སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-13 19:54:12     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

 201758478122486169.jpg

                   ཚེས་བཅུ་བདུན་གྱི་ཉིན་པར་ཞལ་ཏ་ལ། སྒྲུབ་གསར་བའི་དབུ་མཛད་དེ་ལ་མིང་ཅི་ཟེར་གསུངས། མིང་ལ་གནས་བརྟན་བློ་བཀྲས་ཟེར་བ་ཡིན་ཞུས་པས། ཁོང་བོས་ནས་ཁྱེད་རང་རྣམས་བླ་མ་གོང་མ་རྣམས་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་གསོལ་འདེབས་མ་ཚང་བ་མེད་པ་ཞིག་གྱིས་གསུངས་པས། དེ་རིང་སྐུ་ཤེད་ཆེན་པོ་ཡང་མི་འདུག་པས་སྐུ་མདུན་དུ་བསྡད་ནས་སྐུ་ཤེད་ཆེར་སོང་བ་དང་སང་གདན་དྲངས་ནས་ཇི་ལྟར་གསུངས་པ་ལྟར་བྱས་ཆོག་པ་ཞུ་ཞུས་པས། དེ་རིང་གཅིག་བྱུང་ན་བསམ། སང་ནས་བྲེལ་འགོ་ཟུག་ནས་ཡོང་བ་ཡིན་གསུངས། བཅོ་བརྒྱད་ཀྱི་ཉིན་གང་སྟེང་དུ་ཉི་མ་ལ་ཕེབས་ཐུབ་པ་བྱུང༌། བཅུ་དགུའི་ནམ་ལངས་པ་དང་ཞིང་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །སེམས་དཔའ་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བྱང་ཆུབ་ལམ་རིམ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད། བློ་སྦྱོང་མཁས་པའི་ཡིད་འཕྲོག ལུང་གི་བང་མཛོད། དང་པོའི་བློ་སྦྱོང་ཡིད་བཞིན་ནོར་བུ་རྩ་བ་དང༌། དེའི་གཞུང་འགྲེལ་ནོར་བུའི་ཕྲེང་བ། ཐེག་པ་ཆེན་པོའི་བཟོད་པའི་བློ་སྦྱོང་ཕན་བདེའི་ཆར་འབེབས། བློ་སྦྱོང་གི་ཁྲིད་ཡིག་རྣམ་དག་གཙུག་གི་ནོར་བུ། ངན་སོང་སྒོ་གཅོད། ཐེག་པ་ཆེན་པོའི་བློ་སྦྱོང་ལྷན་ཐབས་མན་ངག་རབ་གསལ། སྐྱིད་སྡུག་ལམ་ཁྱེར་གྱི་གདམས་ངག་རིན་པོ་ཆེའི་སྒྲོན་མེ། བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལེགས་གདམས། ཐེག་པ་ཆེན་པོའི་བློ་སྦྱོང་རིགས་པའི་ཆུ་གཏེར། ཐེག་པ་ཆེན་པོའི་བློ་སྦྱོང་གི་ངོ་སྤྲོད་གསལ་བའི་སྒྲོན་མེ་རྩ་འགྲེལ་དཀའ་གནད་འཕྲོས་དང་བཅས་པ། བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་མཁས་པའི་མགུལ་རྒྱན། བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པ་རྩ་འགྲེལ། བླ་མའི་རྣལ་འབྱོར་གྱི་ཟུར་འདེབས་ཉེར་མཁོ།བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གཞན་ཕན་སྙིང་པོའི་ཟུང་འཇུག་རིན་པོ་ཆེ།བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་སྙན་བརྒྱུད་ནོར་བུའི་ཕྲེང་བ། ལེགས་པར་བཤད