གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-16 10:20:17     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

222654797547263026.jpg

                     རྒྱལ་བ་ཀུན་གྱིས་གསུངས་པའི་ཆོས་རྣམས་ཀྱི། །བཅུད་རྣམས་བསྡུས་ནས་ཉམས་སུ་བླངས་པའི་མཐུས། །ཚེ་གཅིག་ཉིད་ལ་རྡོ་རྗེའི་སྐུ་བརྙེས་པ། །འཆི་མེད་རྣལ་འབྱོར་མཆོག་ལ་གསོལ་བ་འདེབས། །ཞེས་བསྔགས་པ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ནི། སྔོན་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་མདོ་སྔགས་བསྟན་པའི་སྙི ང་པོ་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་བའི་སྨོན་ལམ་བཏབ། དེའི་ཚེ་སྨོན་ལམ་ཇི་ལྟར་བཏབ་པ་ལྟར་གྲུབ་སྟེ། དེ་ནས་བཟུང་སྟེ་མཁས་གྲུབ་ཀྱི་སྐྱེ་བ་བརྒྱུད་མར་བཞེས་ཤིང༌། ཁྱད་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཤར་ཕྱོགས་བྷཾ་ག་ལར་འཁྲུངས་ནས་རྒྱ་གར་གྱི་སའི་ཆ་ཀུན་ཏུ་དམ་པའི་ཆོས་འཚོལ་བ་ལ་ཞུགས་པའི་ཚེ་གྲུབ་ཆེན་འདི་བླ་མ་ཨ་བ་དྷཱུ་ཏི་པ་ཞེས་བྱ་བར་སྐུ་སྐྱེ་བ་བཞེས་ཏེ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་དབུ་མའི་ལྟ་བའི་མན་ངག་འདོམས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཟབ་མོའི་ལམ་གྱི་རིམ་པ་རྣམས་རྒྱས་པར་འདོམས་པར་མཛད་ཅིང༌། གྲུབ་པའི་གནས་མཆོག་དུ་མར་ཕེབས་ཏེ་དབེན་པ་ནས་དབེན་པར་རྒྱུ་ཞིང་སྣང་སྟོང་སྒྱུ་མ་ལྟ་བུའི་རྣལ་འབྱོར་ལ་གོམས་པ་ལྷུར་བཞེས་པར་མཛད།

                    དེ་ནས་ཀྱང་མཁས་གྲུབ་ཀྱི་སྐྱེ་བ་རིམ་པར་བརྒྱུད་དེ་བོད་ཡུལ་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པར་སྐྱེ་བ་བཞེས་ཏེ་བྱང་ཕྱོགས་གངས་རིའི་ལྗོངས་འདི་ཐམས་ཅད་ལ་དབང་བསྒྱུར་ཞིང་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ་ཞིག་སྟེ་གྲུབ་ཆེན་འདི་ལ་རྒྱལ་བ་དབེན་ས་བ་ཆེན་པོས་སྐུ་ཚེ་སྔ་མའི་འཁྲུངས་རབས་ལས་བརྩམས་ཏེ་བསྟོད་པ་ལས། དགྱེས་ཤིང་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །བདེན་ཚིག་སྨོན་ལམ་དཔག་མེད་མཆོག་བསྒྲུབས་པས། །མཁས་དང་གྲུབ་པའི་རྣམ་རོལ་བགྲང་ཡས་ཀྱིས། །འཛམ་གླིང་མཛེས་མཛད་ཁྱོད་ལ་གསོལ་བ་འདེབས། །ཀུན་སྤངས་ཉིན་བྱེ ད་མཁྱེན་བརྩེའི་འོད་སྟོང་གིས། །ཕུལ་བྱུང་པད་དཀར་དབང་པོ་ཞལ་ཕྱེ་ནས། །ཟབ་དོན་སྦྲང་རྩི་རྒྱས་མཛད་སྐལ་བཟང་ཅན། །རྐང་དྲུག་ཚོགས་ཀྱི་དཔལ་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོའི་རིང་ལུགས་མཆོག་བཟུང་ནས། །རྒྱ་བོད་དད་ཅན་འཕགས་པའི་གནས་བཀོད་ཅིང༌། །གངས་ཅན་འདོད་དགུའི་དཔལ་གྱིས་ཚིམ་པར་མཛད། །དངོས་གྲུབ་འབྱུང་གནས་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

