གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-13 19:44:23     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

90826978328408125.jpg

                      སློབ་དཔོན་བཟང་སྐྱོང་བའི་ཞལ་ནས་རྗེ་རིན་པོ་ཆེའི་རྗེ་བཙུན་འཇམ་པའི་དབྱངས་གཟིགས་དུས་སྐུའི་གཟི་བརྗིད་ཆེན་པོ། གསུང་ཆེར་མི་འབྱོན་པ་དེ་འདྲ་ཞིག་ཡོད་པར་སྣང༌། བླ་མ་རིན་པོ་ཆེ་འདི་པའི་གསུང་དེ་ཡང་ཡང་འབྱོན་པ་ཞིག་ཡོད་པར་སྣང་གསུངས། དེ་ལྟར་བླ་མ་བདག་ཉིད་ཆེན་པོ་འདི་ལུང་དང་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་བརྙེས་ཀྱང༌། སྤྱིར་ཡོན་ཏན་ཐམས་ཅད་ཤེས་རབ་ལ་རག་ལུས་པ་དང༌། ཁྱད་པར་སྲིད་པའི་རྩ་བ་གཅོད་པ་ཤེས་རབ་ཉིད་ལ་རག་ལུས་ཤིང༌། ཤེས་རབ་ཀྱང་ཐོས་པ་ལས་འབྱུང་བར་དགོངས་ནས་ལེགས་པར་བཤད་པ་འཚོལ་བ་ལ་ངལ་བ་མེད་པའི་བརྩོན་འགྲུས་མཛད། དེ་ལྟར་རྒྱུ་ཚོགས་ཚང་བའི་ཉམས་ལེན་ལ་འབད་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཐམས་ཅད་ཐུགས་རྒྱུད་ལ་འཁྲུངས།ངན་སོང་དུ་མི་སྐྱེ་བ་ལ་སོགས་པའི་གདེངས་ཚད་ཆེན་པོ་རྙེད་པར་སྣང་སྟེ་དད་ལྡན་འགའ་ཞིག་གིས་བླ་མ་འདི་པ་ལ། དེ་ལྟ་བུའི་བསྒྲུབ་པ་དར་དྲག་ལ་ཡུན་རིང་བ་མཛད་པས་རྟོགས་པ་ཁྱད་པར་ཅན་ཞིག་བརྙེས་ལས་ཆེ་ཞེས་ཟུར་གྱིས་ཞུས་དུས། གཞན་ཡོན་ཏན་ཅང་ཡང་མེད་ཕྱི་མ་ངན་སོང་དུ་མི་སྐྱེ་ཐག་ཆོད་སྙམ་པ་འདི་ཡོད། ན་ནིང་འཆི་ལ་ཁད་པ་ཞིག་བྱུང་དུས་རླུང་སྡུད་ལུགས་ལ་བརྟགས་ན་ཡང་ངན་སོང་དུ་འགྲོ་བའི་རླུང་སྡུད་ལུགས་མི་སྣང་གསུངས། མདོ་སྔགས་ཀྱི་ཆོས་ཀྱི་གནད་ལ་རྒྱུས་ཆུང་བ་ཅི་རིགས་ཀྱི་བློ་ལ་ངན་སོང་དུ་མི་སྐྱེ་བའི་གདེངས་འདྲ་བ་ཁམ་ཆེ་རྒྱུ་མེད་སྙམ་པ་འོང་སྟེ་གསུང་རིས་འདི་དག་ལ་རྒྱལ་བའི་བཀའ་དང༌། ཤིང་རྟ་ཆེན་པོའི་གཞུང་ལ་འདྲིས་པའི་མཁས་པ་དག་གིས་བརྟགས་ན་བསམ་གྱིས་མི་ཁྱབ་པའི་རྟོགས་པ་མཐོན་པོ་མངའ་བའི་རྟགས་ཏེ། དེ་ཡང་ངན་འགྲོའི་སྡུག་སྔལ་རྒྱུ་བཅས་ནི་མཐོང་སྤངས་ཡིན་པར་ཤིང་རྟ་ཆེན་པོའི་གཞུང་ལས་བཤད་ལ། དེས་ན་ངན་སོང་གི་སྡུག་བསྔལ་རྒྱུ་བཅས་སྤངས་པ་ནི་མཐོང་ལམ་ཐོབ་པ་ཡིན་པ་དང༌། སྤངས་པ་མིན་ཡང་ངན་སོང་དུ་མི་སྐྱེ་བའི་གདེང་ཐོབ་པ་ནི། བཟོད་ཐོབ་ངན་སོང་ཡོང་མི་ལྟུང༌། ཞེས་གསུངས་པ་ལྟར་སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྟུང་པའི་གདེང་ཐོབ་པ་ཡིན་པས་བླ་མ་བདག་ཉིད་ཆེན་པོ་འདི་ནི་རྒྱུད་ཚོད་དེ་ཙམ་དུ་ཕེབས་པའོ། །

