ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-05 21:54:52     རྩོམ་པ་པོ།   ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།     ཀློག་ཐེངས།  

97058295108396316.jpg

                   རྗེའི་ཐུགས་སྲས་ཚ་ཁོ་དབོན་པོར་གྲགས་པ་མཁན་ཆེན་ངག་དབང་གྲགས་པ་ནི། རྒྱལ་མོ་རོང་དུ་ཚ་ཁོ་རྒྱལ་པོའི་རིགས་སུ་འཁྲུངས།དབུས་གཙང་དུ་བྱོན་ཏེ་རྗེ་བདག་ཉིད་ཆེན་པོ་སོགས་མཁས་པ་དུ་མའི་ཞབས་པད་བསྟེན་ནས། སྡེ་སྣོད་དང་རྒྱུད་སྡེ་ལ་སྦྱངས་པས་མཁས་པའི་གོ་འཕང་བརྙེས། རྗེ་རིན་པོ་ཆེ་ལས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང༌། ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་ཁྲིད་གསན་ཏེ་མྱོང་བ་ཐོན་པར་མཛད། རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུང་རབ་ཐམས་ཅད་ཀྱི་དོན་ལམ་གྱི་གཙོ་བོ་རྣམ་པ་གསུམ་དུ་བསྡུས་ནས་འདོམས་པར་མཛད་པའི་མན་ངག་གི་རྩ་ཚིག་བཀའ་འབུམ་ཐོར་བུར་བཞུགས་པ་འདི་ཡང་རྒྱལ་སྲས་འདིའི་དོན་དུ་རྗེ་རིན་པོ་ཆེས་ཡི་གེར་འགོད་པར་མཛད། རྩ་ཚིག་དེའི་མཇུག་ཏུ།དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།།དབེན་པ་བསྟེན་ལ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་རྒྱལ་སྲས་འདི་ལ་ཐུགས་ཤིན་ཏུ་མཉེས་པའི་གསུང་ཡང་བྱོན་ནོ། །

                    རྗེ་རིན་པོ་ཆེ་ལ་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བཞེས་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོ་ཐུགས་རྒྱུད་ལ་འཁྲུངས། རྒྱལ་སྲས་འདིས་རྗེ་རིན་པོ་ཆེ་དཀའ་བཞིའི་གྲྭ་སྐོར་མཛད་པའི་སྐབས་ནས་བཟུང་ཞབས་འབྲིང་པ་རྒྱུན་རིང་དུ་མཛད་དེ། མཉེས་པ་གསུམ་གྱིས་མཉེས་པར་མཛད་ཅིང༌།རྗེ་རིན་པོ་ཆེ་དང་རྒྱལ་སྲས་འདི་གཉིས་ཀྱིས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་མདུན་དུ་སྨྱུང་གནས་མང་དུ་མཛད་ཅིང༌། དེའི་ཚེ་དཔོན་སློབ་གཉིས་ཀས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་པས།རྒྱལ་སྲས་འདི་ལ་སྐུ་ཚེའི་མཇུག་ལ་འཕྲིན་ལས་རྒྱ་ཆེན་པོ་ཡོང་བའི་མཚན་ལྟས་ཤར། དེ་ནས་རྗེ་རིན་པོ་ཆེས་ཀྱང་གནང་བ་ཁྲོལ་ཏེ། རྒྱས་སྲས་འདིས་མདོ་སྨད་དུ་བྱོན་ནས་རྗེ་བླ་མའི་རིང་ལུགས་འཛིན་པའི་དགོན་སྡེ་མང་དུ་བཙུགས་ཏེ། ཇ་ཕུ་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་ཟེར་བའི་དགོན་པ་དང༌། ཇ་ཕུའི་སྐེད་ན་བ་མགོ་དགོན་པ། ཇ་ཕུའི་སྨད་ན་སུམ་མདོ་དགོན་པ་དང༌། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོའི་དགོན་ཟེར་བ་རྣམས་བཏབ། གཞན་ཡང་དགོན་པ་བརྒྱ་རྩ་བརྒྱད་བཏབ་པར་གྲགས མཁན་ཆེན་འདི་ལ་རྗེ་བདག་ཉིད་ཆེན་པོ་ཐུགས་ཤིན་ཏུ་དགྱེས་པ་ཞིག་སྟེ། ཆབ་ཤོག་ལས། ཁོ་བོསསྨྲས་པའི་རྗེས་སུ་ཞུགས་ཤིག་དང༌། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་འཚང་རྒྱ་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་གསུངས་སོ། །

                   རྗེ་རིན་པོ་ཆེ་བྱ་བྲལ་ལ་ཕེབས་སྐབས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པའི་འཁོར་དག་པ་རྣམ་བརྒྱད་ནི། བླ་མ་འཇམ་དཀར་བ་ཞེས་གྲགས་པ་འཇམ་དཔལ་ཆོས་བཟང༌། གནས་བརྟན་བཟང་སྐྱོང་བ། གནས་བརྟན་རིན་ཆེན་རྒྱལ་མཚན། །གནས་རྟེན་བྱང་སེང་བ། བླ་མ་འཇམ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་རྣམས་སོ། །བདག་ཉིད་ཆེན་པོ་འདི་དག་ནི་སྔོན་ཡུན་རིང་པོ་ནས་རྗེ་རིན་པོ་ཆེས་རྗེས་སུ་བཟུང་བ། སྨོན་ལམ་སྟབས་གཅིག་ཏུ་མཛད་པ། སྲིད་པ་མཐའ་དག་མེ་འབར་བའི་རླུབས་ལྟར་མཐོང་སྟེ་འཁོར་བའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་པ། རང་དོན་དུ་ཞི་བདེའི་གོ་འཕང་ལའང་མི་སྨོན་པ་ཐུགས་བྱམས་པ་དང་སྙིང་རྗེའི་གཞན་དབང་དུ་གྱུར་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་སློབ་པ་ལ་ཞུམ་པ་མེད་པ། སྲིད་གསུམ་དྲི་ཟའི་གྲོང་ཁྱེར་ལྟར་གཟིགས་ཏེ་བདག་ལྟའི་བུད་ཤིང་ཡེ་ཤེས་ཀྱི་མེས་བསྲེགས་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བ། ཕྱི་ནང་གི་རྒྱུ་རྐྱེན་ཐམས་ཅད་ཚང་བས་སྐད་ཅིག་རེ་རེར་ཡང་ས་ལམ་གྱི་བགྲོད་པ་གོང་འཕེལ་དུ་འབྱོན་པ། རྗེ་རིན་པོ་ཆེའི་བསྟན་པ་མཛེས་པའི་རྒྱན་དུ་ཆེ་བ། རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་པ་ཞིག་གོ །འདི་དག་སོ་སོར་གང་དུ་འཁྲུངས་པ་དང༌། སྐུ་ཚེ་ཧྲིལ་པོའི་མཛད་པ་ཇི་ལྟར་ཡིན་པ་རྣམས་ཞིབ་ཏུ་བྲིས་ན་ཡི་གེའི་ཁུར་ཆེ་བར་འགྱུར་བས་མ་བཀོད་ལ།བླ་མ་འཇམ་དཔལ་རྒྱ་མཚོ་བ་ནི། ལམ་རིམ་བརྒྱུད་པར་བཞུགས་པས་དེའི་རྣམ་ཐར་ནི་འོག་ཏུ་འཆད་དོ།། །།

                                                                                                                                           རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།