འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-05 21:57:55     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

327140103195357364.jpg

                    འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ནི། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ལ་བསམ་ཡས་སུ་སྐུ་འཁྲུངས། རྩེད་ཐང་དུ་རབ་ཏུ་བྱུང་སྟེ་གྲལ་འཛིན་མཛད། གསང་ཕུར་གཉལ་རྒོད་རིན་བསམ་དང༌། ལྡན་མ་དཀོན་མཆོག་སེང་གེ་ལ་ཕར་ཚད། སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་པ་ལ་འདུལ་མངོན། དགེ་ལྡན་དུ་རྗེ་རིན་པོ་ཆེ་ཉིད་ལ་དྲང་ངེས་རྣམ་འབྱེད །རྩ་འཇུག་གི་བཤད་པ། བྱང་ཆུབ་ལམ་རིམ་ཆེ་ཆུང༌། སྔགས་རིམ་ཆེན་མོ། དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པ། བཤད་རྒྱུད་ལྔ། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། རིམ་ལྔ། སྤྱོད་བསྡུས། རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས། བདེ་དགྱེས་ཀྱིས་ཆོས་སྐོར། ཡོ་གའི་སྐོར་སོགས་རྒྱ་ཆེར་གསན་པས་བཀའ་བསྟན་བཅོས་མང་དུ་མཁྱེན་པའི་མཁྱེན་རབ་ལ་སུས་ཀྱང་འགྲན་དུ་མེད་པར་གྲགས། རྗེ་རིན་པོ་ཆེ་ཉིད་ཀྱིས་མཁན་པོ། འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་ཆོས་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས།

