གྲུབ་པའི་དབང་ཕྱུག་སཇམ་དཔལ་རྒྱ་མཚོསི་རྣམ་ཐར་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-13 19:06:07     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

28363811256457924.jpg

                      དེ་དུས་ཕག་མོ་གྲུབ་པའི་མི་དཔོན་ཆེན་པོ་རྣམས་དང༌། ཁྱད་པར་འོལ་ཁ་རྫོང་དཔོན་གྱིས་རང་རང་གི་བསྟི་གནས་སུ་སྤྱན་འདྲེན་པའི་ཞུ་བ་དང༌། དབེན་གནས་ཀྱང་སོ་སོས་གང་བཞེད་འབུལ་བས་ཕེབས་པའི་ཞུ་བ་ཕུལ་དུས་ང་དབེན་གནས་འདིར་སུ་གང་གིའང་ངོ་འཛིན་བྱེད་མི་དགོས་འཚོ་བའང་མཐའ་གཉིས་བྲལ་བར་སྤྱོད་པ་འདི་བསྐྱུར་ནས་དེ་ན་ཕར་ཅི་བྱེད། ཁོང་ཚོའི་ཞབས་ཏོག་དེ་འདྲས་མི་འཚེངས་པར་སྲོག་ཁག་འཁུར་དགོས་པ་འོང་གསུངས་ནས་ཕེབས་མ་བཞེད་ལན་ཅིག་དགེ་བསྙེན་ཞིག་ན་རེ། དྲུང་ནས་མི་རྣམས་མཇལ་དུ་འོངས་པ་ན་བཀའ་བཀྱོན་རེ་བྱོན་བཏང་བས་དགའ་འོང་བར་འདུག ད་ར་ཁ་ཆེ་མཇལ་དུ་བྱུང་བ་ལའང་ཁྱོད་འབྲི་ཁུང་བའི་ས་ཁོག་འདིར་ཕྱི་དཀྲུག་ནང་དཀྲུག་ཡོ་བྱེད་པར་སྣང་གསུངས་ནས་བཀྱོན་པས། ཁོང་དྲུང་ནས་ང་ལ་ཐུགས་ཚ་ལ་སྦྱར་བའི་གསུང་བྱོན་ཟེར་གྱིན་དགའ་ནས་སོང་ཞུས་པས།ངས་སུ་གང་གིའང་ངོ་འཛིན་མ་མྱོང་བ་ཡིན་གསུངས། དེ་ལྟར་ཆགས་སྡང་དགྲ་གཉེན་གྱི་ཕྱོགས་རིས་མི་མངའ་བས་འདི་འདྲ་ཞིག་དང་འཐབ་རྩོད་ཁོན་འཛིན་འདུག་ཅེས་པ་དེ་དུས་ཀྱི་སྐྱེ་བོ་སུས་ཀྱང་མ་ཚོར། སྡུག་བསྔལ་དང་དཀའ་སྤྱད་ལ་བཟོད་པའི་མཐུ་ཆེ་བས་དུས་ཐམས་ཅད་དུ་མགོ་འམ་གོས་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་རྩོམ་པར་མཛད། ཚོགས་ཆོས་སོགས་གསུང་བར་ཞུས་དུས་ཆོས་ང་རང་ལ་འཆད་དགོས་པར་འདུག ཐོག་མར་མི་ལ་སྙིང་རྗེ་བྱེད་པ་བས་རང་ལ་སྙིང་རྗེ་བྱེད་དགོས་པ་འདུག་གསུངས་ནས་ཚིག་གསུངས་ཚད་གོ་རྒྱུ་ཆེ་བ་དོན་འདྲིལ་བ་ཆོས་མི་འཆད་གསུངས་ཡང་གསུངས་ཚད་ཆོས་ཀྱི་གནད་ཟབ་དགུ་འབའ་ཞིག་ཏུ་འོང་བ།གསུང་གང་འབྱོན་ཡང་རྡོ་བཅག་པའི་འཕྲོ་བཞིན་དུ་སླར་ལྡོག་ཏུ་མེད