                   དེས་ན་ཐེག་པ་ཆེན་པོའི་ཚོགས་ལམ་ཆེན་པོ་ཐོབ་པའི་ཚེ་ན་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སྟེ་མཆོག་གི་སྤྲུལ་སྐུའི་ཞལ་མངོན་སུམ་དུ་མཐོང་བ་དང༌། དཔག་ཚད་བརྒྱ་ཚུན་ཆད་ཀྱི་རྡུལ་ཕྲ་རབ་ཡན་ཆད་ཀྱི་གཟུགས་མཐའ་དག་མངོན་སུམ་དུ་མཐོང་བ་དང༌། སྲོག་ཆགས་གྲོག་སྦུར་ཚུན་ཆད་ཀྱི་སེམས་ཀྱི་རྒྱུ་བ་ཤེས་པ་སོགས་མངོན་པར་ཤེས་པ་དང༌། གཟུངས་དང་སྤོབས་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གསུངས་ན། ཐེག་པ་ཆེན་པོའི་སྦྱོར་ལམ་ཐོབ་པའི་ཚེ་དེ་ལས་བརྒྱ་འགྱུར་གྱིས་ལྷག་པའི་ཡོན་ཏན་ཐོབ་དགོས་སོ། །དོན་འདི་འདྲ་ལ་དགོངས་ནས། དགེ་བའི་བཤེས་གཉེན་སྙུག་རུམ་པ་ཆེན་པོས། ངས་ཐེག་ཆེན་ཚོགས་ལམ་ཆེན་པོའི་ཡོན་ཏན་གསང་བ་ཞིག་བཤད་ན། ད་དེ་ལས་ལྷག་པའི་སངས་རྒྱས་ལ་ཡོན་ཏན་ཇི་ལྟ་བུ་ཡོད་སྙམ་པ་འོང་གསུངས། དེ་ལྟར་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་འདིས་འཇམ་མགོན་བསྟན་པའི་སྒྲུབ་བརྒྱུད་ཀྱི་ཆུ་འགོ་བཙུགས་ཏེ། རྗེ་བླ་མའི་བཤད་བསྒྲུབ་ཀྱི་བསྟན་པ་ཆུ་ཀླུང་ཆེན་པོ་གང་གཱ་ལྟར་ནམ་ཡང་རྒྱུན་འཆད་པ་མེད་པའི་རྟེན་འབྲེལ་བསྒྲིགས། ཐུབ་པའི་བསྟན་པ་རིན་པོ་ཆེ་ནམ་ཡང་མི་ནུབ་པའི་རྒྱལ་མཚན་བཙུགས། སྲས་ཀྱི་ཐུ་བོ་སྙན་བརྒྱུད་འཛིན་པའི་བཀའ་བབ་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་སྤྲུལ་པའི་གླེགས་བམ་དང་བཅས་པ་གཏད། ཐུགས་ཀྱི་སྲས་མཆོག་སྤྱན་སྔ་བློ་གྲོས་རྒྱལ་མཚན་སོགས་བསྟན་འཛིན་དམ་པ་མང་པོ་ལ་མདོ་སྔགས་ཀྱི་མན་ངག་རྣམས་རྒྱ་ཆེར་སྤེལ་ཏེ་སྐུ་ཚེ་འདིའི་མཛདཔ་ཕལ་ཆེར་རྫོགས་པ་ན་དཔའ་བོ་གཡུལ་ལས་རྒྱལ་བའམ་ཚོང་པ་ཁེ་སྤོགས་གྲུབ་པ་ལྟར་དལ་བའི་རྟེན་ལ་སྙིང་པོ་ནི་བླངས། སྐུ་ཚེ་འདིར་བསྒྲུབ་དགོས་པ་ཐམས་ཅད་ནི་རྫོགས། རྗེ་བླ་མ་གང་དུ་བཞུགས་པའི་ཞིང་ཁམས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་པར་དགོངས་ཏེ། དགུང་ལོ་བདུན་ཅུ་རྩ་གསུམ་བཞེས་པ་ས་ཕོ་སྤྲེའུའི་ལོ་དེ་ཡང་སྔ་སོར་ཟླ་བ་གཉིས་པ་ལ་བསྒྲུབ་མཆོད་རེ་མཛད་ཅིང་དུས་ཀྱང་ཚེས་ལྔ་དྲུག་ནས་འཛུགས་པ་ཡིན་ནའང༌། དེ་ལོ་ཟླ་བ་དང་པོ་ལ་བཙུགས།དེ་ཡང་ཚེས་གཅིག་རང་ནས་ཚོགས་གསུངས་ནས་བཙུགས་པའི་ཉིན་རང་བདེ་བར་གཤེགས། དེའི་ཚེ་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །སྐུ་གདུང་ནི་རིལ་པོར་སྤང་ས་བ་རྣམས་ཀྱིས་དད་པའི་རྟེན་དུ་གསེར་འབུམ་བཞེངས་ཏེ་བཞུགས་ནས་གསོལ་བ་འདེབས་པའི་རྟེན་དུ་བཞུགས་སོ། །རྗེ་གྲུབ་པའི་དབང་ཕྱུག་འདི་ལ་རྗེ་རིན་པོ་ཆེའི་སློབ་མ་ཕལ་ཆེར་གྱིས་གུས་འདུད་མཛད་པས་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་རྒྱུད་འཛིན་གྱི་གཙོ་བོ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པ་སྙན་བརྒྱུད་བསྟན་པའི་བདག་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། རྒྱལ་སྲས་དཔའ་བོ་སྤྱན་སྔ་བློ་གྲོས་རྒྱལ་མཚན་གཉིས་སོ། །

                                                                                                                                  རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།