སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-16 10:14:19     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

16675322714572450.jpg

                       རབ་འབྱམས་ཆོས་ཀྱི་དགོངས་དོན་འབྱེ ད་པ་ལ། །མཁས་མང་དབུས་ན་རྒྱལ་མཚན་ཏོག་ལྟར་མཛེས། །དཔལ་ལྡན་ཀླུ་སྒྲུབ་གཉིས་པ་ཆོས་ཀྱི་རྗེ། །བཟང་པོའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ། སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་ནི་ལ་སྟོད་བྱང་གི་སའི་ཆ་ལྡོག་གཞུང་དུ་ཡབ་བྱང་པའི་དཔོན་རིགས་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་ཆུ་ཕོ་རྟའི་ལོ་སྐུ་འཁྲུངས་སྐུ་གཞོན་ནུ་ནས་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། རབ་ཏུ་བྱུང་ནས་རྗེ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱི་ཞབས་ལ་གཏུགས་ནས་དམ་པའི་ཆོས་མང་དུ་གསན་ཞིང་ཁྱད་པར་མཁས་གྲུབ་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ནས་མང་དུ་ཐོས་པའི་དོན་གཞུང་ལུགས་གདམས་པར་ཤར་བའི་མན་ངག་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསྒྲུབ་པ་སྙིང་པོར་བྱ་བར་བཞེད་དེ། མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་ཁྲིད་རྣམས་ལེགས་པར་གསན། དེ་ནས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་པ་ཐུགས་རྒྱུད་ལ་ཞུགས་ཤིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་ཏེ། གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་ལ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སྙན་བརྒྱུད་ཀྱི་མན་ངག་ཞལ་ཤེས་དང་བཅས་པ། གསང་བདེ་འཇིགས་གསུམ་གྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ། ཟབ་ལམ་གཅོད་ཀྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ། ལྷག་པར་རྗེ་ཐམས་ཅད་མཁྱེན་པ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་གནང་བའི་སྙན་བརྒྱུད་ཀྱི་མན་ངག་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་བསྒྲུབ་པའི་ཐབས་བླ་ན་མེད་པ་གསང་བ་ལས་ཀྱང་ཆེས་གསང་བ་རྣམས་ཡོངས་སུ་རྫོགས་པར་གསན་ཞིང༌། གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་བྱུང་བ་ལྟར་དགའ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་གནང་བའི་མཐར་སྤྲུལ་པའི་གླེགས་བམ་ཆེན་མོ་ཡང་གནང་སྟེ་རེ་ཤིག་ཆིག་བརྒྱུད་དུ་བཀའ་རྒྱས་བཏབ་བོ། །