་པ་ཞིག་འོང༌། ཁྱད་པར་དུའང་སྔགས་ལ་དམ་དོག་ཆེ་བར་མཛད། བདག་ཉིད་ཆེན་པོ་འདི་ཐུགས་ཀྱི་དཔྱད་པ་གཞན་དང་མི་འདྲ་བ་མངའ་བས་རྗེ་རིན་པོ་ཆེས་ཀྱང་བླ་མ་འདིའི་ཞུ་འབུལ་སོགས་ལ་བོས་མཛད་པ་ཡིན་པར་སྣང་ན་གཞན་གྱིས་ལྟ་ཅི་སྨོས། རྗེའི་སྐུ་མདུན་དུ་གཤིབས་པའི་བཤེས་གཉེན་ཅི་རིགས་ལའང་སྡེ་བན་ཚོ་གསུང་གིན་བཀའ་བཀྱོན། ཁོང་ཚོ་ཤེས་རབ་ཆེ་སྟེ་ང་དད་པ་ཆེ་ཞེས་གསུངས། གཞན་ཡང་ཕྱག་རྫས་ཅི་བྱུང་ཡང་གསོག་པ་ཡེ་མི་མཛད། གཞན་གྱི་བཞིན་ཐབ་ཁ་དང་བཟའ་བཏུང་ལ་གཏོང་བ་ཡེ་མི་མཛད་པར་དགེ་ཕྱོགས་སུ་གཏོང༌། འཕྲལ་དུའང་སྐྱེ་བོ་ཐམས་ཅད་རླག་པར་བྱེད་པའི་རང་བཞིན་ཅན་འདོད་པའི་ཉེས་དམིགས་ཁོ་ན་གསུངས་པར་མཛད། དྲི་བ་ནི་རྗེ་བཙུན་འཇམ་དབྱངས་ལ་ཅི་བཞེད་ཞུས་པས་ཆོག་པ་དང༌། རང་ཉིད་ཡོན་ཏན་ལ་མངའ་བརྙེས་པས་ནད་གདོན་བར་ཆད་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པ་དང་གཞན་དབང་དུ་སྡུད་པ་དང༌། དྲག་པོའི་ལས་སོགས་ཇི་ལྟར་བཞེད་པ་བཞིན་འགྲུབ་པས་རྗེ་རིན་པོ་ཆེ་དང༌། ཆོས་རྗེ་འདུལ་བ་པ་སོགས་ཀྱིའང་སྐུ་ཚེ་བསྲིང་བའི་ཆོ་ག་དང༌།  སྐུ་རིམ་ཇི་ལྟར་བསྒྲུབ་པ་སོགས་ཐམས་ཅད་བླ་མ་རིན་པོ་ཆེ་འདི་ཉིད་ཀྱིས་ལུང་སྟོན་ཅིང་གཞན་ཡང་བསྟན་པ་ལ་ཕན་པའི་བཤེས་གཉེན་ཅི་རིགས་ལའང་ལུང་སྟོན་པ་དང༌། དོན་ཆེན་པོར་འགྱུར་བར་སྣང་ན་ཁྱིམ་པ་ཅི་རིགས་ལའང་ཕན་ཐོགས་མཛད། ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་སྡོམ་པ་གསུམ་གྱི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་སྤྱན་གྱི་འབྲས་བུ་བཞིན་དུ་བསྲུང་བར་མཛད། དུས་ཐམས་ཅད་དུ་བརྗེད་པ་མེད་པའི་དྲན་པ་ཁྱད་པར་ཅན་མངའ་ཞིང་མཉེལ་བའི་རྒྱུ་འདུ་འཛི་དང་རྣམ་གཡེང་རྒྱང་རིང་དུ་སྤངས་ཏེ་དུས་ཐམས་ཅད་དུ་སྒོ་གསུམ་གྱི་སྤྱོད་པ་ལ་སོ་སོར་རྟོག་པར་མཛད། ཟླ་བ་བྱུང་ངོ་ཅོག་གི་ཕྱེད་ན་ཁྱད་པར་དུའང་སྒོ་གསུམ་གྱི་བྱ་བ་ལ་བརྟགས་ནས་ཉེས་པ་བྱུང་བ་ཐམས་ཅད་ལ་མཐོལ་བཤགས་