                    དེ་ནས་འཇམ་མགོན་བླ་མའི་སྙན་བརྒྱུད་བསྟན་པའི་བདག་པོར་འབྱོན་པའི་དུས་ལ་བབ་པ་ན། རྗེ་རིན་པོ་ཆེ་གང་དུ་འཁྲུངས་པའི་ཡུལ་ཤར་ཕྱོགས་ཙོང་ཁ་དང་ཁད་ཉེ་བའི་སའི་ཆ་ནས་ཀུན་དགའ་རྒྱལ་པོ་དང༌། དཔལ་འཛོམ་ཞེས་བྱ་བའི་བྱ་བྲལ་ཕོ་མོ་གཉིས་དབུས་གཙང་གི་གནས་སྐོར་ལ་འོངས་པའི་ལྷུམས་སུ་ཞུགས་ཏེ། རྟ་ནག་རྡོ་རྗེ་གདན་དུ་སླེབས་པ་ན་གླང་གི་ལོ་རྗེ་རིན་པོ་ཆེའི་སྙན་བརྒྱུད་བསྟན་པའི་བདག་པོར་འགྱུར་བའི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་བདག་ཉིད་ཆེན་པོ་འདི་ངོ་མཚར་བའི་ལྟས་དང་བཅས་འཁྲུངས་སོ། །དེ་ཡང་གྲུབ་ཆེན་འདི་ཉིད་ལ་རྒྱལ་བ་དབེན་ས་བ་ཆེན་པོས་གང་དུ་འཁྲུངས་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་ལས། བདེ་ཆེན་ཐུགས་རྗེས་འདུལ་བའི་དུས་ལ་གཟིགས། །སླར་ཡང་རིག་འཛིན་དབང་མོའི་ལྷུམས་སུ་ཞུགས། །རྡོ་རྗེ་གདན་མཚུངས་གྲུབ་པའི་གནས་མཆོག་ཏུ། །བསམ་བཞིན་བལྟམས་པ་ཁྱོད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ནས། དེ་ལྟ་བུའི་གཞོན་ནུ་དེ་ཡབ་ཡུམ་གཉིས་ཀྱིས་བསྐྱེད་བསྲེངས་པས་ཆུ་ནང་གི་པདྨ་ལྟར་སྐྱེ་དྲག་པར་གྱུར་ཏེ་དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ན་ཡབ་ཡུམ་གཉིས་ཀྱིས་སྲས་གཞོན་ནུ་དེ་ཁྲིད་དེ་སྔོན་གྱི་སྐྱེས་བུ་དམ་པ་རྣམས་གང་དང་གང་དུ་འཁྲུངས་པ་དང༌། གང་དང་གང་དུ་སྒྲུབ་པ་མཛད་པ་དང༌། གང་དང་གང་དུ་གྲུབ་པ་བརྙེས་པ་དང༌། གང་དང་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་དེ་དང་དེ་རྣམས་སུ་རིམ་གྱིས་རྒྱུ་ཞིང་སྨོན་ལམ་བཏབ་སྟེ་སོང་སོང་བ་ལས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྗེ་དང༌། འཇམ་མགོན་བླ་མའི་ཐུགས་བསྐྱེད་དང༌། དམ་ཅན་ཆོས་ཀྱི་རྒྱལ་པོ་སོགས་འཇམ་མགོན་བླ་མའི་བསྟན་སྲུང་རྣམས་ཀྱི་མཐུས་བསྐུལ་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་སོ། །

