གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-13 19:01:46     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

112882170715594877.jpg

                     རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་གྲུབ་པས། །མདོ་རྒྱུད་རྒྱ་མཚོའི་དཔལ་ལ་དབང་བསྒྱུར་ཞིང༌། །བློ་བཟང་ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །འཇམ་དཔལ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་མེ་ཕོ་སྤྲེའུའི་ལོ་ལ་སྐུ་འཁྲུངས། སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པར་གྱུར་པས་གཞོན་ནུ་ཉིད་ནས་དམ་པའི་ཆོས་འཚོལ་བའི་ཐུགས་བསམ་ཁོ་ན་བྱུང་ནས །ཟླ་བ་སྒྲོན་མའི་མདོ་ལ་སོགས་པའི་མདོ་དང་བསྟན་བཅོས་མང་པོ་ཐུགས་ལ་བཟུང༌། ཁྱད་པར་ཟླ་བ་སྒྲོན་མའི་མདོ་རྒྱུན་དུ་ཞལ་འདོན་དུ་མཛད། སྔོན་ཡུན་རིང་པོ་ནས་ལམ་ལ་གོམས་པའི་མཐུས་སྐུ་ཚེ་འདིར་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཁས་བླངས་པའི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་བསྲུང་ཞིང༌། དེའི་ཚེ་དམ་པའི་ཆོས་ཁོ་ནས་ཐུགས་དྲངས་པས་དགུང་ལོ་བཅོ་བརྒྱད་ཙམ་ལ་དབུས་སུ་ཕེབས། གྲྭ་ས་རྣམས་སུ་བཞུགས་ན་སོ་སོའི་ལས་ཚན་དང་མི་མང་གིས་གཡེང་དོགས་ནས་དལ་འབྱོར་རྙེད་དཀའ་དང་ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ་རྟག་ཏུ་ངུ་ལྟར་ཆོས་འཚོལ་བའི་འདུན་པ་སྐྱེས་ཏེ་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ལུང་མན་ངག་རྣམས་གསན་ཞིང་ཁྱད་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་མན་ངག་རྣམས་གསན་ནས་ཚེ་མཇུག་བསྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་དགོངས་པ་ནང་མར་བྱུང༌། དེ་ནས་རྗེ་རིན་པོ་ཆེ་བདེ་བ་ཅན་དུ་རྒྱུད་བླ་མ་གསུང་གིན་འདུག་པ་གསན་དུ་བྱོན་པས་ལེགས་པར་གོ་བ་བྱུང་གསུངས།