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་སྡོམ་སེམས་བཏང་ནས་གསོ་སྦྱོང་བྱ་བའི་ཚུལ་ནམ་ཡང་མ་འཆག་པར་མཛད་པས་བླང་དོར་ལ་གཡེལ་བའི་བག་མེད་པ་ནི་མི་མངའ། དེ་ལྟར་སྡོམ་པ་གསུམ་ལ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་དྲི་མ་དང་བྲལ་བས་ཉོན་མོངས་པའི་རྒྱུ་བ་འགགས་ཏེ་ཞི་ཞིང་དུལ་བའི་མཆོག་ཏུ་གྱུར་ཏོ། །

                  འོལ་ཁ་བསམ་གཏན་གླིང་དུ་རྗེ་རིན་པོ་ཆེས་གསང་འདུས་ཀྱི་བསྐྱེད་རྫོགས་གསུངས་ནས་བསྒོམས་པས་གཙོ་འཁོར་ཐམས་ཅད་ལ་གསལ་སྣང་ཐོན། བསྐྱེད་རྫོགས་ཀྱི་གནད་ཟབ་མོ་ཞིག་ལ་ཚོགས་འཁོར་བཤམས།གསེར་གྱི་མཎྜལ་ཕུལ་ནས་ཞུས་པས་གནང༌། བསྐྱེད་རྫོགས་ལ་སྣོད་བཅུད་ཐམས་ཅད་ལ་ཐ་མལ་གྱི་སྣང་ཞེན་བཀག་པ་དེ་དགོས། ངས་ཀྱང་དེ་དུས་ཞག་ཉི་ཤུ་རྩ་དྲུག་ཏུ་སྦྱངས་པས་བྱུང་གསུངས། ཉིན་མཚན་ཁོར་ཡུག་ཏུ་བྱང་སེམས་མཛག་མེད་དུ་བཟུང་བས་སྐུ་ལུས་ལང་ཚོ་དར་ལ་བབ་པ་ལྟ་བུར་དཀར་ལ་དམར་བའི་མདངས་ཆགས་པ་མངའ་བ་བདེ་སྟོང་གི་ཏིང་ངེ་འཛིན་བརྟན་པོ་བརྙེས་པའི་ཡོན་ཏན་དུ་སྣང་ཞིང༌།དགུང་ལོ་བདུན་ཅུ་ལོན་དུས་སུའང༌། ཁྱོད་ཀྱི་ཞལ་གྱི་པདྨ་དང༌། །པདྨ་ཉི་མས་ཁ་བྱེ་བ། །བུང་ནས་མཐོང་ན་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཞེས་གསུངས་པ་ལྟར་ཞལ་རས་ཁ་བའི་གོང་བུ་ལྟར་དཀར་བ་ལ་མཁུར་ཚོས་ཀྱི་རྩེ་ལ་མཚལ་བྱུགས་པ་ལྟ་བུའི་མདངས་དང་ལྡན་ཞིང༌། འབྱོན་བཞུགས་སོགས་ལའང་ཟོར་ཡང་ཞིང༌། སྐུ་ལུས་མདའ་ལྟར་དྲང་ཞིང་སྒུར་ཀྱོག་གི་རྣམ་པ་ཡེ་མི་མངའོ། །དེ་ལྟར་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་ཐོབ་ན་ཆུ་ནང་དུ་ཟླ་བའི་སྣང་བརྙན་འཆར་བ་ལྟར་སངས་རྒྱས་བྱང་སེམས་མང་པོ་རང་གི་ངང་གིས་མཐོང་བ་ཡིན་གསུངས་པ་ལྟར་བླ་མ་རིན་པོ་ཆེ་འདི་ལའང་སྐུ་ཚེ་སྔོན་རོལ་དུ་མ་ནས་རྗེ་བཙུན་འཇམ་དབྱངས་ཀྱིས་འབྲལ་མེད་དུ་རྗེས་སུ་འཛིན་པའི་རྒྱུ་ཚོགས་ཡོད་པ་དང༌། སྐུ་ཚེ་འདིར་ཡང་རྗེ་བཙུན་འཇམ་པའི་དབྱངས་ལ་དད་པ་དང༌། རྗེ་བཙུན་གྱི་སྐུ་རྩེ་གཅིག་ཏུ་བསྒོམས་པའི་ཏིང་ངེ་འཛིན་བརྟན་པོ་ལ་མངའ་བརྙེས་པའི་གནད་ཀྱིས། རྗེ་བཙུན་ལ་ནམ་བཞེད་དུ་མཇལ་ནས་ཐུགས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་མཛད། ཅི་རིགས་ཀྱི་ཉམས་སྣང་ལ་སངས་རྒྱས་བྱང་སེམས་མང་པོ་མཐོང་བ་དང་གསུང་འབྱོན་པ་སོགས་འོང་ཡང་རྨི་ལམ་བཞིན་དུ་འཁྲུལ་སྣང་དུ་སོང་ནས་ཡིད་བརྟན་མི་ཐུབ་པ་ཡིན་པར་སྣང༌། བླ་མ་འདིའི་དེ་རྣམས་ལ་རྗེ་རིན་པོ་ཆེས་ཀྱང་བརྟག་དཔྱད་མང་དུ་མཛད། ཁྱད་པར་ཆོས་ཀྱི་གནད་ཟབ་མོའི་དྲི་བ་མཛད་པ་རྣམས་ཀྱི་ལན་འཕྱུགས་མེད་དུ་འོང་བས་ཐུགས་ཆེས་ནས། ཐེ་ཚོམ་གྱི་དྲི་བ་རྣམས་འདི་པ་ལ་དྲིས་ནས་བཟོད་ཐག་ཆོད་སོགས་མཛད་པ་ཡིན་པར་སྣང༌། རྗེ་རིན་པོ་ཆེ་སྐུ་ཁམས་བསྙེལ་བ་དྭངས་བའི་སྐབས་ཤིག་རྗེ་བཙུན་འཇམ་པའི་དབྱངས་གཟིགས་པས། ད་ཕྱིན་ཆད་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་འབད་ན་རྟོགས་པ་ཁྱད་པར་ཅན་འབྱུང་སློབ་མ་སྐལ་ལྡན་བདུན་ལའང་རྟོགས་པ་ཁྱད་པར་ཅན་སྐྱེའོ་གསུངས་པ་ལ། རྗེའི་ཞལ་ནས་ཉམས་སྣང་ཡིན་ནམ་རྟོགས་ལྡན་པ་ལ་འདྲི་དགོས་དགོངས་པ་ན་བླ་མ་འདི་པས་རྗེ་རིན་པོ་ཆེ་ལ་ད་རྗེ་བཙུན་ལ་བསྐྱར་མ་ཞུ་དགོས་པ་མེད་དེ་ལམ་དེ་ཐུགས་ལ་འཁྲུངས་པའི་རྒྱུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་སྔར་ནས་འཁྲུངས་ཟིན། ད་ཕྱིའི་རྐྱེན་ཞིང་སྐྱེས་ཀྱི་ཕོ་ཉས་གྲོགས་མཛད་པའང་མྱུར་དུ་འོང་བས་ལམ་དེ་མྱུར་དུ་འཁྲུངས་པ་ཞིག་འོང་ཞེས་རྗེ་བཙུན་འཇམ་པའི་དབྱངས་གསུང་ཞུས་པས་ཐུགས་ཆེས་བར་སྣང༌།

                   ཡང་བླ་མ་འདིའི་གསུང་ནས། རྗེའི་དྲུང་དུ་བུད་མེད་མཛེས་མ་གོས་ཡིད་དུ་འོང་བ་གྱོན་པ་ཐང་ཞྭ་དམར་པོ་ལ་ལེབ་གྱོན་བྱས་པ་ཞིག་དུས་རྒྱུན་དུ་འོངས་ཏེ་ལྷའི་རྣམ་པར་མི་འོང༌། དེ་སྣོད་མིན་ལ་སྔགས་ཀྱི་གསང་བ་བསྟན་པའི་སྐྱོན་ཡིན་བར་སྣང༌། ལཱུ་ཧི་པའི་འགྲེལ་པ་འདོད་འཇོ་བརྩམས་ཕྱིན་ཆད་