                    དེ་ནས་ཆོས་རྗེ་འདི་ཉིད་ཀྱིས་གསང་ཕུའི་འཆད་ཉན་ཐོག་ཤས་ཤིག་མཛད། དེ་རྗེས་མ་འོངས་པའི་འབྱུང་འགྱུར་ལ་དགོངས་ཏེ་གཙང་གི་ལྷན་དུ་ཕེབས་ཏེ་བ་སོ་ལྷུན་གྲུབ་བདེ་ཆེན་བཟུང་ནས་གཙོ་བོར་བསྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་ཤིང་སྐལ་བ་དང་ལྡན་པ་གཞན་དག་ལའང་ཆོས་ཀྱི་བདུད་རྩི་སྩལ་བས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་ཏེ་བ་སོ་ཆོས་རྗེར་གྲགས། དེ་ནས་དབེན་གནས་གཞན་དུ་མར་ཡང་བསྒྲུབ་པ་སྙི ང་པོར་མཛད་ཅིང་སྐལ་ལྡན་མང་པོ་ལ་དམ་པའི་ཆོས་ཀྱི་དཀའ་དྲིན་སྩལ་ཏེ་ཤབས་སྟོད་སེང་གེ་རྩེ་དང་ཉེ་བའི་སའི་ཆར་རི་བོ་བདེ་ཆེན་ཞེས་པའི་དབེན་གནས་ཤིག་བཏབ་སྟེ་གནས་དེར་ཐུགས་དམ་གཙོ་བོར་མཛད་ཅིང་ཕྱོགས་དེའི་སྐྱེ་འགྲོ་མང་པོ་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་སྩལ། དེ་ནས་ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས་ད་ལྟ་དལ་བའི་རྟེན་བཟང་པོ་ཐོབ་སངས་རྒྱས་དངོས་སུ་བྱོན་ཡང་དེ་ཕན་ཆད་དུ་གསུང་དུ་མེད་ཅིང་སངས་རྒྱས་ཀྱི་ཞིང་གང་དུ་བཙལ་ཡང་རྙེད་པར་དཀའ་བ་རྗེ་བླ་མའི་སྙན་བརྒྱུད་མདོ་སྔགས་ཀྱི་མན་ངག་ཟབ་མོ་འདི་འདྲ་དང་ལན་ཅིག་མཇལ་བའི་སྐབས་འདིར་དོན་མེད་པའི་ཚེ་འདིའི་བྱ་བ་མཐའ་དག་སྤངས་ཏེ་སུས་ཀྱང་མཐོང་ཚོར་མེད་པ། ཁ་ཆེའི་ཡུལ་གྱི་ཡན་ལག་སེན་མོ་དོའམ། ལྷོ་ཕྱོགས་དཔལ་གྱི་རི་ལྟ་བུ་དབེན་པའི་གནས་ཁྱད་པར་ཅན་ཞིག་ཏུ་ཕྱིན་ལ་བསྒྲུབ་པ་མཐར་ཕྱིན་པ་དཔལ་ཤ་ཝ་རི་དང་མཚུངས་པ་ཞིག་བྱེད་སྙམ་པའི་འདུན་པ་ཤུགས་དྲག་པོ་འཁྲུངས་ཏེ། དེ་ལྟར་བྱེ ད་པར་བརྩམས་པ་ན་མནལ་ལམ་དུ་རྗེ་རིན་པོ་ཆེ་བྱོ ན་ནས་དགའ་ལྡན་གྱི་ཁྲི་ལ་འབྱོ ན་དགོས་པར་བསྐུལ་བ་དང༌། རྡོ་རྗེ་རྣལ་འབྱོ ར་མས་དགའ་ལྡན་གྱི་ཁྲི་ཐོག་ཏུ་བཞུགས་རིང་རྗེའི་སྙན་བརྒྱུད་ཀྱི་མན་ངག་འཛིན་པའི་སྐྱེས་བུ་འབྱུང་བར་ལུང་བསྟན་བྱུང༌།

                    དེའི་ཚེ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་དགའ་ལྡན་གྱི་གདན་སར་བཞུགས་པ་ལས་ཀུན་སྤངས་མཛད་བཞེད་དེ་གདན་སའི་འོས་བཙལ་བ་ན། དེའི་ཚེ་བཀྲ་ཤིས་ལྷུན་པོར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་བཟང་པོ་འཕྲིན་ལས་དབྱར་མཚོ་ལྟར་རྒྱས་པར་བཞུགས་པས་ཁྲི་རིན་པོ་ཆེས་གཙོས་དགའ་ལྡན་པའི་བླ་ཆེན་ཕལ་མོ་ཆེས་རྗེ་དགེ་འདུན་གྲུབ་ལ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་འབྱོན་དགོས་པར་གསོལ་བ་བཏབ་པས་རྗེ་དགེ་འདུན་གྲུབ་ཀྱིས་ཁོ་བོ་དགྲ་ཡུལ་དུ་དགྲ་མཁར་བརྩིག་དགོས་པ་ཡོད་པས་འདི་ཁ་རང་དུ་རྗེའི་བསྟན་པ་འཛིན་པ་ཡིན། ད་ལམ་མཁས་གྲུབ་རིན་པོ་ཆེའི་གཅུང་པོ་བ་སོ་ཆོས་རྗེ་འདི་ལུང་རྟོགས་ཀྱི་ཡོན་ཏན་གང་ས་ནས་གཞན་དང་མི་འདྲ་བས་དགའ་ལྡན་གྱི་ཁྲི་ལ་འདི་གདན་དྲངས་ན་ལེགས་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཇི་ལྟར་ལུང་བསྟན་པ་ལྟར་ཆོས་རྗེ་བློ་གྲོས་ཆོས་སྐྱོང་སོགས་ཚང་མས་ཆོས་རྗེ་འདི་པ་ཤབས་སྟོད་ནས་གདན་དྲངས་ཏེ། བཀྲ་ཤིས་ལྷུན་པོར་ཕེབས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་མཇལ་རྗེ་དགེ་འདུན་གྲུབ་ཀྱི་ཞལ་ནས་ད་ལམ་ཉིད་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གདན་སར་ཕེབས་པ་ལ་ངེད་ནས་ཕྱག་བགྱིད་པས་ཕྱག་ལན་མ་མཛད་ཅིག་ཅེས་བསྒོ་ནས་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་འཁོར་དང་བཅས་པས་ཕྱག་མཛད། དེ་ནས་རིམ་གྱིས་ཕེབས་ཏེ་རབ་བྱུང་བདུན་པའི་ཆུ་མོ་ལུག་གི་ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མངའ་གསོལ། དེ་ནས་འཇམ་མགོན་བླ་མའི་ཆོས་ཀྱི་རྒྱལ་སྲིད་བཟུང་སྟེ་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་རབ་བྱུང་བསྙེན་རྫོགས་དབང་ལུང་མན་ངག་མཐའ་ཡས་པ་སྩལ་ཞིང༌། ལྷག་པར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་འཇམ་མགོན་བླ་མའི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་རྒྱ་མཚོའི་གོས་ཅན་མ་ལུས་སྙན་པའི་གྲགས་པས་ཁྱབ་པར་གྱུར་ཏོ། །བ་སོ་ཆོས་རྗེ་འདི་ནི་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྙེས་ཤིང་ལྷག་པར་རྗེ་རིན་པོ་ཆེའི་སྙན་བརྒྱུད་བྱིན་རླབས་ཀྱི་བཀའ་བབ་གཞན་ལས་ཆེ་བ་ཞིག་སྟེ། གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས་པའི་ཞལ་ནས། ཁོ་བོ་ལ་གནས་རྙིང་པའི་རིགས་སུ་སྐྱེས་སྙམ་པའི་ང་རྒྱལ་མེད་ཀྱི་བ་སོ་ཆོས་རྗེའི་སློབ་མ་ཡིན་སྙམ་པའི་ང་རྒྱལ་ཡོད་གསུངས་ཏེ་གསུང་འདི་ལ་དཔྱད་ན་བ་སོ་ཆོས་རྗེ་འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་རྗེས་སུ་འཛིན་ནུས་པ་བྱིན་རླབས་ཀྱི་གཏེར་ཆེན་པོ་ཞིག་ཡིན་པར་ངེས་སོ། །