                    རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཆོས་རྗེ་འདི་པ་དང༌། ཆོས་རྒྱལ་ནམ་མཁའ་བཟང་པོ་མཆོད་ཡོན་གཉིས་ལ་ཆོས་སྡེ་འདེབས་དགོས་པའི་བཀའ་སྔ་ཕྱིར་ཕེབས་པ་དང༌། ཆོས་རྗེ་པའི་མནལ་ལམ་དུའང་ལྷ་གནམ་ཐེ་དཀར་པོ་ཡིན་ཟེར་བ་ཞིག་གིས་དགོན་པའི་ས་ཡུལ་བསྟན་ཏེ་འདིར་ཁྱོད་ཀྱིས་དགོན་པ་ཞིག་ཐོབ། ངས་བཙུན་པ་སྟོང་ཕྲག་ལྔ་འབུལ་ཟེར།དེ་ཀའི་མོད་ལ་དན་འབག་མདའ་ནས་ཡར་བྱོན་པས་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར་བའི་རྫིང་བུ་མང་པོ་འདུག་པ་གཟིགས་ཤིང་ཁྱད་པར་གླང་ཆེན་རི་གདོང་དུ་རྫིང་བུ་མང་པོའི་འགྲམ་ན་རྗེ་རིན་པོ་ཆེ་བཞུགས་ནས་འདི་རྣམས་ཐོས་བསམ་གྱི་རྫིང་བུ་ཡིན་པས་ཐུངས་གསུངས་པ་སོགས་ཀྱི་ལྟས་ཡ་མཚན་ཅན་བྱུང་ཞིང་ཕྱི་ནང་གི་རྟེན་འབྲེལ་འགྲིག་པ་ན། རང་ཉིད་ཀྱི་དགུང་ལོ་སོ་བརྒྱད་པ་མེ་ཕོ་སྤྲེའུའི་ལོ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་བཏབ། ཆོས་རྗེ་རང་གདན་སར་བཞུགས་ནས་གྲྭ་ཚང་སོ་སོར་སློབ་དཔོན་བསྐོ་བ་མཛད་ཅིང༌། གཞིས་ཁ་སྣེའུ་ནས་ལོ་ལོ་བཞིན་སྨོན་ལམ་ཆེན་མོ་དང་གདུགས་དཀར་འཛུགས་པ། དབྱར་ཚུལ་དགུན་ཚུལ་ལྟར་ཆགས་པ། གཟིམ་ཁང་དང་འཆད་ཉན་ཁང་ཚོར་ན་བཟའ་གསོལ་ཆས་ནམ་དགོས་སུ་ཕུལ་བ་ལས་དགོན་པ་མ་བས་བུ་དགའ་བ་འོང་བར་ལུང་བསྟན་པ་ལྟར་གྲྭ་ཚོགས་བཅའ་ཁྲིམས་བཤད་ཉན་སོགས་ཕུན་ཚོགས་མཐའ་དག་གོང་ནས་གོང་དུ་འཕེལ་བར་གྱུར། ཆོས་ནམ་ཚུགས་སུ་མདོ་ཕྱོགས་ཀྱི་པོ་ཏི་བརྒྱད་བརྒྱད་རང་རང་གི་འགྲེལ་པ་བོད་ཊཱིཀ་རེ་དང་སྦྱར་ནས་གསུངས་པ་གནང་ཞིང༌། སྤྱིར་ན་གཞུང་ལུགས་ཀྱི་པོ་ཏི་ཆེན་མོ་བརྒྱ་དང་སུམ་ཅུ་ལ་ཐུགས་བཤད་མཛད། གསང་འདུས་འཕགས་ལུགས། བདེ་མཆོག་ལཱུ་ནག་དྲིལ་གསུམ། དགྱེས་རྡོར། དགྲ་འཇིགས་གཤེད་གསུམ། མི་གཡོ་བ། སྒྲོལ་མ་སོགས་ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་རྒྱུན་དུ་མཛད་པ་དང༌། ཞག་རེ་ལ་ཨ་ར་པ་ཙ་ན་ཚར་སྟོང་ཕྲག་གཉིས་རེ་དང༌། མཚན་བརྗོད་ཚར་གསུམ་རེ། ཐུགས་རྗེ་ཆེན་པོའི་གཟུངས་ཡིག་དྲུག་ཁྲི་ཚོ་རེ་བཟླ་བ་འཆག་མེད་དུ་མཛད་པས་ཕྱིས་དུང་ཕྱུར་གཉིས་ལྷག་པར་ལོངས། མཚན་ཉིད་པ་གཅིག་ལ་མ་ཎི་སོང་བ་ང་མང་ཞེས་གསུངས། དེ་ལྟར་ལྷའི་བསྙེན་སྒྲུབ་ལ་འགྲུས་པར་མཛད་པས་དབུས་ན་རྗེ་བཙུན་འཇམ་དབྱངས། གཡས་ན་མགོན་པོ་ཀླུ་སྒྲུབ། གཡོན་ན་ཞི་བ་འཚོ། མདུན་ན་རྗེ་རིན་པོ་ཆེ་ངོ་ཆེན་གྱི་རྣམ་པ་ཅན་དུ་འཁོད་པ་ཞིག་གི་གཟིགས་སྣང་དངོས་སུ་རྒྱུན་མར་འབྱུང་བ་དང༌། མནལ་ལམ་དུ་འཕགས་པ་ཀླུ་སྒྲུབ་གཙོ་འཁོར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ། རྗེ་རིན་པོ་ཆེ།ཡེ་ཤེས་མགོན་པོ་ཕྱག་དྲུག་པ། ལྕམ་དྲལ། རྒྱལ་ཆེན་བཞི་སོགས་ཀྱིས་རྗེས་སུ་བཟུང་བའི་མཚན་མ་བྱུང་བ་སོགས་བསམ་གྱིས་མི་ཁྱབ་བོ། །རྗེ་རིན་པོ་ཆེའི་མན་ངག་ལྟར་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པར་མཛད་པས་བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་ཟབ་མོ་ཐུགས་རྒྱུད་ལ་མངའ་བས། རླུང་འོད་ཟེར་ལྔ་པའི་ཁ་དོག་གསལ་བར་གཟིགས་པ་སོགས་སྒྱུ་ལུས་འགྲུབ་པའི་མཚན་མ་ཐོབ་སྟེ། རྒྱུད་དང་གྲུབ་ཆེན་གྱི་གཞུང་ཤེས་པ་ཞིག་གིས་བལྟས་ན་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །

                   འཕྲལ་གྱི་མཛད་སྤྱོད་ཀྱང་ཕྱག་ཏུ་བྱུང་བའི་དངོས་པོ་རྣམས་ཆ་གསུམ་དུ་བགོས་ནས་ཆ་གཅིག་གིས་ཕྱག་དཔེ་དང་རྟེན་གསུམ་བཞེངས། ཆ་གཅིག་གིས་ནད་པ་རྣམས་ཀྱི་ཕྱིར་དུ་སྨན་སྦྱིན་མཛད། ཆ་གཅིག་གིས་གཟིམ་ཁང་གི་ཐབ་སྤྱོད་དང་སློབ་མ་སྐྱོང་བར་མཛད་དོ། །དེ་ནས་དགུང་ལོ་བདུན་ཅུ་པ་ས་འབྲུག་གི་དགུན་ཆོས་ཀྱི་མཇུག་ལ། རྩེ་ཁ་བས་གདན་དྲངས་ནས་ཞག་ཤས་བཞུགས། སླར་འབྲས་སྤུངས་སུ་ཕེབས་ནས་བསླབ་བཏུས་ཀྱི་བརྩོན་འགྲུས་ལེའུའི་མཇུག་ཆོས་ཐུན་གཉིས་ཀྱིས་རྫོགས་པར་མཛད་ལ། དེ་ནི་བརྩོན་འགྲུས་མཐར་ཕྱིན་ཞེས་པའི་དོན་ཏེ། སྐུ་ཚེ་དེ་ལ་འབྲས་སྤུངས་སུ་ཆོས་འཁོར་བསྐོར་བའི་ཐ་མར་བྱུང་སྣང༌། དུས་དེ་ནས་སྐུ་ཅུང་ཟད་བསྙུན་པས་ཕེབས་བཞུགས་དཀའ་བར་ཡོད་ནའང་བསྟན་པ་དང་སེམས་ཅན་ལ་དགོངས་ཏེ་རིམ་པས་གཞིས་ཁར་ལོ་གསར་དང་ལྷ་སར་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས་ནས་ཇོ་བོ་རྣམ་གཉིས་དང༌། བཅུ་གཅིག་ཞལ་སོགས་མཇལ་དུས་ད་ལན་མིན་པ་ཨེ་མཇལ་མི་ཤེས་གསུངས། ཐུགས་མདུན་དྲག་པོའི་སྒོ་ནས་སྨོན་ལམ་དཔག་ཏུ་མེད་པ་མཛད། འབྲས་སྤུངས་ལ་ཕེབས་ཞོར་པོ་ཏ་ལར་ཞག་གསུམ་བཞུགས། ནང་སོ་དང་ཡོན་མཆོད་བཞུགས་གདན་ལ་འཁོད་དུས་ཤིག ཆོས་རྗེའི་ཞལ་ནས། རྗེ་བཙུན་གྲགས་པའི་མངོན་རྟོགས་ལྗོན་ཤིང་དུ། །འདི་དག་སྟོན་པའི་བླ་མའི་བཀའ་དྲིན་ནི། །དྲན་པའི་ཚེ་ན་དད་པས་མཆི་མ་ལྷུང༌། །ཞེས་གསུངས་ཏེ་རྗེ་རྣམ་གཉིས་ཀྱི་ཐུགས་རྒྱུད་ནི་མི་ཤེས། གསུང་རབ་ནི་རིམ་ལྔ་གསལ་སྒྲོན་ཉིད་ཟླ་དང་བྲལ་བས་མཆི་མ་ལྷུང་ན་འདི་ལ་ལྷུང་རྒྱུ་ཡིན་ཏེ་ད་ལེགས་པར་འཆད་པ་དཀོན།བསྟན་པའི་མཇུག་མ་རྣམ་དག་ཅིག་འདུག་སྟེ་འཇུ་མཁན་མི་འདུག ད་ངེད་རང་གི་ཁ་སྟབས་ནི་འདི་ལྟར་སོང༌། གསུངས་ནས་གསུང་འདར། སྤྱན་ཆབ་མང་པོ་མཛད་པས་ནང་སོ་དཔོན་བློན་ཡང་སྤྱན་ཆབ་མང་པོ་ལྷུང་བར་སྣང༌། འབྲས་སྤུངས་སུ་ཕེབས་ནས་ནང་སོ་དཔོན་བློན་དང་གྲྭ་བུ་སློབ་རྣམས་ཀྱིས་ཟླ་བ་སྦྲེལ་ནས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང་ཞབས་པད་བརྟན་དགོས་པའི་ཞུ་བ་ཕུལ་བ་ན་ཉིད་ཀྱི་ཞལ་ནས། མདངས་རྗེ་པོ་ཆེ་ཕེབས་ནས་ངེད་རང་གཉིས་རྒྱ་ནག་ཏུ་འགྲོ་རི་བོ་རྩེ་ལྔར་བསྒྲུབ་པ་བྱེད་གསུངས་པས། ད་རྗེ་རིན་པོ་ཆེ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གསུང་གིན་བཞུགས་ཞུས་དང་གསུངས་ནས་ཕྱག་ཐལ་མོ་སྦྱར།སྤྱན་ཆབ་མང་པོའང་མཛད་དོ། །