་པ་ཉོན་མོངས་གདུང་སེལ། རྗེ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་དད་པའི་ཆུ་རྒྱུན། རྒྱ་མ་བ་ཁུ་དབོན་གྱི་རྣམ་ཐར་དད་པའི་ཆུ་རྒྱུན། མན་ངག་བདུད་རྩིའི་ཐིགས་པ། ཕྱག་ཆེན་སྙིང་པོ་རབ་གསལ།ལེགས་བཤད་ཆོག་ཤེས་ལམ་སྟོན། གྲོས་འདེབས་བདུན་ཅུ་མ། རང་གཞན་གྱི་སྙན་བསྐུལ་རིང་མོ། བཤེས་གཉེན་ལ་ཞུ་འབུལ་མ། ཆོས་གཞས་རྐང་བྲོ་མ། དབེན་པའི་གཏམ་བརྗོད་པ། སྒོམ་དོན་སྙིང་པོ། བླ་མའི་རྣལ་འབྱོར་དངོས་གྲུབ་ཆར་འབེབས། གེགས་སེལ་ཡིད་བཞིན་ནོར་མཆོག ཆགས་པ་མེད་པའི་གཏམ། བསམ་གཏན་གནད་ཀྱི་ཉམས་ལེན། རང་ལ་གྲོས་སུ་འདེབས་པ། འདོད་ཡོན་ལ་སྲེད་པ་འགོག་པའི་གཏམ་དགྲ་འཇོམས། ཨང་ཡིག་བཞི་བཅུ་མ། བས་མཐའི་བསྔགས་པ་བརྗོད་པ་ནོར་བུའི་ཕྲེང་བ། གྲོས་འདེབས་སྙིང་གི་བདུད་རྩི།གྲོས་འདེབས་ཉེར་བདུན་མ། ཞལ་གདམས་དྲི་བ་མ། གྲོས་འདེབས་བདེ་བ་རབ་སྦྱིན་མ། གཅིག་པུར་དགའ་བའི་གཏམ། གྲོས་འདེབས་ཉམས་མྱོང༌། གྲོས་འདེབས་སྙིང་གི་མུན་སེལ། ལེགས་བཤད་མཁས་པ་དགའ་བྱེད། ཉམས་ལེན་ངོས་འཛིན་གྱི་གདམས་པ། གྲོས་འདེབས་ལེགས་བཤད་སྙིང་པོ། གྲོས་འདེབས་གླུ་རུ་བླངས་པ། ལུས་ལ་ཡིད་འབྱུང་བར་བྱེད་པའི་གཏམ། འགལ་རྐྱེན་ལམ་དུ་སློང་བའི་གླུ། རྐྱེན་དང་སྲེ་བའི་ཉམས་ལེན་བྱེད་ཚུལ། རང་ལ་གྲོས་འདེབས་སྙིང་གཏམ། གྲོས་འདེབས་བཅུ་གཉིས། ལེགས་བཤད་བསོད་སྙོམས་བསྔགས་པ། སྙོམས་ལས་ཚར་གཅོད། ཕན་བདེའི་ལམ་སྟོན། མཁས་པ་བརྟག་པའི་རབ་ཏུ་བྱེད་པ། རང་གཞན་ཆོས་ལ་བསྐུལ་བའི་གཏམ། ཇ་དཀར་འགེགས་པའི་གཏམ་སྨྱོ་ཆུ་སུན་འབྱིན། གྲོས་འདེབས་རིན་ཆེན་ཕྲེང་བ། ལེགས་བཤད་གནད་ཀྱི་དོན་སྟོན། གྲོས་འདེབས་རིན་ཆེན་འོད་འབར། སྦྱིན་པའི་ལེགས་བཤད་ཀྱི་གཏམ། ལེགས་བཤད་ཉོན་མོངས་གདུང་སེལ། གདམས་ངག་རིན་ཆེན་ཕྲེང་བ། ལེགས་པར་བཤད་པ་ཞེན་འཁྲིས་ཀུན་གཅོད། འཆི་བདག་འཇོམས་མ། བཅོམ་ལྡན་འདས་ལ་བསྟོད་པ་ཟབ་དོན་རབ་གསལ།ཐེག་པ་ཆེན་པོའི་བློ་སྦྱོང་གཞན་དོན་དོན་གཉེར་གྱི་གདམས་པའི་རྩ་བ། ཐེག་པ་ཆེན་པོའི་བློ་སྦྱོང་གཞན་དོན་དོན་གཉེར་གྱི་འགྲེལ་པ་ཐེག་ཆེན་རབ་གསལ །གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ་སྨོན་ལམ་དུ་བྱས་པ། སྨོན་ལམ་རིན་ཆེན་ཕྲེང་བ། རྣལ་འབྱོར་བླ་ན་མེད་པའི་རིམ་གཉིས་དང་འབྲེལ་བའི་སྨོན་ལམ། བར་གཅོད་བཟློག་པའི་སྨོན་ལམ། ཐེག་ཆེན་རྩེའི་གཙུག་ལག་ཁང་ལྷ་རྟེན་དང་བཅས་པ་གྲུབ་པ་ན་མཆོད་པ་དང་སྨོན་ལམ་ལྷན་ཅིག་ཏུ་བྱས་པ། དྲིལ་བུ་རིམ་ལྔའི་སྨོན་ལམ་བསྡུས་པ། དཔལ་འཁོར་ལོ་བདེ་མཆོག་དང་དུས་ཀྱི་འཁོར་ལོའི་རྫོགས་རིམ་གྱི་སྨོན་ལམ་བསྡུས་པ་རེ། ལམ་འབྲས་ཀྱི་བསྐྱེད་རྫོགས་ཀྱི་སྨོན་ལམ། བརྟག་གཉིས་ཀྱི་སྨོན་ལམ་བསྡུས་པ། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་སྨོན་ལམ། ཨོ་རྒྱན་བསྙེན་བསྒྲུབ་ཀྱི་སྨོན་ལམ། ཐེག་པ་ཆེན་པོའི་བློ་སྦྱོང་བྱང་སེམས་དོན་གཉེར། བློ་སྦྱོང་དགྲ་ཟུན་ཤན་འབྱེད། བློ་སྦྱོང་དགོངས་པ་རབ་གསལ།བློ ་སྦྱོང་དོགས་སེལ། བློ་སྦྱོང་ལག་ལེན་རབ་གསལ། བློ་སྦྱོང་ཐེ་ཚོམ་ཀུན་སེལ།ལེགས་ཤད་ངེས་དོན་རབ་གསལ། ལས་དང་ཉོན་མོངས་རྣམ་པར་བཤད་པ་བླང་དོར་རབ་གསལ། སྟོབས་ཁྱད་སྟོན་པ་སྟེ་དགུ། རྗེ་ལ་བསྟོད་པ་རིན་ཆེན་སྒྲོན་མེ་ལ་སོགས་པའི་བསྟོད་ཚོགས་དང༌། ཆབ་ཤོག་སྣ་ཚོགས། དོན་དམ་བྱང་སེམས་ཀྱི་བློ་སྦྱོང་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བྱིན་རླབས་མྱུར་འཇུག བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་བཅོམ་ལྡན་འདས་ལ་བསྟོད་པ་རིན་པོ་ཆེའི་བང་མཛོད། སྟོན་པ་ལ་བསྟོད་པ་ཟབ་མོ་སྤྲོས་མེད། བཅོམ་ལྡན་འདས་ལ་བསྟོད་པ་དངོས་གྲུབ་ཀུན་འབྱུང༌། བཅོམ་ལྡན་འདས་ལ་བསྟོད་པ་ཟབ་དོན་རབ་གསལ། སྟོན་པ་ལ་བསྟོད་པ་ལྟ་ངན་མུན་སེལ། བཅོམ་ལྡན་འདས་ལ་བསྟོད་པ་ཟབ་མོ་རྟོགས་པའི་ཚད་དེ་བསྟོད་པ། ཆོས་སྤྱོད་ཀྱི་རིམ་པ། འདུལ་བའི་ལས་ཆོག་སྡོམ་ཚིག ཐིག་རྩ། རྨི་ལམ་བརྟག་པ །ཐེག་ཆེན་རྩེའི་བཅའ་ཡིག་དང་རྟེན་བཤད། མངོན་བརྗོད་བསྡུས་པ། གསུང་རབ་ལ་གུས་པ་བསྐྱེད་པའི་ཐབས་གསུང་རབ་གསལ་བྱེད། སྣོད་རུང་གསལ་བྱེད་ཉི་མའི་འོད་ཟེར། རིན་ཆེན་སྒང་གི་བློ་སྦྱོང་དོན་བདུན་མ། མངོན་རྟོགས་རྒྱན་གྱི་སྙིང་པོ་བསྡུས་པ་རྒྱས་བསྡུས། སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན། བཤེས་སྤྲིང་གི་བསྡུས་དོན་དགོངས་པ་རབ་གསལ། དབུ་མའི་ལྟ་ཁྲིད་ཟབ་ལམ་མཐར་ཐུག སྲིད་ཞི་མཉམ་ཉིད་ཀྱི་ལྟ་ཁྲིད་རྩ་བ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་ལ་གནང་བ་དང་བླ་མ་དབུ་མ་པ་ལ་གནང་བ། དེ་དག་གི་དོན་ཉམས་སུ་ལེན་ཚུལ་ཁྲིད་ཡིག