                    ཕྱག་རྗེས་སུ་དགའ་ལྡན་གྱི་གཙུག་ལག་ཁང་ཆེན་མོར་དྲི་གཙང་ཁང་གཏོད་དེ་རྒྱལ་བ་སེང་གེའི་ང་རོའི་སྐུ་རིན་པོ་ཆེ་ལས་གྲུབ་པ་ངོ་མཚར་རྨད་དུ་བྱུང་བ་དང༌། གདན་ས་པ་གོང་མ་རྣམས་ཀྱི་སྐུ་འདྲ་ཡང་བཞེངས་ཏེ་བཞུགས་སུ་གསོལ་བ་སོགས་ཆོས་ཟང་ཟིང་གཉིས་ཀའི་སྒོ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དར་རྒྱས་སུ་མཛད། ཁྱད་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པ་ལྟར་རིན་པོ་ཆེ་ལྟ་བུའི་གདུལ་བྱ་གསུམ་ལ་སྙན་བརྒྱུད་ཀྱི་མན་ངག་ལྐོག་ཆོས་སུ་མཛད་པས་ཟུང་འཇུག་གྲུབ་པའི་སློབ་མ་མཆེད་གསུམ་བྱུང་སྟེ། གྲུབ་ཆེན་ཆོས་རྡོ་རྗེ། སྟོད་ལུང་པ་དཔལ་ལྡན་རྡོ་རྗེ། ཁམ་པ་རྡོ་རྗེ་དཔལ་བ་གསུམ་མོ། །འདི་གསུམ་ནི་འཇམ་མགོན་བླ་མའི་བསྟན་པ་འདི་ལ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་གྲུབ་པའི་སློབ་མ་རྡོ་རྗེ་མཆེད་གསུམ་དུ་གྲགས་པ་སྟེ། འཇམ་མགོན་བླ་མའི་རྗེས་སུ་སློབ་པར་འདོད་པ་རྣམས་ལ་གདུལ་བྱ་རང་ངོས་ནས་ཉམས་ལེན་བྱུང་ཕྱིན་བསྟན་པ་འདི་ལ་འདི་ལྟ་བུའི་མཆོག་འགྲུབ་པའི་ཐབས་ཡོད་དོ་ཞེས་ཡིད་ཆེས་པའི་གནས་སུ་གྱུར་པ་ཡིན་པས་རྗེའི་རྗེས་འཇུག་རྣམས་ཀྱིས་ཚུལ་འདི་ངེས་པར་གོ་དགོས་པ་ཡོད་དོ། །ཟུང་འཇུག་གྲུབ་པའི་རྡོ་རྗེ་མཆེད་གསུམ་པོ་དེ་ལས་ཁམ་པ་རྡོ་རྗེ་དཔལ་བ་ནི་ཐོག་མར་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ལ་སྙན་བརྒྱུད་ཀྱི་མན་ངག་གསན་དུས་དང་དགེ་འཕེལ་དུ་བཞུགས་པའི་སྐབས་དང་རྗེས་སུ་ཁོང་རང་རྡོ་རྗེ་གསུམ་པོ་དེ་ཞལ་འཛོམ་པའི་སྐབས་འདྲ་ལས་སྐྱེ་བོ་ཐ་མལ་པ་གཞན་སུས་ཀྱང་མཐོང་ཚོར་གང་ཡང་མེད་པར་གྲུབ་པའི་གནས་མཆོག་གཞན་ཞིག་ཏུ་དཔའ་བོ་མཁའ་འགྲོའི་དབུས་སུ་བཞུགས་པའམ་དག་པའི་ཞིང་གཞན་ཞིག་ཏུ་བྱོན་པ་ཇི་འདྲ་ཞིག་ཡིན་ཡང་ལྗོངས་འདིར་ཆོས་ཀྱི་བཀའ་དྲིན་ཐོབ་པ་མངོན་ཆེ་བ་མ་བྱུང་ངོ༌། །སྟོད་ལུང་པ་དཔལ་ལྡན་རྡོ་རྗེས་སྐལ་བ་དང་ལྡན་པ་རེ་གཉིས་ལ་མན་ངག་གི་བདུད་རྩི་སྩལ་ཏེ་རྒྱལ་བ་དགེ་འདུན་རྒྱ་མཚོས་ཀྱང་ཟུང་འཇུག་གྲུབ་པའི་དཔའ་བོ་འདི་ལ་ཆོས་ཀྱི་བཀའ་དྲིན་ཐོབ་བོ། །གཞན་ཡང་ཞལ་མཇལ་ཞིང་གསུང་ཐོས་པ་ཁ་ཡར་བྱུང་སྣང་ངོ༌། །གྲུབ་ཆེན་ཆོས་རྡོ་རྗེ་ནི་རྗེ་བཙུན་འཇམ་པའི་དབྱངས་དང་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་སྤྲུལ་པའི་གླེགས་བམ་དང་བཅས་པའི་བདག་པོར་བཞུགས་ཏེ། གྲུབ་ཆེན་འདིའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ནི་ད་ལྟ་ཉིད་དུ་འཆད་པར་འགྱུར་རོ། །

