག་ཡོད་ཅེས་གྲག་གོ །གནས་བྱིན་རླབས་ཅན་དེར་རྫོགས་རིམ་དང་འབྲེལ་བའི་བླ་མ་ལྷའི་རྣལ་འབྱོར་བསྒོམ་པར་མཛད་པས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་གཟིགས། དེའི་ཚེ་རྗེ་རིན་པོ་ཆེས་དམ་པ་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་གདམས་ངག་ཡོངས་སུ་རྫོགས་པར་གནང༌། ལྷག་པར་རྗེ་རིན་པོ་ཆེ་ཕྱི་པཎྜི་ཏའི་ཆ་ལུགས་ནང་གི་ཕུང་ཁམས་སྐྱེ་མཆེད་རྣམས་འདུས་པའི་ལྷ་ཚོགས་སུ་གསལ་བ་ཐུགས་ཀར་རྒྱལ་བ་ཤཱཀྱ་ཐུབ་པ་དེའི་ཐུགས་ཀར་རྡོ་རྗེ་འཆང་བཞུགས་པའི་བླ་མའི་རྣལ་འབྱོར་ཐུན་མོང་མིན་པ་སེམས་དཔའ་སུམ་བརྩེགས་ཅན་འདི་གནང་ངོ༌། །ཚུལ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་རྒྱལ་བ་ཙོང་ཁ་པས་ཞལ་གཟིགས་ནས་སྙན་བརྒྱུད་ཀྱི་མན་ངག་གནང་བའི་ཚུལ་ལས་བརྩམས་ཏེ་བསྟོད་པ་ལས། རྗེ་བཙུན་ཆེན་པོ་མ་ཏི་བྷ་དྲ་སོགས། །དངོས་སུ་ཞལ་གཟིགས་བྱིན་རླབས་མཆོག་ཐོབ་པས། །ཟབ་རྒྱས་ཆོས་ཀྱི་དཔལ་ལ་དབང་འབྱོར་ནས། །གདམས་པའི་གཏེར་ཆེན་གྱུར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ནས་གྲུབ་ཆེན་ཆོས་རྡོ་རྗེས་པདྨ་ཅན་གྱི་གོང་ན་སྒྲུབ་ཕུག་ཅིག་ཡོད་པ་དེར་རྒྱལ་བ་ཙོང་ཁ་པས་གནང་བའི་བླ་མའི་རྣལ་འབྱོར་ཐུན་མོང་མིན་པ་འདི་རྩེ་གཅིག་ཏུ་སྒོམ་པར་མཛད་པ་ན།འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། དེས་རྐྱེན་བྱས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པའི་ཞལ་མངོན་སུམ་དུ་གཟིགས་པར་གྱུར་ཏོ། །ཚུལ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་འཕགས་མཆོག་ཕྱག་ན་པདྨོས་བྱིན་གྱིས་བརླབས་པའི་མཐུས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་ལས། ཕྱག་ན་པདྨོས་དངོས་སུ་བྱིན་བརླབས་པས། །མ་ལུས་རྒྱལ་བའི་འཁོར་ལོ་གསལ་བར་གཟིགས། །དངོས་གྲུབ་རྒྱ་མཚོའི་དཔལ་ལ་དབང་འབྱོར་པས། །དོན་གཉིས་ལྷུན་གྲུབ་ཁྱོད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

                   དེ་ནས་སླར་ཡང་སྒྲུབ་གནས་དེར་ཟབ་ལམ་རིམ་གཉིས་སྤྱི་དང་ཁྱད་པར་རྫོགས་རིམ་ཟབ་མོའི་རྣལ་འབྱོར་རྩེ་གཅིག་ཏུ་སྒོམ་པར་མཛད་པས་ཟུང་འཇུག་འགྲུབ་པའི་མཚན་མ་ཐོབ་པ་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་འོད་གསལ་རྩེ་གཅིག་ཏུ་སྒོམ་པར་མཛད་པས་དོན་དམ་པའི་འོད་གསལ་མངོན་དུ་བྱས་པ་ལས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ཏེ་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ཟུང་འཇུག་གི་སྐུ་ལས་གཡོ་བ་མེད་པར་སེམས་ཅན་རང་རང་གི་སྐལ་བ་དང་འཚམ་པར་སྤྲུལ་པ་བསྟན་ཏེ་ཆོས་སྟོན་པ་སོགས་འགྲོ་བའི་དོན་ལ་གཡེལ་བ་མེད་པར་བཞུགས་སོ། །དེ་འདྲ་བའི་བསྒྲུབ་གནས་དེ་ལ་ཟུང་འཇུག་ཕུག་ཅེས་གྲགས་སོ། །ཚུལ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོས་གྲུབ་ཆེན་ཆོས་རྡོ་རྗེ་ལ་ཟུང་འཇུག་བརྙེས་པའི་ཚུལ་ལས་བཙམས་ཏེ་བསྟོད་པ་ལས། དེ་ནས་མཁས་དང་གྲུབ་པ་མང་བསྟེན་ཅིང༌། །པདྨ་ཅན་སོགས་གྲུབ་པའི་གནས་རྣམས་སུ། །ཆོས་ཀུན་སྙིང་པོ་རྩེ་གཅིག་ཉམས་བཞེས་པས། །གྲུབ་པ་མཆོག་བརྙེས་ཁྱོད་ལ་གསོལ་བ་འདེབས། །ཞེས་དང༌། བརྒྱ་ཕྲག་ལས་ལྷག་ལོར་ནི་བསྟན་པ་བསྐྱངས། །འཆི་མེད་དཔའ་བོ་མཁའ་འགྲོའི་གཙོར་བཞུགས་ནས། །ནམ་མཁའ་ཇི་སྲིད་སྐལ་ལྡན་འགྲོ་བ་འདྲེན། །འཕྲིན་ལས་ཀུན་ཏུ་དགེ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།