                   དེ་ནས་རྗེ་རིན་པོ་ཆེས་སྒྲུབ་པ་སྙིང་པོར་བྱེད་པ་ལམ་ཆ་ཚང་ལ་གོ་བ་རྙེད་དགོས། དེ་འོང་བ་ལ་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱངས་ནས་དྲི་མ་མེད་པའི་རིགས་པས་ལམ་དང་ལམ་མིན་འབྱེད་ཐུབ་པ་ཞིག་དགོས་པས་ཚད་མ་ལ་སོགས་པའི་གཞུང་ལུགས་རྣམས་ལ་སློབས་གསུངས་པའི་བཀའ་ཕེབས་པ་ན་རྗེ་རིན་པོ་ཆེའི་བཀའ་ལྟར་སྒྲུབས་ཏེ་གསང་ཕུ་ལ་སོགས་པའི་གྲྭ་ས་མང་པོར་གཞུང་ལུགས་རྣམས་ལ་སྦྱངས་ཏེ་འདྲིས་པར་མཛད་ཅིང༌། ཁྱད་པར་རྗེ་རིན་པོ་ཆེ་ཉིད་ལ་གཞུང་ལུགས་རྣམས་གསན་ཏེ་རིགས་པའི་ལམ་སྲོལ་རྙེད་པར་མཛད། དེ་ལྟར་གཞུང་ཆེན་པོ་རྣམས་ལ་ཐུགས་སྦྱོང་མཐར་ཕྱིན་པར་མཛད་དེ་ད་ནི་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོངས་ནས་སྒོམ་ཁྲིད་རྣམས་བླ་མ་མང་པོ་ལ་གསན་ཞིང་བསྒོམས་ནས་མྱོང་བ་ཐོན་པར་མཛད། ཁྱད་པར་སྐྱོར་མོ་ལུང་དུ་བླ་མ་དབུ་མ་པ་དང་རྗེ་རིན་པོ་ཆེས་འཇམ་དབྱངས་ཆོས་སྐོར་གྱི་བདེ་མཆོག་གནང་བྱུང་བ་བསྒོམས་པས་རྨི་ལམ་དུ་རི་བོ་རྩེ་ལྔ་སོགས་ཡུལ་ཁམས་མང་པོར་བྱོན་པ་སོགས་བྱུང་གསུངས། དེ་ནས་བླ་མ་ཡོན་བཟང་བའི་སར་བཞུགས་དུས་སུ་ད་སྟེ་འཇིག་རྟེན་མི་དང་མི་བསྲེ། སེ་མོ་དོའམ་ཁ་ཆེའི་ཡན་ལག་གན་དྷོ་ལའི་སྒྲུབ་གནས་སུ་ཕྱིན་ལ་ཚེ་དང་བསྒྲུབ་པ་མཉམ་པ་ཞིག་བྱ་དགོངས་པ་བྱུང༌། དེ་དུས་རྗེ་རིན་པོ་ཆེ་ཡང་གཙང་ཕྱོགས་ལ་ཕེབས་བླ་མ་དབུ་མ་པ་དང་མཇལ། རྗེ་བཙུན་གྱི་ཞལ་ཏ་ལ་ཉན་བཤད་ལས་བྱ་བྲལ་གྱིས་གསུང་བ་བྱུང་ནས་དེ་ལ་ཐུགས་ཐག་བཅད། རྗེ་རིན་པོ་ཆེ་སླར་གཙང་ནས་ཕེབས། དེ་དུས་བླ་མ་འདི་པའི་ཐུགས་ལ་རྗེ་རིན་པོ་ཆེ་བྱ་བྲལ་མཛད་ན་རྗེའི་ཕྱག་ཕྱིར་འབྲང་དགོས། དེ་ལས་ལྷག་པ་རང་གཞན་དུ་ཕྱིན་ཡང་མི་འོང་སྙམ་ནས་མཇལ་དུ་བྱོན། ལོ་རྒྱུས་ཞུས་པས། ངེད་ཀྱང་སྒྲུབ་པ་བྱེད་ཁྱེད་རང་ཡང་ལམ་འབྲས་ཀྱི་ཆ་ལག་ལྷག་མ་རྣམས་ཞུས་ལ་ཤོག་གསུངས་པས་དེ་ལྟར་མཛད་ནས་བྱོན་གསུངས། རྗེ་རིན་པོ་ཆེས་བྱ་བྲལ་ལ་འབྱོན་པའི་འཁོར་ཇི་ལྟར་འཐད་རྗེ་བཙུན་ལ་ཞུས་དུས། བླ་མ་འདི་པ་དང་བླ་མ་འཇམ་དཀར་བ། བླ་མ་ཤེས་རབ་གྲགས། བླ་མ་རིན་རྒྱལ་བ། སློབ་དཔོན་བཟང་སྐྱོང༌། བླ་མ་བྱང་སེང་བ། བླ་མ་འཇམ་དཔལ་བཀྲ་ཤིས། དབོན་པོ་དཔལ་སྐྱོང་རྣམས་ཁྲིད་གསུང་བ་བྱུང་འདུག དེ་ནས་དཔོན་སློབ་རྣམས་སྟོད་ལུང་ནས་དྭགས་པོ་ཕྱོགས་ལ་འབྱོན་པར་ཆས། ཆུ་གཞུང་ལ་མཁར་ལྟག་ལ་ལྐོག་བར་དུ་བྱོན།