                    དེ་ནས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་སྐུ་ཚེ་འདིའི་མཛད་པ་ཕལ་ཆེར་རྫོགས་པ་ན་རླུང་ལྟས་ལོག་པ་གཟིགས་ནས་ཆོས་རྗེ་བློ་གྲོས་བརྟན་པ་གདན་སར་བཞུགས་སུ་གསོལ་ནས་ཀུན་སྤངས་མཛད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་དགུང་ལོ་དོན་གཉིས་སུ་ཕེབས་པ་ཆུ་མོ་སྦྲུལ་གྱི་ལོའི་མཇུག་ལ་ཞིང་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙི ང་པོའི་ཞབས་དྲུང་དུ་ཕེབས་སོ། །རྗེ་བ་སོ་བ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་དུས་འཁོར་གྱི་བསྐྱེད་རྫོགས་ཀྱི་ཁྲིད། དབུ་མའི་ལྟ་ཁྲིད་ཆེན་མོ། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་མཛད། རྗེ་འདིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པས་སློབ་མ་བསྟན་འཛིན་དམ་པ་བགྲང་བ་ལས་འདས་པ་བྱོན་ཞིང་རྒྱུད་འཛིན་གྱི་གཙོ་བོ་ནི་ཟུང་འཇུག་གྲུབ་པའི་དཔའ་བོ་གྲུབ་ཆེན་ཆོས་རྡོ་རྗེའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས་ཤིང་རྗེ་འདིའི་རྣམ་ཐར་ལྟར་ལྟ་གྲུབ་གཙང་ཞིང་རྣམ་ཐར་གཙང་མ་རྒྱལ་བ་དགྱེས་པའི་ལམ་བཟང་པོ་ལ་བསྒྲུབ་པ་སྙིང་པོར་བྱ་བ་དང་དམ་ཉམས་དང་འཆལ་བ་དང་འདྲེས་ཁྱེར་དང་ཟོག་པོ་དང་བསྲེ་བསླད་སྤངས་ཤིང་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པའི་སྙན་བརྒྱུད་ཀྱི་མན་ངག་ཐོབ་པར་བྱས་ལ་མན་ངག་དེ་ལ་ནུས་པ་ཐོན་པ་ཞིག་བྱའོ།། །།

                                                                                                                               རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།