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་རྣམ་པར་འོང༌། གྲོགས་ཁྱད་པར་ཅན་མཛད་པ་ཡིན་པར་སྣང༌། ཏིང་འཛིན་པིར་ལེགས་མ་ལ་སོགས་པའི་མཆོད་གླུ་འདི་ཡང་གདངས་དང་བཅས་དགའ་ལྡན་གྱི་གཙུག་ལག་ཁང་བཞེང་དུས་ལྷ་མོ་རྣམས་ཀྱིས་འཐེན་གྱིན་འདུག་པ་གཟིགས་པ་ཡིན་པར་སྣང་གསུངས། བླ་མ་འདིས་རྗེ་བཙུན་འཇམ་པའི་དབྱངས་ལ་རྗེ་རིན་པོ་ཆེའི་རྣམ་ཐར་ཞུས་པས། རྗེའི་རྣམ་ཐར་བསམ་གྱིས་མི་ཁྱབ་རྣམ་ཐར་གྱི་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་ཆོས་ཟབ་མོ་ཐམས་ཅད་ཐུགས་སུ་ཆུད་ཅིང༌། དངོས་སྟོབས་རིགས་པས་གཞི་ལམ་འབྲས་གསུམ་ཐམས་ཅད་ཐུགས་སུ་ཆུད་པ་འདི་ཡིན། གཟུགས་སྤོབས་ཏིང་ངེ་འཛིན་མངོན་ཤེས་རྫུ་འཕྲུལ་སོགས་ལ་སྐྱེ་བ་དུ་མ་ནས་མངའ་བརྙེས་ཤིང་འཇམ་དབྱངས་ཀྱིས་རྟག་ཏུ་རྗེས་སུ་བཟུང༌། སངས་རྒྱས་དབང་པོའི་ཏོག་གི་དྲུང་དུ་རྡོ་རྗེ་ཐེག་པ་སོགས་བསྟན་པ་མཐའ་དག་རྒྱས་པར་བྱེད་པར་དམ་བཅས། སྨོན་ལམ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དེ་ལྟར་བྱིན་གྱིས་བརླབས། སངས་རྒྱས་སེང་གེའི་ང་རོ་ཞེས་པར་གྱུར་ཏེ་གདུལ་བྱ་ཐམས་ཅད་ཚེ་གཅིག་གིས་སངས་རྒྱས་ལ་འགོད། དེ་ད་ལྟ་ནས་བསྒོམས་ཏེ་དེའི་ཞིང་དུ་སྐྱེ་བའི་སྨོན་ལམ་ལ་བརྩོན་པར་བྱས་ནས་དག་པའི་ཞིང་དེར་སྐྱེས་ནས་སངས་རྒྱས་འགྲུབ་གསུངས། དེར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཇི་ལྟར་གསུངས་པ་ལྟར་རྒྱལ་བ་སེང་གེའི་ང་རོའི་སྐུའི་རྣམ་པ་ཡིད་ལ་བྱས་ཏེ་དད་གུས་ཆེན་པོས་རྩེ་གཅིག་ཏུ་སྒོམ་པ་ལ་བརྩོན་འགྲུས་མཛད་པས་སངས་རྒྱས་སེང་གེའི་ང་རོ་ཞག་བཅུ་གཅིག་གི་བར་ཆེས་གསལ་བ་བྱུང༌། གསོལ་བ་བཏབ་སྨོན་ལམ་འགྲུབ་པའི་རྟགས་བྱུང་གསུངས།

                                                                                                                                  རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།