                    དེ་ནས་འོལ་ཁར་བྱོན་པས་འོལ་ཁ་ཚོང་དཔོན་གྱིས་འགོ་བྱས་ཐམས་ཅད་དད་ནས་ལོ་ཁ་ཡར་བཞུགས་པའི་ཞུ་བ་ཕུལ། ཆོས་ལུང་དུ་རྗེ་རིན་པོ་ཆེས་སྤྱིལ་བོ་ཞིག་ལ་བཞུགས། གཞན་བྱིངས་པོས་བོང་སྤྱིལ་རེ་ལ་བརྟེན་ནས་བཞུགས།དེ་དུས་བཀའ་གདམས་པ་རྣམས་ཀྱི་ཕྱག་ལེན་ལྟར་ལམ་ཐུན་མོང་བ་ལ་གཙོ་བོར་བློ་སྦྱངས་པ་དང༌། སོ་སོ་ཐར་བའི་འདུལ་ཁྲིམས་ལ་གཞི་བྱས་ཐུན་མོང་བ་ནས་རིམ་པས་བརྩེགས་པ་མིན་པ་དང་པོ་ནས་སྔགས་ལ་ཞུགས་ཀྱང་གཉིས་མེད་སེང་གེ་འོང་བར་དགོངས་ནས་སྔགས་ཀྱི་ཡིག་ཆ་དང་ཐང་སྐུ་སོགས་ཀྱང་ཁྱེར་བ་མེད། བླ་མ་འདིས་ལམ་འབྲས་ཞུས་པ་དང་རྗེ་བཙུན་ལ་མོས་པས་ཐང་སྐུ་ཆུང་ཆུང་གཅིག་དང་ལམ་འབྲས་ཀྱི་གཞུང་བཤད་གཅིག་གདན་དྲངས་གཞན་ཡེ་མེད་གསུངས། བླ་མ་དབུ་མ་པས་ཐོག་མར་བླ་མ་འདི་ཉིད་ལ་རྗེ་བཙུན་གྱི་བསྒྲུབ་སྐོར་རྣམས་བྱིན་གསུངས་པས། རྗེ་རིན་པོ་ཆེས་བླ་མ་འདི་ལ་རྗེ་བཙུན་འཇམ་དབྱངས་ཀྱི་སྒྲུབ་སྐོར་རྣམས་རིམ་ཅན་དུ་ཚང་བར་གནང༌། ཇི་ལྟར་གནང་བ་ལྟར་རྩེ་གཅིག་ཏུ་བསྒྲུབ་པ་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་གསལ་ཞིང་བརྟན་པ་ནར་མར་བྱུང༌། ཕྱིས་མགར་ཕུག་ཏུ་གཞན་རྣམས་ལའང་གནང་སྟེ་བསྒྲུབས་པས་བྱིན་རླབས་ཀྱི་མཚན་མ་བྱུང་གསུངས། དེ་དུས་ཞག་བདུན་བདུན་རྗེའི་ཞབས་ཏོག་བྱེད་རེས་བྱས་ཏེ་བླ་མ་འདིའི་རེས་ཤིག་དབུ་མ་པའི་ལུང་བསྟན་བྱུང་ཚུལ་ཐོར་བུ་ཞིག་གནང་བ་འཁོར་གཞན་རྣམས་ལའང་གནང་བར་ཞུ་ཞུས་ནས་གཞན་རྣམས་ཀྱང་བོས། མཆོད་པ་བཤམས་ཏེ་དེ་གསུངས་བར་གསོལ་བ་བཏབ་ནས་གསུངས་པས། ཐམས་ཅད་བློ་འཁུལ་ཏེ་རྗེ་རིན་པོ་ཆེ་དང༌། བླ་མ་འཇམ་དཀར་བ་གཉིས་ལ་བྱིངས་པོས་ཞུ་བ་ཕུལ་ཏེ་དཀའ་ཐུབ་མཛད་དུ་མ་བཅུག གཞན་རྣམས་ཀྱིས་ཤུགས་པའི་དཀའ་ཐུབ་བྱས། དེ་ཡང་ཐོག་མར་བླ་མ་འདི་པས་བརྩམས། ཚུལ་ཁྲིམས་ལ་གུས་པས་རིལ་བུའི་རྟ་སེང་པོས་བྱེད་པ་འདུག་སྟེ་ཆུ་ལ་བྱས། གཞན་རྣམས་ལ་རིལ་བུ་བརྒྱད་ཅུ་ཙམ་རེ་དགོས་པར་འདུག བླ་མ་འདི་ལ་སུམ་ཅུ་ཙམ་རེས་ཆོག་པར་བྱུང༌། སྟག་རྩེ་པས་ཆས་ཀ་ལོངས་ཟེར་ཏེ། དེ་དུས་སྐྱོ་ཤས་ཆེ་དྲགས་པས་མི་དང་སྣང་བ་མི་བསྟུན་ཅི་བྱེད་བསམ་ནས་མ་བླངས་པར་ལོ་གསུམ་ཙམ་ཤུག་འབྲུའི་བཅུད་ལེན་ལ་བརྟེན་གསུངས། དེའི་རྒྱུ་མཚན་གྱིས་བླ་མ་འདི་ལ་ཤུག་འབྲུ་བ་བྱ་བར་གྲགས། དེ་ལྟར་བདག་ཉིད་ཆེན་པོ་འདིས་རྗེ་རིན་པོ་ཆེ་བསྒྲུབ་པའི་མཆོད་པས་མཉེས་པར་མཛད། ཡུན་རིང་དུ་བསྟེན་ནས་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་པའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་མན་ངག་ཞལ་ཤེས་གེགས་སེལ་བོགས་འདོན་དང་བཅས་པ་དང༌། གསང་བདེ་འཇིགས་གསུམ་སོགས་བསྐྱེད་རྫོགས་ཀྱི་ཁྲིད་མན་ངག་ཞལ་ཤེས་གེགས་སེལ་བོགས་འདོན་དང་བཅས་པ་དང༌། ཟབ་ལམ་གཅོད་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པ་དང་ལྷག་པར་དགའ་ལྡན་སྙན་བརྒྱུད་ཀྱི་ལྟ་ཁྲིད་ཆ་ལག་དང་བཅས་པ་སོགས་གདམས་ངག་ཐམས་ཅད་རྫོགས་པར་ཐོབ། ཐེ་ཚོམ་གྱི་དྲྭ་བ་མཐའ་དག་ཆོད་པར་མཛད།