                   གཞོན་ནུ་བདག་ཉིད་ཆེན་པོ་དེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སང་ཕེབས་རྒྱུའི་དོ་ནུབ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་རྡོ་རྗེ་རྣལ་འབྱོར་མས་སང་ཉིན་རྗེ་རིན་པོ་ཆེའི་སྙན་བརྒྱུད་འཛིན་ནུས་པའི་སྐལ་ལྡན་ཞིག་འོང་བ་ཡོད་པས་རྗེས་སུ་བཟུང་ལ་རྗེ་རིན་པོ་ཆེའི་སྙན་བརྒྱུད་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པར་སྟོན་ཅིག་ཅེས་ལུང་བསྟན་བྱུང༌། སང་ཉིན་དེ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཐུགས་ལ་འཇམ་མགོན་བླ་མའི་སྙན་བརྒྱུད་ཀྱི་བསྟན་པ་འཛིན་ནུས་པའི་སྐལ་ལྡན་ཇི་འདྲ་ཞིག་འོང་སྙམ་དུ་སྒུག་ཅིང་བཞུགས་པ་ན་བྱ་བྲལ་བ་ཡབ་ཡུམ་གཉིས་སྲས་དང་བཅས་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གཟིགས་ལམ་དུ་ཕེབས་པ་ན་པཎ་ཆེན་ཆོས་ཀྱི་རྒྱལ་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པའི་བདག་ཉིད་ཆེན་པོ་དེ་ནི་བྱིས་པ་གཞོན་ནུ་འདིའོ་སྙམ་དུ་མཁྱེན་ནས་ཡབ་ཡུམ་དེ་གཉིས་ལ་བཟའ་བ་དང་བཏུང་བ་གྱ་ནོམ་པ་དང་གསེར་དང་དངུལ་དང་ཉེ་བར་མཁོ་བའི་ལུས་ཀྱི་ཡོ་བྱད་ལ་སོགས་པ་འཇིག་རྟེན་དང་མཐུན་པའི་གནང་སྦྱིན་དཔག་ཏུ་མེད་པ་གནང་ནས་ཁྱེད་གཉིས་ཀྱི་བུ་འདི་ང་ལ་བྱིན་ཅིག་ཅེས་བཀའ་སྩལ་བ་ན་ཡབ་ཡུམ་དེ་གཉིས་ཀྱིས་ཀྱང་དགའ་བཞིན་སྤྲོ་བཞིན་དུ་གུས་པས་ཕུལ། དེའི་ཚེ་རྒྱལ་སྲས་གཞོན་ནུ་དེ་ནི་བུ་ཕའི་གམ་དུ་སླེབས་པ་ལྟར་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ལ་རྩེ་གཅིག་དད་ཅིང་གུས་པས་ཞབས་དྲུང་དུ་འཁོད་ནས་ཚེ་འདིའི་ཕ་མ་སོགས་གཞན་གང་ཡང་སེམས་པར་མ་གྱུར་ཏོ། །དེ་ནས་པཎ་ཆེན་ཆོས་ཀྱི་རྒྱལ་པོས་རྒྱལ་སྲས་གཞོན་ནུ་དེ་ཁྲུས་བྱས། ཁྱིམ་པའི་རྟགས་ཆ་ལུགས་རྣམས་དོར། སྐྲ་བཅད། གོས་ངུར་སྨྲིག་བསྐོན་ནས་རབ་ཏུ་བྱུང་སྟེ་མཚན་ཆོས་ཀྱི་རྡོ་རྗེ་ཞེས་བཏགས་སོ། །

                  དེ་ནས་སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་མཐུ་ཅན་རྒྱལ་སྲས་གཞོན་ནུ་དེ་བརྡ་སྤྲོད་ཀྱི་གཙུག་ལག་སློབ་པ་སོགས་ལ་བལྟོས་པ་མེད་པར་ལམ་ཡོངས་རྫོགས་ལ་སློབ་ནུས་པའི་སྐལ་བ་ཅན་དུ་གྱུར་པ་ན་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་སྲས་གཞོན་ནུ་དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ་རྒྱལ་བ་སྲས་བཅས་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཏབ་སྟེ་རྒྱ་ལས་རྒྱ་ཡི་འབུར་འབྱུང་བ་བཞིན་དུ་རྒྱལ་སྲས་བདག་ཉིད་ཆེན་པོ་དེ་ལ་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་སྐྱེས་བུ་གསུམ་གྱི་ལམ་རྣམས་རིམ་གྱིས་རྒྱུད་ལ་འཁྲུངས་སོ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།