                    དེ་ནས་ཧོར་ཟླ་གཉིས་པའི་མཇུག་ལ་ནུབ་ཅིག་མནལ་ལམ་དུ་རྗེ་རིན་པོ་ཆེ་ཕེབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་དྲིལ་ཡིན་གསུངས་བ་ཞིག་གནང༌། ད་ཁྱོད་ངོ་གཉིས་སྡོད་གསུང་བ་ཞིག་རྨིས་པ་དྲུང་འཁོར་བ་རྣམས་ལ་གསུངས་པས། ཁོང་རྣམས་ཟླ་བ་དང་ལོ་གང་ཡིན་ལ་མ་དྲན་ཡང་དོན་ལ་ཟླ་བ་ཡིན་སྣང༌། དེ་ནས་མྱ་ངན་ལས་འདའ་བའི་ལྟས་བྱུང་བ་ན་གཟིམ་ཆུང་དུ་ཕེབས་ཏེ་ཞབས་གཉིས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་ནས་ཐུགས་དམ་ལ་ཐུགས་གཏད་པས་སྐུ་སྨད་ནས་དྲོད་ཡར་ལ་རིམ་གྱིས་སྡུད་པའི་ཚེ་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་བྲིས་སྐུ་དེ་སྐུ་མདུན་དུ་སྤྱན་དྲངས། རྗེ་བཙུན་ཕེབས་ཡོད་ལགས་ཞུས་པས་སྤྱན་གྱིས་ནི་མ་གཟིགས། དབུ་དུད་པ་ཞིག་མཛད། ཅུང་ཞིག་ལོན་པ་ན་ད་མི་དགོངས་པར་འདུག་སྙམ་ནས་བྲིས་སྐུ་དེ་སྐུ་རྒྱབ་གཡོན་ཕྱོགས་སུ་གདན་དྲངས་པས་ཇི་ལྟར་སྤྱན་དྲངས་པ་ལྟར་བྲིས་སྐུ་ལ་སྤྱན་གདངས་ཏེ་ཨོག་སྐོ་སྐུ་དཔུང་གཡོན་པའི་སྟེང་དུ་བཞག་ནས་ཞག་འགའ་བཞུགས་པས་ཕལ་ཆེར་གྱིས་སྐུའི་གཟི་མདངས་ལ་དཔགས་ནས་འཁྲུལ་པའང་སྐྱེས། དེ་ནས་ས་མོ་སྦྲུལ་ལོ་དེའི་ཟླ་བ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ལ་དགའ་ལྡན་ཆོས་ཀྱི་ཕོ་བྲང་མི་ཕམ་རྒྱལ་བའི་མདུན་སར་རྗེ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་སོ། 

                   ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་རྗེའི་དགོངས་པ་གསལ་བར་མཛད་པའི་བརྩམས་ཆོས་ཀྱང་རྗེ་ཐམས་ཅད་མཁྱེན་པའི་གསང་བའི་རྣམ་ཐར་གསོལ་འདེབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཚང་ལ་མ་ནོར་བ་ལས་དང་པོ་པས་ཉམས་སུ་བླང་བདེ་བ། རྗེས་རྭ་སྒྲེང་དུ་བསླབ་བཏུས་གསུངས་པའི་ཟིན་བྲིས།ཟབ་ལམ་གཏུམ་མོའི་གཞུང་ཁྲིད། ཉིད་ཀྱི་རྒྱུན་གྱི་ཁ་ཏོན་མཛད་རྒྱུར་འཇམ་དབྱངས་ལ་བསྟོད་པ། དུས་འཁོར་རྒྱུད་འགྲེལ་གྱི་བརྡ་ཆད། བདེ་མཆོག་ཉུང་ངུའི་རྒྱུད་ལ་ལེའུ་ང་གཅིག་ཡོད་པའི་ལེའུ་དང་པོའི་རྒྱུད་དོན་མདོར་བསྟན། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ཁྲིད་ཡིག་ལ་མི་གསལ་བ་རྣམས་བརྗེད་བྱང་བྲིས་པ། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག གསང་འདུས་རིམ་ལྔ་གསལ་སྒྲོན་གྱི་སྐབས་སུ་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པ་ལ་སོགས་པ་མང་དུ་ཡོད་དོ། །འཇམ་དབྱངས་ཆོས་རྗེ་ཞིང་གཤེགས་པ་དེའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་བ་ལ་འཇའ་དཀར་པོ་དང༌། ཁ་དོག་སྣ་ལྔའི་གུར་ལྕགས་སྒྲོག་ལྟར་འབྲེལ་བ།འབྲས་སྤུངས་ནས་དགེ་ལྡན་གྱི་བར་ལ་ཤར་བ་དང༌། ལྷའི་མེ་ཏོག་གི་ཆར་མང་དུ་བབས་པ་སོགས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བྱུང་ངོ༌། །སྐུ་གདུང་ནི་བཤད་གྲྭ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་དངུལ་གྱི་མཆོད་རྟེན་ནང་ན་མ་ཉམས་པར་བཞུགས་ཏེ་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཙུག་ལག་ཁང་ན་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།། །།

                                                                                                                                རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།