                   རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་དང༌། བླ་མ་འདི་པ་དགའ་ལྡན་གྱི་ལྷ་ཁ་ཤས་བཅས་ལ་མདོ་སྔགས་གཉིས་ཀའི་ལམ་གྱི་གནད་བསྡུས་པའི་སྙན་བརྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་སྤྲུལ་པའི་གླེགས་བམ་ཆེན་མོ་དང་བཅས་པ་གནང་ནས་སྤྲུལ་པའི་གླེགས་བམ་ཆེན་མོ་བླ་མ་འདིའི་ཕྱག་ཏུ་ཕེབས །རྗེ་རིན་པོ་ཆེའི་གདུལ་བྱ་འཕྲིན་ལས་ཐམས་ཅད་ས་འུར་རྡོ་འུར་དུ་རྡོལ་བ་ན་འདི་པས་བསྒྲུབ་པ་རྩེ་གཅིག་པ་ཉིད་ཀྱིས་ཐུགས་དྲངས་ནས། ད་ནི་ང་རང་དབེན་གནས་ཤིག་བཙལ་ནས་བསྒྲུབ་པ་བྱ་དགོངས་ཏེ་མལ་གྲོ་རྒྱལ་སྟང་དུ་ཐོགས་གཅིག་བཞུགས། དེ་ནས་སྤང་ས་མཁན་པོས་གདན་དྲངས་ཏེ། རི་རྩེའི་ཁང་གཅིག་མོར་རེ་ཤིག་བཞུགས་དེ་ནས་སྤང་ས་སྤྱན་སྔས་དབེན་གནས་སེ་བ་རོང་གི་གཟིམ་ཁང་ཕུལ་བས་དེར་བཞུགས་ཏེ་སྤྱན་སྔས་གཙོ་མཛད་སྐལ་ལྡན་རྣམས་ལ་བྱང་ཆུབ་ལམ་གྱི་རིམ་པ་སོགས་ཆོས་མང་དུ་གསུངས། དེ་ནས་དགོངས་པ་ལ་འོན་ཀྱང་འཕགས་པའི་གོ་འཕང་མ་བརྙེས་བར་དུ་ཆོས་འཆད་པ་སོགས་གཞན་ལ་ཕན་ཆུང་ཞིང་སངས་རྒྱས་བསྒྲུབ་པའི་བར་ཆད་ཡིན་པར་དགོངས་ནས་བུག་སྒོ་འདག་སྦྱར་གྱིས་དུས་འདའ་བར་མཛད། གསེར་དང་བོང་བ་སྙོམས་དགྲ་གཉེན་ཉེ་རིང་སྙོམས་ཆོས་བརྒྱད་འགོ་སྙོམས། རྙེད་བཀུར་སྙན་གྲགས་ལ་བལྟ་བའི་འདོད་པ་ངན་པ་རྒྱང་རིང་དུ་དོར་ཏེ་བསམ་གཏན་གྱི་འཁོར་ལོས་དུས་ཡོལ་བར་མཛད་དོ། །

                     དེའི་ཚེ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་སྣང་བ་ཡོད་ཚུལ་སྙན་གྲགས་ཆེས་པས་ཕྱོགས་ནས་མཁས་བཙུན་བཟང་གསུམ་དང་མི་དྲག་ཞན་ཡོ་འོང་ནས་ལུང་བསྟན་ཞུ་བས་ཕལ་མོ་ཆེ་ལ་མཇལ་ཁ་མི་འོང༌། རེ་རེ་ཙམ་མཇལ་དུ་བྱུང་བ་ལའང་དང་པོ་ནས་མཐའ་འགོག་རང་མཛད་དེ་ཡི་དམ་གྱི་ཞལ་གཟིགས་པ་སོགས་ཡེ་མི་མངོན་པར་མཛད།

                                                                                                                                    རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།