གསང་བ་བླ་ན་མེད་པ་ཟབ་མོའི་གཏམ་བརྗོད་པ། དབུ་མའི་ཉམས་ལེན་ལྟ་ངན་མུན་སེལ་རྩ་འགྲེལ། དབུ་མའི་ལྟ་ཁྲིད་ཆེན་མོ། རྣམ་འགྲེལ་ལ་བརྟེན་པའི་ལྟ་ཁྲིད། གྲུབ་མཐའ་རྣམ་པར་དབྱེ་བ་ཞེས་བྱ་བ་གྲུབ་མཐའ་ལ་བརྟེན་པའི་ཆགས་སྡང་འགོག་ཕྱིར་ཐམས་ཅད་ལ་ལེགས་ཕྱོགས་ནས་བསྔགས་པ། འདུལ་བའི་བསླབ་བྱ་ཆེ་བ་གཞན་ཕན་སྙིང་པོ། དགེ་ཚུལ་གྱི་བླང་དོར་གསལ་བྱེད། དུས་དྲན་བྱེད་ཚུལ། འདུལ་བའི་བསླབ་བྱ་བསྡུས་པ་གཞན་ཕན་འོད་ཕྲེང༌། བསླབ་བྱ་གནང་བཀག་རབ་གསལ། བསྙེན་གནས་ཀྱི་ཆོ་ག་རྒྱས་པ་དངོས་གྲུབ་རྒྱ་མཚོ།ལེགས་པར་བཤད་པ་མི་ཆོས་གནད་ཕྲེང༌། ལེགས་པར་བཤད་པ་རིན་པོ་ཆེའི་འབྱུང་གནས་ལུང་གི་བང་མཛོད། འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་སྙན་བརྒྱུད་བདེ་ཆེན་རྒྱ་མཚོ།བདེ་མཆོག་ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་སྙིང་པོ་སྒོམ་ཚུལ། བདེ་བར་གཤེགས་པའི་སྐུའི་རྟེན་བསྒྲུབ་ཚུལ་དང་དེའི་ཕན་ཡོན་བསྟན་པ་རིན་པོ་ཆེའི་ཕུང་པོ། མཆོད་རྟེན་གྱི་ཚད་སྟོན་པ་ལེགས་བཤད་གསེར་གྱི་ཕྲེང་བ། རྙིང་མ་དང་བོན་གྱི་རྣམ་གཞག་དང༌། བོན་གྱི་འདོད་ཚུལ་རགས་པ། སྨོན་སེམས་སྐྱབས་འགྲོའི་བསླབ་བྱ། གཤིན་པོ་དམན་མཆོག་ལ་ཕན་གདགས་ཚུལ། འཇིག་རྟེན་བྱ་བའི་རྣམ་པར་བཤད་པ་མཁས་པའི་ཡིད་འཕྲོག རང་ཉིད་ཀྱི་རྟོགས་པ་བརྗོད་པ་མདུན་ལེགས་མ་རྣམས་མཛད་དེ། ལེགས་བཤད་འདི་དག་ནི་དཔལ་ཨ་ཏི་ཤ་དང་རྒྱལ་བ་ཙོང་ཁ་པའི་མན་ངག་ལ་བསྲེ་བསླད་ཕྲ་མོའང་མ་ཞུགས་པ། རྒྱལ་བ་དགྱེས་པའི་ལེགས་བཤད་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ལ་ཤིན་ཏུ་མཁོ་བའི་མན་ངག་གཅེས་བསྡུས་ཤ་སྟག་སྣང་ངོ༌། །

                    སེམས་དཔའ་ཆེན་པོ་འདིའི་རྣམ་ཐར་རྒྱས་པར་སྤྱན་སྔ་བློ་གྲོས་འཇིགས་མེད་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཞུགས་པས་དེ་ལས་ཤེས་པར་བྱའོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ལ་གསོལ་བ་ཤུགས་དྲག་ཏུ་འདེབས་ཤིང་དམ་པ་དེ་ཉིད་ཀྱི་རྣམ་ཐར་ལྟར་ཆོས་བརྒྱད་ཀྱི་འཆིང་བ་ཕྲ་མོས་ཀྱང་མ་གོས་པར་དབེན་པའི་གནས་སུ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་སྙིང་པོར་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་ཅིང་ཐ་ན་སྨོན་ལམ་གྱི་ཡུལ་ཚུན་ཆད་དུ་བྱས་ཏེ་བག་ཆགས་ཅི་ཐེབས་བྱའོ།། །།

 

                                                                                                                              རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།